མདོ་ཁམས་ནང་ཆེན་རྒྱལ་རབས་ཐོག་མར་ཇི་ལྟར་བྱུང་ཚུལ་སྐོར་རགས་ཙམ་དཔྱད་པ།(2)

ཁྱུང་པོ་བསོད་ནམས་སྟོབས་རྒྱལ།        2016-04-14

  གསུམ་པ། གུང་སྒོམ་ཨའུས་གནས་དྲུག་ཁྲི་སྐོར་བདག་ཏུ་བཟུང་སྟེ་ནང་ཆེན་རྒྱལ་རབས་དབུ་བརྙེས།
  ནང་ཆེན་རྒྱལ་རབས་ཇི་ལྟར་དབུ་རྙེད་ཚུལ་བརྗོད་པར། དང་ཐོག་ཏི་ཤྲཱི་རས་པ་དཀར་པོ་ནས་མགོ་སློང་དགོས་ཏེ། ནང་ཆེན་རྒྱལ་རབས་དེ་ཏི་ཤྲཱི་རས་པ་དཀར་པོ་སྐུ་གཤེགས་པར་སྤྱན་སྔ་རས་པ་དཀར་པོ་སོགས་ཐུགས་ཀྱི་སྲས་པོ་དག་གིས་དགུང་རྫོགས་ལ་གདུང་རྟེན་དང་དགོན་པ་སོགས་བཞེངས་པའི་རྨང་གཞིའི་ཐོག་བྱུང་བ་གྲགས་པས་སོ།
  གཅིག ཏི་ཤྲཱི་རས་པ་དཀར་པོ།
  ཏི་ཤྲཱི་རས་པ་དཀར་པོ་ནི་འབའ་རོམ་དར་མ་དབང་ཕྱུག་གི་ཐུགས་སྲས་གཙོ་བོ་ཡིན་ལ། འབའ་རོམ་བཀའ་རྒྱུད་དེ་ཡབ་སྲས་འདི་ནས་བརྒྱུད་པ་ཡིན། ཏི་ཤྲཱི་རས་པ་དཀར་པོ་དང་འབྲེལ་བའི་ལོ་རྒྱུས་ནི་སོ་རག་བྱ་བྲལ་གྱིས་མཛད་པའི་འབའ་རོམ་གསེར་ཕྲེང་གི་རྣམ་ཐར་མདོར་བསྡུས་རིན་ཆེན་རྒྱན་ཕྲེང་དང་། ཤོར་ཕུ་གསེར་ཕྲེང་དུ་འགྲོ་མགོན་ཏི་ཤྲཱི་རས་ཆེན་གྱི་རྣམ་ཐར། ཁྱད་པར་དུ་ཉིད་ཀྱི་ཐུགས་སྲས་སྤྱན་སྔར་རས་པ་དཀར་པོས་མཛད་པའི་བླ་མ་རིན་པོ་ཆེ་འགྲོ་བའི་མགོན་པོ་ཏི་ཤྲཱི་རས་པའི་རྣམ་པར་ཐར་པ་ནི་ཅུང་རྒྱས་ཤོས་ཡིན།
  ཏི་ཤྲཱི་རས་ཆེན་འཁྲུངས་ཡུལ་ནི་འདམ་ཤོད་སྣར་མོར་ཡབ་དར་ཁྲ་བོ་དང་ཡུམ་སྐ་བཟའ་ཀླུ་ལྕམ་གཉིས་ཀྱི་སྲས་སུ་སྤྲེལ་ལོ་སྟེ་༡༡༦༤ལོར་སྐུ་འཁྲུངས། གདུང་ནི་བོད་ཀྱི་རུས་ཆེན་བཞི་ལས་ཨ་ལྕགས་འབྲུའམ་སྟོང་ལས་མཆེད་ཅིང་། སྐུ་ན་ཆུང་དུས་ལེ་གུ་བོན་པོས་རྩིས་བྱས་པས་བན་དེ་བཟང་པོ་ཞིག་ཡོང་བར་འདུག་སྐད། སྐབས་དེའི་དུས་མཚན་ལ་ཧོར་གྲགས་ཞེས་ཟེར། དགུང་ལོ་བདུན་ནས་ཀློག་ཚེགས་མེད་མཁྱེན། བླ་མ་འབའ་རོམ་དར་མ་དབང་ཕྱུག་མཆོག་ནམ་ཞིག་མདོ་ཁམས་ཕྱོགས་ཀྱི་རྩི་བར་ན་བཞུགས་པ་ཐོས་པས་མཇལ་དུ་བྱོན། དད་པ་བསམ་གྱིས་མི་ཁྱབ་པ་བྱུང་། རུ་བར་གདན་དྲངས་ནས་དར་ཡུག་ནོར་སྐལ་དང་བཅས་ཕུལ། དགུང་ལོ་བཅོ་ལྔའི་ཐོག་མཚལ་གུང་ཐང་དུ་ཕེབས་ཏེ་ཞང་རིན་པོ་ཆེའི་སྐུ་མདུན་ནས་ཡི་དམ་ལྷའི་བསྐྱེད་རིམ་ཆོས་སྐྱོང་ཕྱག་བཞི་པའི་དབང་བསྐུར་མཛད་དུས་ཡེ་ཤེས་པ་ཕེབས་རྟགས་སུ་འཕར་ནས་ནམ་མཁའ་ལ་འདུག་པ་བྱུང་། ཉིན་མཚན་མེད་པར་ཕྱག་ཆེན་གྱི་དུས་འདའ། དགུང་ལོ་ཉེར་ལྔའི་དུ་བླ་མ་རིན་པོ་ཆེ་འབའ་རོམ་པ་ཁམས་ནས་ཡར་ཕེབས། མདུན་དུ་ཕྱག་འབུལ་ལ་བྱོན་པས་ཐུགས་དགྱེས་མཛད་དེར་རབ་ཏུ་བྱུང་། བླ་མས་ཕྱག་རྒྱ་ཆེན་པོའི་ཁྲིད་གནང་ཏེ་ངོ་སྤྲོད་རྒྱས་པ་མཛད་ནས་ཞག་བཞི་ནས་ཕྱག་རྒྱ་ཆེན་པོ་མཉམ་རྗེས་འདྲེས་པའི་རྟོགས་པ་ནམ་མཁའ་དང་མཉམ་པ་འཁྲུངས། འབྲི་གུང་ལ་བྱོན་སྐབས་དགོན་པ་མཐོང་མ་ཐག་ཕྱག་འཚལ་མོས་གུས་ཞུས་པས་དགོན་དེ་བདེ་མཆོག་ལྷ་དྲུག་བཅུ་རྩ་གཉིས་སུ་ཞལ་གཟིགས། སྐྱོབ་པ་རིན་ཆེན་མགོན་པོ་མཇལ་ནས་ལྔ་ལྡན་དང་ལམ་འབྲས་སོགས་གསན། རིན་པོ་ཆེ་ཐག་མ་བའི་དྲུང་དུ་བསྙེན་རྫོགས་མཛད་དེ་འདུལ་བ་སོགས་གསན།
  ཉིན་ཞིག་སེ་ཐུང་བ་རལ་གུ་སེར་པོ་དང་ཞྭ་མོ་ཅོག་ཅོག་གྱོན་པ་ཞིག་བྱུང་། གང་ནས་འོང་བྱས་པས། མདོ་སྨད་ནས་འོང་ཟེར། ཅི་ཡང་མ་དྲིས་ཡང་མེ་ཉག་རྒྱལ་པོ་འདས་ནས་དེའི་སྲས་གྲུབ་ཆེན་མ་ཏི་གིའི་སྐྱེ་བར་གྲགས་ཆོས་རྒྱལ་ཐས་ཧུ་བྱ་བ་རྒྱལ་ས་འཕོས་ནས་ཡོད། ཁོང་བསོད་ནམས་ཀྱང་ཆེ་སྟེ་ཟེར་ནས་གར་སོང་ཆ་མེད་དུ་གྱུར། གནས་ཚུལ་དེ་གསན་མ་ཐག་འབྱོན་འདོད་དྲག་ཏུ་སྐྱེས། གནས་ཚུལ་དེ་བླ་མ་རིན་པོ་ཆེ་འབའ་རོམ་ཚང་ལ་མདོ་སྨད་དང་མེ་ཉག་ཡུལ་དུ་འགྲོ་ཞུས་པས་བཀས་གནང་། བླ་མ་རིན་པོ་ཆེས་ཚེམས་གཅིག་དད་རྟེན་དུ་གནང་། དེ་ལྟར་འབའ་རོམ་ལ་ལོ་བདུན་བཞུགས་ཏེ་སེམས་ཅན་གྱི་འགྲོ་དོན་དུ་མི་ཉག་ལ་ཡོད་ཚུལ་ལྷ་དང་སྲུང་མས་ལུང་བསྟན་པ་བཞིན། ཡོས་ལོ་ཟླ་བ་བརྒྱད་པའི་ཚེས་བཅོ་བདུན་འགྲོ་རོགས་གྲོགས་པོ་འགའ་དང་མཉམ་དུ་སོང་། དངུལ་ཁ་འཛི་སྐེ་སུམ་མེད་ནས་གྱིང་ཐང་། འདན་ཀློང་ཐང་། རེ་ཁ། དབང་གྲོང་། ཏྲེ་རོང་རྒྱུད། ལིང་ཅུ་བཅས་བརྒྱུད་དེ་དགུང་ལོ་སོ་ལྔའི་ཐོག་མི་ཉག་དུ་བསྟན་འགྲོ་དོན་ཆེན་སྤེལ། ཀམ་ཆུ་གུ་རུབ་དགོན་དང་གཟི་འགའ་དགོན་བཏབ་པར་མི་རིང་བར་དགེ་འདུན་པ་ཉིས་སྟོང་ལྷག་འཆད་ཉན་གྱི་གནས་སུ་གྱུར། གཞན་མཁར་ལུང་ཤེས་རབ་ཉི་མའི་སྡེ་ལྷ་ལུང་། ར་དགོན་བླ་ཆེན་དགོན། བྱར་ས་དགོན་སོགས་སུ་སྒྲུབ་གྲྭ་དུ་མ་བཏབ་པས་བཤད་སྒྲུབ་འཆད་ཉན་ལ་རང་དབང་མངའ་བའི་དགེ་འདུན་པ་ཁྲི་ཕྲག་ལས་བརྒལ། ཆོས་རྒྱལ་ཐའི་ཧུའི་རྒྱལ་སྲིད་བཏང་ནས་སྲས་རྒྱལ་བུ་རྒྱལ་རྒོད་རྒྱལ་སར་བཏོན། དུས་དེར་ཧོར་དམག་གིས་གྷ་མཁར་བསྐོར་བ་དང་། ཆུས་ཕོ་བྲང་འཇིགས་ལ་ཉེ་བའི་ཚེ་རྒྱལ་པོ་ཤིན་ཏུ་བྲེད་པ་ལ་མི་འཇིགས་པའི་དབུག་འབྱིན་པ་དང་། དམག་ཟློག་གི་གཏོར་ཆེན་འཕེན་སྐབས་བསྐུལ་བ་དུད་ཁྲོད་བསིལ་ཚལ་ལ་གྱེར་རིང་མཛད། དེའི་དུས་མགོན་པོ་ཕྱག་བཞི་བ་ལས་མགོན་གཉིས་བཅས་གཙོ་འཁོར་གསུམ་ཞལ་གཟིགས་གཅིག་གིས་མཆུ་ལ་གཅིག་གིས་ཕྱག་འཇུས་ནས་ཐང་ངང་ལས་རིང་བར་འདུག་གསུངས་པས། སྐབས་འདིར་རིང་དགོས་པར་འདུག་གསུངས། ཆུ་རལ་ཞིང་ཐམས་ཅད་ཁྱེར་ནས་ཧོར་དམག་ཕམ། རྒྱལ་པོ་རྒྱལ་རྒོད་ཤིན་ཏུ་དད་དེ་དབང་བསྐུར་ཞུས། ཏི་ཤྲཱི་ཞེས་བོད་སྐད་དུ་རྒྱལ་པོའི་སྤྱི་བོ་ནས་དབང་བསྐུར་བའི་བླ་མ་ཞེས་པ་སྟེ། ཏི་ཤྲཱི་ལས་ཀ་དང་། འབའ་རོམ་ཤེལ་སྐུ། བེེཌཱུརྱའི་གླེགས་བམ་སོགས་འབུལ་བསམ་གྱིས་མི་ཁྱབ་པ་ཕུལ་ཞིང་རྟག་པར་བཞུགས་ཀྱང་། དགུང་གྲངས་རེ་གསུམ་ཐོག་ཕྱིར་བོད་ལ་ཕེབས། དེ་ལྟར་བགྲང་བྱ་ཉེར་བརྒྱད་ཀྱི་རིང་དུ་མི་ཉག་ཏུ་བསྟན་འགྲོ་དོན་ཆེན་སྤེལ་བས་གོང་རྒྱལ་པོ་ནས་དམའ་འབངས་མི་བར་གྱིས་དད་གུས་ལྷག་ཏུ་ཆེ།
