གཙང་པ་རྒྱལ་པོའི་དུས་རབས།(3)
ཐུན་བསྟན་ཕུན་ཚོགས། ཁམས་པའི་ཉིན་རེའི་ཚགས་པར་ལས་དྲངས། 2010-10-14
སེམས་ཅན་ལ་བདེ་བའི་གོ་སྐབས་མེད་པའི་སྐབས་དེར་སྔོན་གྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་བོད་ཀྱི་སེམས་ཅན་ལ་ཐུགས་བརྩེའི་དགོངས་པ་ཟབ་མོ་ཆོས་དབྱིངས་རྒྱ་མཚོའི་ཀློང་ནས་ཡེ་ཤེས་ཆེན་པོའི་གཟིགས་པ་དགོས་འདོད་ཡིད་བཞིན་ནོར་བུའི་འོད་ཟེར་འཕྲོས་ཏེ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་མཛད་པ་ལས་གཙང་སྟོད་རྒྱལ་པོའི་ཆབ་སྲིད་ཀྱི་རྟེན་འབྲེལ་རང་བཞིན་ལྷུན་གྱིས་གྲུབ་སྟེ། ཕྱི་དར་གྱི་དབུ་ཚུགས་པ་ཡིན་ཞིང་རྒྱལ་རབས་འདི་ཉིད་ཀྱི་སྐུ་རུས་ནི་ཁྲི་སྲོང་ལྡེའུ་བཙན་ཡབ་སྲས་ཀྱི་སྐུ་རིང་ལ་རྡོ་རྗེ་ཐེག་པ་ལ་གྲུབ་པ་བརྙེས་པའི་སྐྱེས་ཆེན་དམ་པ་མང་དུ་བྱོན་པའི་ནང་ནས་གཉགས་ཀུ་མ་ར་ཞེས་པ་དེ་ཉིད་ཀྱི་ལོ་རྒྱུས་ཞིབ་པ་ཡིག་ཚང་ལ་གསལ་ཞིང༌། དེའི་གདུང་རབས་སུ་སྐྱེས་བུ་དམ་པའི་རིགས་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་མཛད་པ་དང༌། ཆོས་བཞིན་སྐྱོང་བའི་རྒྱལ་པོ་དང༌། ཡང་ཀུ་སུ་ལུའི་ཚུལ་དང་སྦས་པའི་ཚུལ་སོགས་དོན་དུ་སྐྱེ་བོ་དཀྱུས་མ་མིན་པའི་གདུང་རབས་ཀྱི་ཕྲེང་བ་རིགས་རུས་དང༌། ཆོ་འབྲང་མ་ཉམས་ཤིང་རྒྱུད་ཀྱི་ལྷ་འགོ་བ་རིམ་བཞིན་ཟམ་མ་འཆད་པར་བྱོན་པའི་ནང་ནས་གནམ་བསྐོས་ལྷའི་བུ་ཞིང་ཤག་ཚེ་བརྟན་རྡོ་རྗེ་ཞེས་བསོད་ནམས་ཀྱི་མངོན་པར་མཐོ་བ་འདི་ཉིད་ལས་རིམ་པར་བརྒྱུད་པའི་ལྷ་དང༌། གེ་སར་དང༌། ཀརྨ་པའི་ཆོས་སྐྱོང་སོགས་ཀྱི་སྤྲུལ་པའི་མི་ཕོ་རྣམས་བྱོན་ཞིང༌། དེ་དག་གི་ཞི་རྒྱས་དབང་དྲག་གི་རྣམ་ཐར་དང་སྤྲུལ་པ་བསྐྱེད་པ་བསམ་གྱིས་མི་ཁྱབ་པ། བརྗོད་ཀྱི་མི་ལང་པ་འདུག་ཀྱང་འབྲི་བར་མ་ལང་ཞིང་ཟུར་ཙམ་ཞིག་བརྗོད་པ་ལས། གནམ་སྦྱིན་མིའི་དབང་པོ་ཞིང་ཤག་ཚེ་བརྟན་རྡོ་རྗེ་དེ་ཉིད་ལ། རྒྱལ་བ་ཀརྨ་མི་སྐྱོད་རྡོ་རྗེ་དང༌། རྗེ་བཙུན་དམ་པ་ཀུན་དགའ་གྲོལ་མཆོག་གིས་དབུས་གཙང་མངའ་བསྒྱུར་བར་ལུང་བསྟན་ནས་མཚན་དོན་གྱི་དབུ་བརྙེས་ལ། དེ་ལ་སྲས་དགུ་ཙམ་ཞིག་བྱུང་བ་ལས་ཡོངས་སུ་གྲགས་པ་བོད་ཆོས་རྒྱལ་གྱི་སྤྲུལ་པ་ཀརྨ་མཐུ་སྟོབས་རྣམ་རྒྱལ་དང༌། བེར་ནག་ཅན་གྱི་སྤྲུལ་པ་ཀུན་སྤངས་ལྷ་དབང་རྡོ་རྗེ། གེ་སར་གྱི་སྤྲུལ་པ་ཀརྨ་བསྟན་སྲུང་དབང་པོ་གསུམ་བྱུང་བ་ལས་སྤྲུལ་པའི་དབང་པོ་འདི་གསུམ་གྱིས་གཙང་སྟོད་དུ་གཞན་ཕྱོགས་མ་རུངས་པ་ཚར་བཅད། སྒར་ཆེན་ཀརྨ་པ་ཡབ་སྲས་སྤྱན་དྲངས་ནས་འབུལ་ཞབས་དབུས་གཙང་གི་རང་སྲིད་ཆེ་ཆུང་རྣམས་ལ་ཁུར་སྐྱོང་གནང་བ་སོགས་ཞི་རྒྱས་དབང་དྲག་གི་རྣམ་ཐར་བསམ་གྱིས་མི་ཁྱབ་པའི་ལོ་རྒྱུས་གེ་སར་གྱི་སྒྲུང་དང་མཚུངས་པར་འདུག་ཀྱང་འབྲི་མ་ནུས། འདི་གསུམ་གྱི་སྐུ་དྲིན་ལས་མཚན་དོན་གྱི་གཞི་ཚུགས། དེ་གསུམ་གྱི་སྲས་ཀརྨ་ཕུན་ཚོགས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཞེས་ཧོར་སོག་ཕས་ཀྱི་རྒོལ་བ་ཚར་གཅོད་པ་ལ་ཨུ་རྒྱན་པངའི་སྤྲུལ་པ་བཞིན་ཉི་ཟླ་ལྟར་གྲགས་པ་དེ་ཉིད་མེ་ཁྱིའི་སྤྱི་ལོ་1586ལོ་ལ་རྒྱལ་ཁབ་བསམ་འགྲུབ་རྩེར་སྐུ་བལྟམས། མ་མའི་ཚོགས་ཀྱིས་སྐུའི་བསྐྱེད་བསྲིངས། སྐུ་ཆུང་ངུ་ནས་ཐུགས་སྒམ་ཞིང་མཁྱེན་པ་རྒྱས་པ་མིའི་དབང་པོར་གྱུར་པ་ཞིག་ལགས་ཤིང༌། སྐུ་གཞོན་ནུ་ནས་ཡབ་ཡུམ་གནམ་གྱི་གུང་སྐས་ལ་གཤེགས། དགུང་ལོ་ཉི་ཤུ་རྩ་ལྔ་ལ་དམག་དཔུང་ཡན་ལག་བརྒྱད་ལྡན་དང་བཅས་ཏེ་དབུས་སུ་ཕེབས། ཡར་རྒྱབ་དཔོན་ཆེན་སོགས་གཞན་ཕྱོགས་ཚར་བཅད། དབུས་ལྷོ་བརྒྱུད་རང་ཞབས་སུ་བཅུགདེ་ནས་དབུས་གཙང་གི་རྒྱལ་ཕྲན་གདུག་རྩུབ་ཅན་རྣམས་ཚར་བཅད། བཀའ་ཁྲིམས་བཟང་པོས་རྒན་མོ་གསེར་ཁུར་གྱི་དུས་འཇམ་དར་ཡུག་གཅིག་ཏུ་བརྐྱངསདེ་ནས་ས་ཕོ་རྟའི་ལོར་སྤྱི་ལོ1618ཧོར་སོག་ཀླ་ཀློའི་དམག་ཚན་པོ་ཆེ་བོད་དུ་ལུད། བྱང་ཁམས་ཐམས་ཅད་དམག་གིས་བཅོམ། ལྷ་ས་གཙུག་ལག་ཁང་ཡང་ཧོར་སོག་གིས་བཟུང་ནས་རྒྱ་གར་གྱི་ཛོ་ཀིམདོ་ཁམས་བྱར་དྭགས་ཀོང་གསུམ་དབུས་གཙང་སོགས་དད་ཆེན་གནས་སྐོར་པ་རྣམས་ཀྱང་ཇོ་བོ་ཤཱཀྱ་ལ་གསོལ་བ་རྒྱང་ནས་འདེབས་པ་མ་གཏོགས་སྐོར་བ་སྨོན་ལམ་སོགས་དགེ་བའི་ལས་རྣམས་བགྱིད་མ་ཐུབ། ཤར་གྱི་ཇ་ལའི་འགྲུལ་གྱི་གསེར་ཟམ་ཡང་ཆད་པ་སོགས་དུས་ཤིན་ཏུ་མ་བདེ་བའི་མི་ཐམས་ཅད་ཨོ་རྒྱན་གྱི་སྦས་ལུང་འབྲས་མོ་གཤོངས་ཀྱི་གནས་སྒོ་སྒུག་པ་ལས་ཐབས་མ་རྙེད་པའི་སྐབས། ས་སྐྱོང་མིའི་དབང་པོ་ཕུན་ཚོགས་རྣམ་པར་རྒྱལ་བས་ཕས་ཀྱི་རྒོལ་བ་ཚར་གཅོད་པའི་གཡུལ་ཆེན་པོ་བཤམས་ཏེ་དཔུང་ཚོགས་ཡན་ལག་བརྒྱད་ལྡན་སྟོད་ལུང་མདར་ཕབ། ལྷའི་དམག་ཚོགས་ས་ལ་འཕོས་པ་ལྟ་བུའི་གཟི་བརྗིད་ཀྱིས་མཐའ་དམག་རྣམས་ཚར་བཅད། དབུས་གཙང་རུ་བཞི། མདོ་ཁམས་སྒང་དྲུག ལྷོ་མོན་ཁ་བཞི་སོགས་མདོར་ན་སྟོད་ཛཱ་ཏི་དབྱུག་པས་བརྡུངས་ས་ནས། སྨད་རྒྱ་མོ་དར་ཟབ་འཐག་ས་ཡན་རང་ཞབས་སུ་བཅུགགཞིས་ཀ་བསམ་འགྲུབ་རྩེས་གཙོས་པའི་རྫོང་ཆེན་བཅུ་བཞི། སའི་མེ་བཙའ་གནོན་པའི་རྫོང་ཕྲན་སོགས་ཞལ་འཛིན་གྱིས་སྐྱོང་བ་རྣམས་མ་གཏོགས། རྫོང་ས་བཙན་གྱི་རིགས་རྣམས་མ་འོངས་པར་དུས་ཟིང་གི་རྒྱུར་འགྲོ་བར་དགོངས་ནས་ཐམས་ཅད་རྨང་མེད་པར་བཤིགཤིང་ཆ་རྣམས་ལྷ་སས་གཙོས་གཙུག་ལག་ཁང་རྣམས་ཀྱི་ཞིག་གསོས་དང་གྲུ་ཟམ་སོགས་ཀྱི་རྒྱུར་གནང༌། ལྷ་སར་ཇོ་ཤཱཀྱ་རྣམ་གཉིས་ཀྱི་དྲུང་དུ་མཆོད་སྤྲིན་རབ་འབྱམས་རྒྱ་མཚོའི་ཚོགས་དཔག་ཏུ་མེད་པ་ཁོར་ཡུག་སྟར་ཆགས་སུ་འཛུགས་པ་མཛད། མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་སོགས་སུའང་མཆོད་པ་རྒྱ་ཆེར་གནང༌། སེར་འབྲས་དགེ་གསུམ་གྱིས་གཙོས་པའི་ཆོས་སྡེ་རྣམས་ཀྱི་འབའ་རེངས་པ་བསྟན་བཤིག་རྣམས་གནས་ནས་དབྱུངས། རབ་བྱུང་གནས་བརྟན་དགེ་འདུན་མཁས་ཤིང་བཙུན་པ་རྣམས་བསྡུས་ནས་བསྟན་པའི་གད་བདར་དང་སྡེ་དགོན་བསྟན་པ་ཉམས་ཆག་ཏུ་གྱུར་པ་རྣམས་ཀྱི་ཁ་གསོའི་དབུ་ཚུགས། རྒྱལ་བ་ཀརྨ་པ་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རྡོ་རྗེས་དབུས་གཙང་བདག་པོའི་ལུང་གནང་སྟེ་ཤེལ་ཐམ་དམར་ནགསྐྱ་དར་རྒྱ་གླིང་སོགས་ལུང་གི་ཆེ་བ་མངོན་པར་མཐོ་བའི་དགེ་མཚན་བསམ་གྱིས་མི་ཁྱབ་ཅིང་བཀའ་ཁྲིམས་བཟང་པོས་མངའ་འབངས་རྣམས་རྫོགས་ལྡན་གྱི་དུས་ལྟར་བདེ་སྐྱིད་དུ་མཛད་པའོ། ། དེའི་སྲས་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཆོས་སྐྱོང་བའི་རྒྱལ་པོའི་སྐུའི་བསོད་ནམས་ཀྱིས་མངོན་པར་མཐོ་བ་ཀརྨ་བསྟན་སྐྱོང་དབང་པོ་ཞེས་མཚན་སྙན་ཉི་ཟླ་ལྟར་གྲགས་པ་འདི་ཉིད། བཀའ་གདམས་གླེགས་བམ་ཆུང་བར། སངས་རྒྱས་དག་ནི་སྤྲུལ་པ་ཅི་ཡང་སྟོན། ། ཞེས་པ་ནས། རྒྱལ་པོར་སྤྲུལ་ནས་འགྲོ་བ་འདྲེན་པ་ལ། ། རྒྱལ་པོའི་བུར་སྤྲུལ་རིམ་གྱིས་རྒྱལ་ས་འཛིན། ། གལ་ཏེ་རྒྱལ་པོའི་བུ་ཉིད་མ་ཡིན་ན། ། རྒྱལ་པོ་མི་འཐོབ་འཁྲུག་པ་འབྱུང་བར་འགྱུར། དེ་བས་ཐབས་མཁས་རྒྱལ་པོ་སྟེན་པར་བྱེད། ། ཅེས་གསུངས་པ་ལྟར། མེ་ཕོ་རྟའི་སྤྱི་ལོ་1606ལོ་གཟའ་སྐར་ཕུན་སུམ་ཚོགས་པའི་ཉིན།