  མི་ཉག་ནས་འབའ་ཐང་སོགས་བྱང་ལམ་རྒྱུད་དེ་འབའ་རོམ་དུ་ཕེབས་ཏེ། འབྲི་སྟག་གྲུབ་མཐའ་མི་མཐུན་པར་འདུམ་འགྲིག་བྱས། དེ་རྗེས་མཚལ་གུང་ཐང་དགེ་འདུན་རྣམས་ལ་བཀའ་ཆོས་གནང་འགྱེད་མཛད་། སྐུ་ཚེའི་ཆེས་མཐའ་མར་མདོ་ཁམས་ཕྱོགས་ཀྱི་གདུལ་བྱར་དམིགས་ཏེ། དགུང་གྲངས་མཐོ་ཡང་བེ་རི་དང་སྤམ་ན། རོག་སྤར་ན་མོ་ཆེ། རོ་གད་གཞུང་། ཟླ་ཉིན་ལྕགས་སྒང་གྲོང་མོ་ཆེ། བླ་མ་རིན་པོ་ཆེའི་གནས་ཀོ་མཛོ་དགོན་སོགས་ལ་ཞབས་ཀྱིས་བཅགས་པའི་ཚེ། རྟེན་འབྲེལ་བཟང་པོས་བཀའ་རྒྱུད་བླ་མ་དང་ཡེ་ཤེས་མགོན་པོ། སྤྱན་རས་གཟིགས། བདེ་མཆོག་གི་ལྷ་ཚོགས། འོན་མིན་གྱི་ཞིང་ཁམས་རེ་རེ་བཞིན་མཇལ། དེ་དུས་ཏི་ཤྲཱི་རས་ཆེན་གྱིས་དབུ་ལ་ཞྭ་རྩེ་ལྔ་ཅན་མནབས་དེ་ནི། ཁོང་ལ་དྲིན་ཐུབ་པའི་བླ་མ་ལྔ་ཡོད་པ་མཚོན་ཏེ། སེམས་ཉིད་ཡིད་བཞིན་བུ་ངོ་སྤྲད་པ་དེ་སངས་རྒྱས་འབའ་རོམ་པ་ཆེན་པོའི་བཀའ་དྲིན་ཡིན། ལྟ་བ་ནམ་མཁའ་ལ་མདུང་སྐོང་བ་འདྲ་བ་ཡོད་པ་དེ་ཞང་རིན་པོ་ཆེའི་བཀའ་དྲིན་ཡིན། གསང་སྔགས་ཀྱི་ཆོས་ལ་རང་བྱན་ཆུད་པ་ཞིག་ཡོད་པ་དེ་སངས་རྒྱས་སྒོམ་པའི་བཀའ་དྲིན་ཡིན། རྟེན་འབྲེལ་ཕྱོགས་མེད་དུ་སྒྲིག་ཤེས་པ་ཞིག་ཡོད་པ་དེ་འབྲི་གུང་རིན་པོ་ཆེའི་བཀའ་དྲིན་ཡིན། མོས་གུས་ལ་རྒྱུན་ཆད་མེད་པ་ཞིག་ཡོད་པ་དེ་སྟག་ལུང་རིན་པོ་ཆེ་བཀའ་དྲིན་ཡིན། དེ་ལྟར་བླ་མ་ལྔ་བོར་བསྒོམས་པའི་བརྡར་དར་ཡིན་ཚུལ་གསུངས།
  མཐར་སྐྱོ་གཞུང་ན་མོ་ཆེར་སྒར་བཏབ། དེར་བཞུགས་རིང་བུ་སློབ་རྣམས་ལ་ཆོས་མང་དུ་གནང་། འབའ་རོམ་དར་མ་དབང་ཕྱུག་དང་ཐེངས་དང་པོར་མཇལ་ཡུལ་རྩི་པ་དང་ཏི་ཤྲཱི་ཁམས་ཕྱོགས་སུ་ཕེབས་སྐབས་གདན་ཞུས་གནང་མཁན་བེ་རི་གཉིས་མ་འགྲིག་པར་བསྡུམ་བྱས། དེ་ནས་ཀོ་མཛོ་ཕུག་མཇལ་དུ་ཕེབས་ཏེ། དེར་བཞུགས་རིང་བུ་སློབ་རྣམས་ལ་ཆོས་མང་དུ་གནང་ཞིང་ ཕེབས་ཁར་དེར་འདུས་སྐྱེ་བོ་རྣམས་ལ་ཞལ་ཏ་གནང་བ་དང་། བླ་མ་རིན་པོ་ཆེའི་འབའ་རོམ་པའི་བཞུགས་གནས་ལ་སྤོས་དང་ཡན་ལག་བདུན་པ་ཕུལ། སྐྱོ་དུ་རོང་ཁར་ཕེབས་ཏེ་དགུང་ལོ་བདུན་ཅུ་རྩ་གསུམ་པ་སྤྲེལ་ལོ་སྟེ། ༡༢༣༦ལོའི་ཟླ་ལྔ་བའི་ཚེས་གཅིག་ནུབ་མོ་སྐར་མ་ལག་སོར་ཤར་རིའི་ལྷག་གི་བྱུང་བ་དང་མཉམ་དུ་གཟུགས་སྐུའི་དཀྱིལ་འཁོར་བསྡུས། རྣམ་ཐར་བསྡུས་པ་འདི་ནི་ཤོར་ཕུ་ཀརྨ་རབ་གསལ་གྱིས་བྲིས་པ་གཞིར་བཟུང་བ་ཡིན།
  གཅིག གུང་སྒོམ་ཨའུ་གནས་དྲུག་ཁྲི་སྐོར་བདག་ཏུ་བཟུང་བ།
  དེ་ཡང་ལོ་རྒྱུས་ཡིག་ཆ་རྙིང་གྲས་སུ་སྐུ་འབུམ་ཆེན་མོའི་རྟེན་གཙུག་ལག་ཁང་བཞེངས་པའི་བཀའ་ལུང་ཞུས་པས། གུང་སྒོམ་ཨའུ་གནས་དྲུག་ཁྲི་སྐོར་གྱི་དཔོན་དུ་བསྐོས། ༼12༽ ཞེས་དང་། སྐུ་འབུམ་ཆེན་མོའི་རྟེན་གཙུག་ལག་ཁང་བཞེངས་པའི་བཀའ་ལུང་ཞུས་པས་རས་པ་དཀར་པོ་ལྷ་ཆོས་ཀྱི་བླ་མ་དང་གུང་སྒོམ་ཨའུ་མི་ཆོས་ཀྱི་དཔོན་དུ་བསྐོས།༼13༽ ཞེས་སྤྱི་ལོ་༡༢༣༦ལོར་ཏི་ཤྲཱི་རས་པ་དགུང་ལོ་བདུན་ཅུ་རྩ་གསུམ་ཐོག་ཟུར་མང་སྐྱོ་དུ་རོང་ཁར་དགོངས་པ་ཆོས་དབྱིངས་སུ་འཐིམས། སྤྱན་སྔ་རས་པ་དཀར་པོ་གཙོས་པའི་བུ་སློབ་རྣམས་ཀྱིས་ཟླ་ཆུ་བརྒལ་ཏེ་མེར་ཆེན་ཞོར་དུ་སྐུ་གདུང་དྲངས་ཏེ་སྦྱངས། དེའི་དགོངས་རྫོགས་ལ་མཆོད་རྟེན་དང་དགོན་པ་སོགས་བཏབ་པས་ཡུལ་དེར་སྐུ་འབུམ་རྩ་ཞེས་ཐོགས། དེའི་དུས་ཧོ་པེ་ལིན་གྱིས་ཟླ་ཆུ་རྒྱུད་དུ་དམག་དྲངས་ནས་མདོ་སྨད་དུ་བྱོན་པའི་གོ་སྐབས་བཟུང་ནས། རས་པ་དཀར་པོ་དང་གུང་པ་ཨའུ་སོགས་དཔོན་སློབ་རྣམས་མཇལ་དུ་ཕེབས་པར་རས་པ་དཀར་པོ་ལྷ་ཆོས་ཀྱི་བླ་མ་དང་གུང་སྒོམ་ཨའུ་མི་ཆོས་ཏེ་གནས་དྲུག་ཁྲི་བསྐོར་གྱི་དཔོན་དུ་བསྐོས། དེ་ནས་བཟུང་གུང་སྒོམ་ཨའུ་གནས་དྲུག་ཁྲི་སྐོར་གྱི་བདག་པོ་བྱས་ཏེ་བསྟན་སྲིད་ཀྱི་འགྲོ་དོན་མཛད་ཅིང་ནང་ཆེན་རྒྱལ་རབས་དབུ་རྙེད། གུང་སྒོམ་ཨའུས་བདག་ཏུ་བཟུང་བའི་གནས་དྲུག་ཁྲི་སྐོར་གྱི་གནས་ཡུལ་རེ་རེ་བཞིན་ད་ལྟ་ཇི་བཞིན་ངོས་འཛིན་པར་དཀའ་ཡང་། ཤོར་ཕུ་གསེར་ཕྲེང་ནང་དུ་ཁ་ངག་ལ། གོ་མཁར་སྐྱ། ༼14༽ ཆམ་མཁར་དམར། ༼15༽རྫ་གྱིང་ཐང་། ༼16༽ ལྕི་དབེ་ཁུ། ༼17༽ ལྷོ་སྟག་ཤོད། ༼18༽ འདན་རག་ཐག༼19༽ཅེས་ས་གནས་བདུན་གྱི་མིང་བྲིས་པར་མ་ཟད། གང་ལྟར་ནའང་དུད་ཁྲི་སྐོར་དྲུག་གི་དོན་ཡིན་ཞེས་གསལ་འདེབས་ཀྱི་ཚུལ་དུ་ནན་གསུངས་བྱས་འདུག ཕྱི་རབས་པས་ཀྱང་དེ་བཞིན་གོ་ནས་འབྲེལ་ཡོད་ཡིག་ཆ་རུ་གནས་དྲུག་ཁྲི་སྐོར་དེ་དུད་ཁྲི་སྐོར་དྲུག་ཏུ་བྲིས་འདུག
  ངོ་མ་བཤད་པ། གནའ་དུས་ཀྱི་ས་མིང་དག་དེང་སང་ཕལ་ཆེར་མིང་གི་ལྷག་མ་ཙམ་མེད་པ་དང་། སྔོན་གྱི་ས་མིང་ལ་ལ་སོར་གནས་ཀྱང་གནའ་བོའི་འབོད་པའི་ཡུལ་དེ་ཡིན་མིན་ཐད་ལ་མུ་མཐུད་དཔྱད་པའི་གནས་སུ་གྱུར་བས་ཁྲིག་སེ་བཤད་པའི་སྤོབས་པ་དབེན་མོད། ང་ཚོས་ཁྲི་སྐོར་ཞེས་པའི་མིང་བྱུང་ཚུལ་དང་དེའི་གྲངས་ཀ་དང་ཁྱབས་ཁོངས་ཀྱི་སྐོར་ས་སྐྱའི་གདུང་རབས་སོགས་འབྲེལ་ཡོད་ལོ་རྒྱུས་ཡིག་ཆ་དག་ལ་དཔྱད་བསྡུར་བྱས་ཏེ་རིགས་པས་དེད་ན་གུང་སྒོམ་ཨའུས་བདག་ཏུ་བཟུང་བའི་གནས་དྲུག་ཁྲི་སྐོར་གྱི་ཁྱབ་ཁོངས་རགས་ཙམ་ཞིག་རྟོགས་ཐུབ་སྙམ།