ཡུལ་སེང་གེ་ལུང༌། མཆོད་རྟེན་རྒྱལ་པོ་སྐྱེས་སུ་སྐུ་བལྟམས། མཚན་མཁན་རྣམས་ཀྱིས་བལྟས་པས་སྐུ་འཁྲུངས་པའི་ཡུལ་གྱི་མིང་དང༌། འཁྲུངས་པའི་སྐར་མ་དུས་སྦྱོར་དང༌། ཁྱད་པར་པད་མ་གླིང་པའི་ལུང་བསྟན་ཀུན་གསལ་མེ་ལོང་དུ། ཨུ་རྒྱན་གྱི་སྦས་ཡུལ་ནས་བོད་དུ་ཕེབས་པའི་དུས་ཡུལ་གྱི་མིང་ལ་སེང་གེ་ལུང་དུ་བཏགས། དེར་མཆོད་རྟེན་ཞིག་མཛད་ནས་རྒྱལ་པོ་སྐྱེས་སུ་མཚན་གསོལ། མ་འོངས་པ་ན་འདིར་སྤྲུལ་པའི་རྒྱལ་པོ་ཞིག་བཙས་ནས་དེའི་རིང་ལ་བོད་ཀྱི་སེམས་ཅན་རྣམས་བདེ་སྐྱིད་ཉི་མའི་འོད་ཟེར་ཤར་བའི་ཞུར་ལྟ་བུ་ཞིག་ཡོང་གསུངས་པའི་ལུང་བསྟན་ཁུངས་བཙུན་ཡོད་སྣང་བའི་རྟེན་འབྲེལ་བྱུང་གི་སྟོབས་ལས་སྤྱི་བོ་གནམ་བསྟན་གྱི་རྒྱལ་པོ་འགྲན་པའི་ཟླ་དང་བྲལ་བ་འབྱུང་ཞེས་པ་ལ་སོགས་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པར་གྱུར་ཅིང༌། སྐུ་ཆུང་ངུ་ནས་གཟི་བརྗིད་ཆེ་ཞིང་སྤྱན་དཔངས་མཐོ་བ། མངའ་ཐང་ཆེ་བ། སྐུ་བྱིས་པའི་ཚུལ་མི་སྟོན་ཞིང་སྒམ་པ། དགོངས་པ་ཟབ་པ། དཀྱེལ་ཆེ་བ། བསྟན་པ་ལ་ལྷག་པར་གུས་པ། འབྲི་ཀློག་ལ་སོག་པའང་བརྡ་ཙམ་གྱིས་མཁྱེན་ཅིང༌། རིག་གནས་ལ་མཁས་པ། འཕོང་དང་སྒྱུ་རྩལ་གྱི་རིགས་ལ་གེ་སར་གྱི་རྒྱལ་པོ་ལྟ་བུ། ཆོས་དང་འཇིག་རྟེན་གྱི་བྱ་བ་ཐམས་ཅད་ལ་མཁྱེན་པ་རྒྱས་ཤིང༌། མངའ་འབངས་ལ་བརྩེ་བ། མ་རུངས་པ་འདུལ་ཕོད་པ་ལྷའི་དབང་པོ་བརྒྱ་བྱིན་དང་མཚུངས་པ་འདི་ཉིད། དགུང་ལོ་བཅོ་ལྔ་པ་ལ་རྒྱལ་ཁབ་ཆེན་པོ་བསམ་འགྲུབ་རྩེའི་གདན་སེང་གེའི་ཁྲིར་ཕེབས། རྗེ་བཙུན་དམ་པ་ཀུན་དགའ་སྙིང་པོས་བཀྲ་ཤིས་མངའ་གསོལ་རྟེན་འབྲེལ་མཐའ་དག་བསྒྲིག་པར་མཛད། ཀརྨ་པ་ཡབ་སྲས་ཀྱིས་བོད་ཆོས་རྒྱལ་གྱི་ལུང་གནང༌། ཁྲི་འདོན་མངའ་གསོལ་བསམ་གྱིས་མི་ཁྱབ་པ་མཛད། དབུས་གཙང་གི་ཆེ་དགུ་ཐམས་ཅད་ཀྱིས་ཞབས་ལ་བཏུད། དགའ་སྟོན་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་མཛད་ཅིང༌། སྤྱི་བོ་གནམ་བསྟན་བོད་རྩམ་ཟན་ཐམས་ཅད་ཀྱི་རྒྱལ་པོར་གྱུར་པའོ། ། སླར་ཧོར་སོག་གི་དམག་སྐོར་གཅིག་བོད་དུ་ལྷགས་ཏེ་སྐྱིད་ཤོད་ལུང་པར་གནས་བཅས། ལྷ་ས་ཟིན། ཇོ་ཤཱཀྱ་རིན་པོ་ཆེའི་མཆོད་སྤྲིན་ལོ་གཉིས་བཅག