  ཁྲི་སྐོར་ཞེས་པའི་ཐ་སྙད་དེ་ཐོག་མར་འགྲོ་མགོན་འཕགས་པའི་སྐུ་རིང་དུ་བྱུང་ཞིང་། དེ་ཡང་འགྲོ་མགོན་འཕགས་པས་གོང་མ་སེ་ཆེན་ཧུ་པེ་ལིར་དཔལ་ས་སྐྱ་པའི་ཁྲིད་ཆོས་དཔལ་ཀྱེ་རྡོ་རྗེའི་དབང་ཡོངས་སུ་རྫོགས་པ་ལན་གསུམ་དབང་བསྐུར་པ་ལས། ཧོར་གྱི་རྒྱལ་ཁམས་སུ་རྡོ་རྗེ་ཐེག་པའི་དབུ་བརྙེས་པ་ཡིན་ཞིང་། དེའི་དབང་ཡོན་དང་པོར་བོད་ཁྲི་སྐོར་བཅུ་གསུམ་སྟེ་དབུས་གཙང་ཡོངས་ཕུལ་བ་གྲགས་ཤིང་། ཁྲི་སྐོར་རེ་ལ་ལྷ་སྡེ་བཞི་སྟོང་དང་། མི་སྡེ་དྲུག་སྟོང་ཡོད་པ་སྟེ། ལ་སྟོད་ལྷོ་བྱང་གཉིས། གུར་མོ། ཆུ་མིག ཤངས། ཞ་ལུ་སྟེ་གཙང་ལ་ཁྲི་སྐོར་དྲུག རྒྱ་མ་དང་། འབྲི་གུང་། ཚལ་པ། ཐང་པོ་ཆེ། ཕག་གྲུ གཡའ་བཟང་སྟེ་དབུས་ལ་ཁྲི་སྐོར་དྲུག དབུས་གཙང་གི་མཚམས་སུ་ཡར་འབྲོག་སྟག་ལུང་ཁྲི་སྟོར་གཅིག་སྟེ་ཁྲི་སྐོར་བཅུ་གསུམ་མོ། འདིར་བཤད་པའི་ཁྲི་སྐོར་ནི་དུད་ཁྲི་གཅིག་བཤད་ཀྱང་དོན་དུ་དེ་ལྟར་མ་ངེས། སེ་ཆེན་རྒྱལ་པོས་འགྲོ་མགོན་འཕགས་པ་ལ་སྔ་ཕྱི་དབང་ཆེན་གསུམ་བསྐུར་བའི་ཡོན་དུ་ཞིང་ཆེན་གཅིག་ཕུལ། ཞིང་ཞེས་པ་ནི་ས་སྐྱའི་གདུང་རབས་སུ་ཁང་པ་ཀ་བ་དྲུག་ས་ཡོད་པ། གཟའ་མི་གཉིས་ཡོད་པ། བུ་ཕོ་མོ་གཉིས། གཡོག་ཕོ་མོ་གཉིས་ཏེ་དྲུག ཕྱུག་རྟ་བོང་གཉིས། བ་གླང་ར་ལུག་རྣམས་དང་། ཞིང་ཧོར་སོན་ཁལ་བཅུ་གཉིས་ཀྱི་ས་ཡོད་པ་རྣམས་ལ་ཧོར་དུད་ཆུང་གཅིག་ཟེར་བ་ཡིན་ཏེ། དེ་འདྲ་ཉི་ཤུ་རྩ་ལྔ་ལ་དུད་ཆེན་གཅིག དེ་གཉིས་ལ་རྟ་མགོ་གཅིག དེ་གཉིས་ལ་བརྒྱ་སྐོར་གཅིག དེ་བཅུ་ལ་སྟོང་སྐོར་གཅིག དེ་གཅིག་ལ་ཁྲི་སྐོར་གཅིག དེ་བཅུ་ལ་ཀླུ་གཅིག དེ་བཅུ་ལ་ཞིང་ཆེན་གཅིག [④]ཅེས་པ་ལྟར་ཁྲི་སྐོར་ནི་ནང་དུ་ཕ་མ་བུ་རྒྱུད་བྲན་དང་ཕྱི་ལ་ཞིང་ཕྱུག་འཛོམས་པའི་དུད་ཁྲི་ཡི་མིང་དུ་ཡིན་པ་གོ་ནུས་མོད།
  གུང་སྒོམ་ཨའུ་ཡིས་དབང་དུ་བསྡུས་པའི་གནས་དྲུག་ཁྲི་སྐོར་ཞེས་པ་ནི། བོད་ཁྲི་སྐོར་བཅུ་གསུམ་ཞེས་པའི་མིང་ལ་བལྟོས་ནས་བཏགས་པར་སྣང་ཞིང་། དེའི་ཁྱབ་ཁོངས་ནི་གནས་གཞིས་དྲུག་བསྡོམས་པར་ཁྲི་སྐོར་གཅིག་གི་བདག་པོ་དང་ཡང་ན་གནས་གཞིས་རེ་ལ་ཁྲི་སྐོར་རེ་བྱས་པའི་ཁྲི་སྐོར་དྲུག་གི་བདག་པོ་མཛད་ཚུལ་དང་། ཡང་ན་གནས་དྲུག་ཁྲི་སྐོར་ཞེས་པ་ནི་ཁྱིམ་གཞིས་སམ་སྡེ་བ་དྲུག་གི་དོན། གནས་དྲུག་རེ་རེར་ཁྲི་སྡེ་གཉིས་རེ་བསྡོམས་པས་ཁྲི་སྐོར་བཅུ་གཉིས་ཡོད་ཚུལ་སོགས་ཇི་ལྟར་འཇུག་ཚུལ་ལ་དོགས་གཞི་དང་བཞེད་ཚུལ་མང་ཞིང་། དུད་ཁྲི་དྲུག་གི་བདག་པོ་བྱས་པ་ནི་ཅུང་ཆེ་དྲགས་སོང་བ་དང་ཁྲི་སྐོར་བཅུ་གཉིས་ནི་ལྷག་ཏུ་བཤད་ཅི་སྟེ། སྐབས་དེར་གུང་སྒོམ་ཨའུས་བདག་ཏུ་བཟུང་བའི་ས་ཆ་དག་གི་སྐུ་འབུམ་རྩ་དང་ཉེ་བའི་ཆར་སྟེ། དེང་ནང་ཆེན་གྱི་ཡུལ་གྲུ་ཁ་ཤས་མ་གཏོགས་ནང་ཆེན་རྫོང་ཡོངས་ཀྱང་དེར་འདུས་མེད། དེ་ན་སེར་ཆེན་རྒྱལ་པོས་འགྲོ་མགོན་འཕགས་པ་ལ་ཕུལ་བའི་ཆོལ་ཀ་གསུམ་དེ་ཞིང་གཅིག་གི་གྲངས་ཅུང་མ་ལོངས་ཀྱང་། བླ་མ་བཞུགས་ས་ཡིན་པ་དང་། བསྟན་པ་དར་ས་ཡིན་པས་ན་ཞིང་གཅིག་ཏུ་རྩིས་ནས་ཕུལ་བ་བཞིན། གུང་སྒོམ་ཨའུར་ཁྲི་སྐོར་གཅིག་གི་དོད་དུ་གཞིས་ཁྱིམ་མམ་སྡེ་བ་དྲུག་ཕུལ་བ་ཡིན་ཏེ་དོན་དུ་ཁྲི་སྐོར་གཅིག་གི་བདག་པོ་ཡིན་པར་སྙམ། དབུས་གཙང་གཉིས་བསྡོམས་པར་ཁྲི་སྐོར་བཅུ་གཉིས་མ་གཏོགས་མེད་ཕྱིར་ནང་ཆེན་གྱི་ཡུལ་གྲུ་ཁ་ཤས་བདག་ཏུ་བཟུང་བར་ཁྲི་སྐོར་དྲུག་དང་བཅུ་གཉིས་ཀྱི་བདག་པོ་ཞེས་ཆེ་བར་བརྗོད་ན་ལོ་རྒྱུས་མ་ཤེས་པའམ་ཡང་ན་རང་ཕྱོགས་ཞེན་པའི་སྐད་ཆ་ཙམ་ལས་མི་ཡོང་། མདོར་ན། གནས་དྲུག་ཁྲི་སྐོར་ཞེས་པ་དེ་དུད་ཁྱིམ་ཁྲི་དྲུག་གི་དོན་མ་ཡིན་ཏེ། དེ་ནི་ཤོར་ཕུ་ཀརྨ་རབ་གསལ་གྱིས་གསུངས་བཞིན་གཞིས་ཁ་དྲུག་གམ་ཡང་ན་རུ་ཤོག་དྲུག་ནས་དཔྱ་ཁྲལ་སྡུད་ཅིང་སྐུ་འབུམ་དགོན་དུ་འབུལ་དགོས་པའི་དོན་ཡིན།
  གང་ལྟར་གུང་སྒོམ་ཨའུ་ཞེས་པའི་མི་ཕོ་དེས་སྐུ་འབུམ་རྩ་དང་ཉེ་སའི་གཞིས་ཁ་འགའ་ཤས་བདག་ཏུ་བཟུང་སྟེ་དཔྱལ་ཁྲལ་བསྡུས་པ་དང་། གཅིག་ཕྱོགས་ནས་བླ་མ་རས་པ་དཀར་པོའི་གདམས་ངག་ཐམས་ཅད་རྫོགས་པར་ཞུས་པ་དང་། བླ་མ་དང་མཉམ་དུ་ཏི་ཤྲཱི་རས་པ་དམ་པའི་ཐུགས་ཀྱི་དགོངས་པ་བཞིན་ཁང་ཆེན་མོ་ནང་ཀ་བ་ཉི་བ་ཤུ་རྩ་ལྔ། ཕྱིའི་ཁྱམས་ཆེན་བསྐོར་ལམ་རྒྱལ་ཕིབས་དང་བཅས་པ་བཞེངས་ཏེ་སྤྱིར་བསྟན་པ་རིན་པོ་ཆེ་དང་སྒོས་འབའ་རོམ་བསྟན་པའི་འགྲོ་དོན་མཛད་རྒྱ་ཆེར་སྤེལ་ཏེ་དགོངས་ལོ་དྲུག་ཅུའི་ཐོག་སྐུ་གཤེགས།
  བཞི་པ། གུང་སྒོམ་ཨའུ་འདས་ནས་རྒྱལ་རབས་གཉིས་པ་རྩད་མ་ཆོད་བར་གྱི་སྤྱི་ཚོགས་གནས་བབས།
  གུང་སྒོམ་ཨའུ་སྐུ་གྲོངས་རྗེས་རྒྱལ་རབས་འཛིན་པའི་སྲས་མེད་ཕྱིར། སྤྱན་སྔ་རས་པ་དཀར་པོའི་དངོས་སློབ་ཚུལ་པ་ཤེས་རབ་དཀོན་མཆོག་དང་ལྷ་པ་ཤག་རྒྱལ་གྱིས་བློན་ཆེན་པོའི་འགན་ཐོག་ནས་བསྟན་སྲིད་ཕྲིན་ལས་སྤེལ་ཚུལ་ནི། སོ་རག་གསེར་ཕྲེང་ལས། དེ་ནས་སྒོམ་སྡེ་ཨའུ་འདས་པ་དང་། ཤེས་རབས་དཀོན་མཆོག་དང་ལྷ་པ་ཤག་རྒྱལ་གཉིས་གོང[⑤]དུ་སོང་ནས་རྒྱལ་པོའི་གསེར་དངུལ་གྱི་ལས་ཀ་བླང་ཞིང་རྒྱལ་ཁམས་ཀྱི་ཞབས་ཏོག་མཛད་དེ། ཤེས་རབ་དཀོན་མཆོག་གི་དབོན་རྒྱུད་ལ་ནང་ཆུང་གསེར་ཡིག་པ་རྣམས་བྱུང་ཞིང་། ལྷ་ཤག་རྒྱལ་གྱི་གདུང་རྒྱུད་ལ་ནང་སར་པའི་དངུལ་ཡིག་པ་རྣམས་བྱུང་ངོ་།[⑥] ཞེས་པའི་ཚིག་དུམ་ལས་ཚུལ་ཤེས་རབ་དཀོན་མཆོག་དང་ལྷ་ཤག་རྒྱལ་གཉིས་ནི་གུང་སྒོམ་ཨའུ་ཡི་སྐབས་བློན་གྱི་འགན་བཞེས་ཤིང་། རྒྱལ་པོ་སྐུ་གྲོངས་རྗེས་མུ་མཐུད་བློན་ཆེན་པོའི་ལས་ཐོག་ནས་བསྟན་སྲིད་བསྐྱངས་པར་མ་ཟད། ཕྱིས་སུ་གསེར་ཡིག་གི་རྒྱུད་པ་དང་དངུལ་ཡིག་གི་རྒྱུད་པ་ཞེས་བློན་གྱི་འགན་དེ་གདུང་རྒྱུད་དེད་པ་ཤེས་ཐུབ། འདིར་བཤད་པའི་གསེར་ཡིག་དང་དངུལ་ཡིག་ཅེས་པའི་དོན་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་དུ་གཏན་དུ་ཕབ་པའི་བློན་པའི་ལམ་ལུགས་ལས་བློན་གྱི་གོ་སའི་མིང་ཡིན་སྟེ། དཔའ་བོ་གཙུག་ལག་ཕྲེང་བས་དེའི་སྐོར་ལ་དེ་ཡང་གུང་བློན་ཆེན་པོ་ལ་གཡུ་ཡིག་ཆེན་མོ་གནང་། གུང་བློན་འབྲིང་དང་ནང་བློན་ཆེན་པོ་ལ་ལ་གཡུ་ཡིག་ཆུང་ངུ་། གུང་བློན་ཐ་ཆུང་དང་ནང་བློན་འབྲིང་བཀའ་ཡོ་གལ་འཆོས་པ་ཆེན་མོ་གསུམ་ལ་གསེར་ཡིག་ཆེན་པོ། ནང་བློན་ཐ་ཆུང་དང་བཀའ་བློན་འབྲིང་ལ་གསེར་ཡིག་ཆུང་ངུ་། བཀའ་བློན་ཐ་ཆུང་ལ་ཕྲ་མེན་གྱི་ཡི་གེ་གནང་། གཞན་ཡང་ཆོས་གྲྭའི་སློབ་དཔོན་སྐུའི་སྔགས་མཁན་སྟོད་སྨད་ཀྱི་དབང་བློན་རྣམས་ལ་དངུལ་གྱི་ཡི་གེ་ཆེན་པོ་བྱིན། སྐུ་འཚོ་བའི་བོན་པོ་གཟིགས་མལ་བརྩིགས་ཁབ་བྱང་ཐང་གི་ས་མཁན་མཐའི་སོ་ཁ་སྲུང་བ་དང་། སྐུ་མཁར་གྱི་རྩེ་སྲུང་སོགས་དངུལ་ཡིག་ཆུང་བ། ཡབ་འབངས་རུས་དྲུག་སོགས་ལ་འཁར་བའི་ཡི་གེ སྟོང་དཔོན་རུ་དཔོན་སོགས་ལ་ཟངས་ཡིག གཡུལ་དུ་དཔའ་བ་ལ་ལྕགས་ཡིག ཡང་ཐ་ཤིང་སྐྱ་ཆུ་རིས་ཀྱི་ཡི་གེ་ནི་འབངས་ཕལ་བ་རྣམས་ལ་གནང་སྐད༼ 22༽ཅེས་པའི་ལུགས་ལྟར་ན་གསེར་ཡིག་ནི་གུང་བློན་ཐ་ཆུང་དང་ནང་བློན་འབྲིང་བ། བཀའ་ཡོ་གལ་འཆོས། ནང་བློན་ཐ་ཆུང་དང་བཀའ་ཡོ་གལ་འཆོས་འབྲིང་བ་བཅས་རྒྱལ་པོ་ནང་སོའི་བློན་གྱི་གོ་གནས་རིམ་པ་ལྔ་ལ་སྤྲོད་སྲོལ་ཡོད་ལ། དངུལ་ཡིག་ནི་ཆོས་གྲྭའི་སློབ་དཔོན། སྐུའི་སྔགས་མཁན་ནམ་སྐུ་གཤིན། སྐུ་འཚོ་བའི་བོན་པོ་གཟིགས་མལ་བརྩིགས་ཁབ་བྱང་ཐང་གི་ས་མཁན། མཐའི་སོ་ཁ་སྲུང་བ་དང་། སྐུ་མཁར་གྱི་རྩེ་སྲུང་སོགས་རྒྱལ་པོར་སྐུ་ཚེ་བར་ཆད་བཟློག་མཁན་གྱི་བླ་མ་མཁན་པོ་སྐུ་གཤིན་སོགས་ཆོས་ཕྱོགས་ཀྱི་མི་སྣ་དང་ཕོ་བྲང་ཕྱི་ནང་གི་ལས་གཞི་སྤེལ་མཁན་དང་སྐུ་སྲུང་བཅས་ཀྱི་ཡིག་ཚང་ཡིན། འདིར་བཀོད་པའི་ཡིག་ཚང་གི་སྒྲིག་གཞི་ལྟར་ན་གོང་དུ་བཤད་པའི་གསེར་ཡིག་པ་ཤེས་རབ་དཀོན་མཆོག་དང་དངུལ་ཞིག་པ་ལྷ་ཤག་རྒྱལ་གཉིས་ཀྱི་གོ་གནས་དང་ཐབ་ཐོབ་ཅི་ཞིག་ཡིན་པ་གསལ་བོར་རྟོགས་ཐུབ་ཀྱང་། ཕྱིས་ཀྱི་རྒྱལ་རབས་འབྲི་མཁན་འགའ་ཡིས་གསེར་ཡིག་པ་དང་དངུལ་ཡིག་པ་གཉིས་ནང་ཆེན་རྒྱལ་གཉིས་པར་རྩིས་པ་ནི་ཡིག་ཚང་དང་འབྲེལ་བའི་བློན་གྱི་གོ་གནས་བསྐོ་བཞག་གི་རིག་གནས་ལ་རྒྱུས་ལོན་མེད་པའི་རྟགས་ཡིན་པ་ཤེས་ཐུབ་སྟེ། བོད་ཀྱི་ལོ་རྒྱུས་སུ་སྤྱི་ལོ་༦༥༠ལོར་སྲོང་བཙན་སྒམ་པོ་སྐུ་གྲོངས་དང་སྲས་མང་སྲོང་མང་བཙན་སྐུ་ན་ཕྲ་བས་སྲིད་ཀྱི་ལས་ཀ་མཐའ་དག་མགར་སྟོང་བཙན་ཡུལ་བཟུང་གིས་བཞེས་པ་དང་། སྤྱི་ལོ་༧༠༤ལོར་འདུས་སྲོང་མང་པོ་རྗེ་འཇང་དུ་སྐུ་གཤེགས་པ་དང་དེའི་སྲས་མེས་ཨག་ཚོམ་སྐུ་ཕྲ་བས་སྤྱི་ལོ་༧༡༢ལོར་ད་གཟོད་སྲིད་བཟུང་ཞིང་དེའི་བར་གྱི་བགྲང་བྱ་བརྒྱད་ཀྱི་རིང་དུ་བོད་ཀྱི་ཕྱི་ནང་ཆབ་སྲིད་ཀྱི་ལས་ཀ་ཚང་མ་འབྲོ་བཟའ་ཁྲི་མ་ལོད་ཀྱི་འགན་བཞེས་པ་བཞིན། རྒྱལ་པོ་བཀྲོངས་རྗེས་རྒྱལ་སྲིད་གཞུག་མ་སྲིད་ཁྲིར་མ་འཁོད་པའི་བར་ཕྱི་ནང་གི་ཆབ་སྲིད་ཀྱི་ལས་འགན་མཐའ་དག་གོང་མར་གློ་བ་ཉེ་བའི་བློན་པོ་དག་གི་འགན་དུ་བཞེས་པ་ལོ་རྒྱུས་ཀྱི་འགྲོས་ཡིན་ཕྱིར། དེར་རྒྱལ་རབས་རྩིས་སྲོལ་གཏན་ནས་མེད།