དུས་མ་བདེ་བ་ལ། ཆོས་ཀྱི་རྒྱལ་པོ་འདི་ཉིད་ཀྱིས་དམག་དཔོན་རུ་བཞིའི་ལས་ཀ་བསྐོས། དཔུང་ཚོགས་ཡན་ལག་བརྒྱད་ལྡན་བཤམས་ཏེ་དབུས་སུ་བརྫངས། ཆོས་ཀྱི་རྒྱལ་པོའི་འདི་ཉིད་རང་ཀླ་ཀློ་ཚར་གཙོད་པའི་དགོངས་པ་ལ་ཞུགས་ཏེ། ཞལ་དགྲ་ཕྱོགས་སུ་བསྒྱུར་པ་ཙམ་གྱིས་སྐུ་བསོད་མངའ་ཐང་གི་ཟིལ་མ་བཟོད་པར་རྒྱ་མཚོའི་མཐར་བྲོས། འཛམ་བུ་གླིང་ལ་དབང་བསྒྱུར། ཡབ་རྒྱལ་པོའི་དགོངས་པ་རྫོགས་ཐབས་སུ་རྟེན་བཞེངས། གྲུབ་མཐའ་རིས་མེད་དུ་དུས་མཆོད་དུས་ཇ་སོགས་ཀྱི་ཐེབས་སུ་ས་ཆ་ཡོང་འབབ་ཁྲི་ཚོ་འབུམ་ཚོ་སྦྱར་བ་གནང༌། ཡབ་རྒྱལ་པོའི་མཛད་པའི་འཕྲོས་ཞ་ལུ། སྣར་ཐར། ཐར་པ་གླིང༌། བསམ་སྡིངས་སོགས་བསྟན་པའི་ཞལ་གསོ་ལེགས་པར་གྲུབ་པ་མཛད། རྗེ་བཙུན་དམ་པ་ཀུན་དགའ་སྙིང་པོ་ལ་ཟབ་གནད་ཀྱི་ཆོས་སྐོར་རྣམས་ལེགས་པར་གསན་ནས་ཆོས་ཉིད་ཀྱི་དོན་ཐུགས་སུ་ཆུད། སྒར་ཆེན་འཛམ་གླིང་རྒྱན་རྒྱལ་ཁབ་ཆེན་པོར་སྤྱན་དྲངས་ཏེ་ཆིབས་བསུ་སེར་སྦྲེངས་སོགས། ཁྲི་འབུལ་སྟོང་འབུལ་གྱི་འབུལ་ཞབས་སོགས་བསམ་གྱིས་མི་ཁྱབ་པས་མཉེས་པར་མཛད་ཅིང༌། མཆོད་ཡོན་ཐུགས་ཡིད་གཅིག་འདྲེས་གནམ་ལ་ཉི་ཟླ་ཟུང་གཅིག ས་ལ་མཆོད་ཡོན་རྣམ་གཉིས་གྲགས་པར་གྱུར་ཅིང༌། གཞན་ཡང་དཔལ་ལྡན་ས་སྐྱ་པ་ཆེན་པོའི་ཞལ་ངོ་རྣམས་དང༌། དཔལ་སྟག་ལུང་པ་སོགས་བོད་གངས་ཅན་གྱི་སྐྱེས་ཆེན་དམ་པ་རྣམས་ལའང་བཀའ་ཆོས་ཀྱི་གསན་པ་རྒྱ་ཆེར་མཛད་ཅིང༌། མཆོད་གཞིས་དགེ་རྒྱུན་ཡང་བརྒྱ་གྲངས་མང་པོ་འབུལ་སྦྱོར་མཛད་པ་དང༌། ཁྱད་པར་དུ་ཆོས་ཀྱི་རྒྱལ་པོ་འདི་ཉིད་ཀྱི་མཛད་ཆེན་ལྔར་གྲགས་པ་ནི།
སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་ཞབས་ནས་འདེགས་པ་དང༌། ཆོས་བཞིན་སྐྱོང་བའི་རྒྱལ་པོའི་ལུགས་བཟུང་བའི་ཕྱིར་བན་སེར་མོའི་ཕྱག་མི་བཞེས་ཤིང༌། གྲུབ་མཐའ་རིས་མེད་ཀྱི་བན་ཁྲི་ཚོ་མང་པོ་རྒྱལ་ཁབ་བསམ་འགྲུབ་རྩེར་གདན་དྲངས་ནས་སེར་ཚོགས་ཚར་གསུམ་ལ་མང་ཇ་གདན་ནོན་གྱི་ཞབས་ཏོག་གསེར་དངུལ། རིན་པོ་ཆེ། རྒྱན་ཆས། གོས་དར། རྟ་ཁྲབ། ལྕགས། བུ་རམ། བལ། ཚོས། བཙོད། ཚྭ། ནས་སོགས་འདོད་དགུའི་ལོངས་སྤྱོད་ཐམས་ཅད་སྤུངས་ཏེ་འགྱེད་ཆེན་གནང་བས་དགེ་འདུན་རེ་ལ་ལོ་རེའི་རྒྱགས་གོས་ཀྱིས་འཚོ་བར་མཛད་པ་དང་གཅིག
མངའ་འབངས་ཐམས་ཅད་ཀྱི་བདེ་སྐྱིད་དང་གཉོམ་ཅུང་ཉམ་ཐག་པ་ལ་ཕ་མ་ལྟར་བརྩེ་བར་དགོངས་ཏེ་བོད་ཁྲིམས་བར་དུ་ལད་པ་རྣམས་གསོར་འཇུག་ཕྱིར་བཀའ་ཁྲིམས་ཀྱི་གའུ་ལེ་ཆེན་མོ་བསྒྲིགས་པ་གནང་ནས་མངའ་འབངས་ཐམས་ཅད་ཞོ་ལ་སྤྲིས་མ་ཆགས་པ་ལྟར་ཞོད་འཇགས་ཤིང་ཉིན་མཚན་གྱི་གཉིད་གོ་མ་ལོག་པར་ཉལ་ཆོག་པ་དང་གཉིས།
མངའ་འབངས་ཁྲལ་མི་རྣམས་ངལ་གསོ་ཞིང་སྐྱིད་པ་ལ་སྐྱིད་པ་ངོ་ཤེས་པའི་ཕྱིར་བརྒྱ་ཚོ་རེར་ལོ་ལོ་བཞིན་ལོ་རེས་སྐོར་གྱི་རྐང་འགྲོ་ལག་འདོན་གྱི་ཁྲལ་རིགས་རྣམས་བཅག་པའི་དར་རྒན་གྱི་ལུང་གནང་སྟེ་ལོ་འཁོར་རེར་རྒྱལ་ཁམས་ཐམས་ཅད་སྐྱིད་སྡུག་ཚར་རེ་སྙོམས་པར་གནང་བ་དང་གསུམ།
མི་འཇིགས་པ་སྐྱབས་ཀྱི་སྦྱིན་པས་སེམས་ཅན་བདག་མེད་ཤ་རུས་པགས་པའི་ཕྱིར་སྲོག་གི་ཉེན་པ་རྣམས་སྐྱོབ་པ་དང་བདེ་བར་འདུག་པའི་ཕྱིར་ཆོ་འཕྲུལ་དུས་ཆེན་ནས་ཟླ་བ་བཅུའི་བར་རི་རྒྱ་ཀླུང་རྒྱ་བསྡོམས་པར་གནང་བ་དང་བཞི།
ར་སའི་འཕྲུལ་སྣང་གི་གཙུག་ལག་ཁང་ཆེན་པོར་ཇོ་ཤཱཀྱ་ཡིད་བཞིན་ནོར་བུ་ལ་ཐག་རིང་མཐའ་འཁོབ་ནས་མཎྜལ་ན་བཟའ་འབུལ་བ་དང༌། ཕ་མ་དྲིན་ཆེན་གྱི་རུས་པ་སྐྱེལ་བ། ཐོད་པ་གཏུགས་ནས་སྨོན་ལམ་རྒྱག་པ།