  གུང་སྒོམ་ཨའུ་སྐུ་གྲོངས་རྗེས་གུང་སྒོམ་ཨའུ་རྗེས་སུ་འབྲངས་མཁན་དང་ཏྲེ་བོ་ཡུལ་ནས་གནས་སྤོས་པའི་ཏྲེ་བོ་ཨ་ཀླུ་ཕ་བུ་ཕྱོགས་ཀྱི་བར་རྒྱལ་རབས་ཀྱི་གདུང་རྒྱུད་བསྐོ་བཞག་ཐད། མ་འཆམ་བར་འགལ་ཟླ་བྱུང་སྟེ་ལོ་དུ་མའི་རིང་གདུང་རྒྱུད་རྩད་མ་ཆོད་པར་ལྷ་ཤག་གཉིས་ཀྱིས་རང་ནུས་ཅི་ལྕོགས་ཀྱིས་ཕྱི་ནང་ཆབ་སྲིད་བསྐྱངས་པའི་གནས་ཚུལ་ནི་སོ་རག་གསེར་ཕྲེང་ལས། ཚུལ་པ་ནི་ཤེས་རབ་དཀོན་མཆོག་སྟེ། རུས་པ་ནི་མང་རྗེ། རས་པ་དཀར་པོའི་དྲུང་དུ་ཆུང་ངུ་ནས་རབ་ཏུ་བྱུང་བའི་མིང་ཤེས་དཀོན་མཆོག ད་ལྟའི་མེ་རག་སྒང་གི་མལ་དུ་ཚུལ་ཁང་ནང་ཆུང་ཆེན་པོ་བྱས་ནས། ཚུལ་དུ་དྲན་གྱིས་ནང་ཆུང་བདག་རྐྱེན་བྱས་ནས་ནང་སོ་ཆུང་བ་ཟེར་ཞིང་མིང་ནང་ཆུང་བ་ཐོག ལྷ་པ་ནི་ཤག་རྒྱལ་ཏེ་རུས་སམ་པ་འབྲོ་ལྡོག རས་པ་དཀར་པོའི་དྲུང་དུ་རབ་ཏུ་བྱུང་མིང་ནི་ཤག་རྒྱལ། དེས་ལྷ་ཁང་ཆེན་མོའི་ལྟག་ཏུ་ཁང་པ་ནང་སར་ཆེན་པོ་བྱས་ཤིང་ལྷ་ཁང་གི་བདག་རྐྱེན་མཛད་དོ། ནང་སོ་སོ་མ་ཟེར་ཞིང་མིང་ནང་སར་བར་གྲགས་སོ།།༼ 23༽ ཞེས་པས་ཀྱང་ནང་ཆེན་རྒྱལ་རབས་དང་པོ་ཏྲེ་བོ་ཨ་ཀླུ་མིན་པར་བསྒྲུབ་ཐུབ་སྟེ། གལ་སྲིད་ནང་ཆེན་རྒྱལ་རབས་དང་པོ་དེ་ཏྲེ་བོ་ཨ་ཀླུ་ཡིན་ན། རྒྱལ་པོ་སྐུ་གྲོངས་རྗེས་ ལྷ་ཚུལ་གཉིས་ཀྱིས་བློན་གྱི་འགན་ཐོག་ནས་ཕྱི་ནང་གི་ཆབ་སྲིད་ལས་དོན་གྱི་འགན་ཅི་ལྕོགས་བཞེས་མི་དགོས་པར། ཏྲེ་བོ་ཨ་ཡུལ་སོགས་སྲས་བདུན་པོ་ལས་གང་རུང་ཞིག་གིས་རྒྱལ་སྲིད་བསྐྱངས་པ་ནི་རྒྱལ་རབས་སྲིད་འཛིན་གྱི་ལུགས་དང་མཐུན། དེར་མི་ཚད། ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་ལ་ས་སྐྱ་ནས་ནང་ཆེན་ནང་གི་ཁྲི་ལ་བཞུགས་པའི་བཀའ་ལུང་ལས་ཁྱེད་རས་ཚང་སྒོམ་སྡེ་དང་རབ་ཁ་བ་གཉིས་ལ་གཏོགས་པའི་ལྷ་ཁང་དགོན་པ་གྲྭ་བ་བུ་སློབ་ཡོན་བདག་འཁོར་ཁ་སྡེ་རིས་རྣམས་ངེས་རྒྱུར་ཞེས་རས་ཚང་སྒོམ་སྡེ་དང་ཏྲེ་བོ་རབ་ཁ་སྟེ་ཡུལ་སྡེ་གཉིས་སམ་ཕྱོགས་ཁ་གཉིས་ལ་དམིགས་སུ་ངེས་རྒྱུའི་བཀའ་ལུང་བསྩོལ། དེས་རས་ཚང་སྒོམ་སྡེའི་མངའ་ཁོངས་སུ་ཏྲེ་བོ་རབ་ཁའི་ཡུལ་སྡེ་མི་གཏོགས་པ་དང་། སྔོན་ཏྲེ་བོ་རབ་ཁ་རུ་གཞིས་བཟུང་པའི་ཏྲེ་བོ་ཚང་ནི་ནང་ཆེན་ནང་གི་མངའ་བདག་མིན་པར་རྟོགས་ནུས།
  སྐབས་ཐོག་དེར་ནང་སོ་ཆེན་མོའི་ལྷ་ཆོས་ཀྱི་བླ་མ་སྤྱན་སྔ་རས་པ་དཀར་པོ་དགོངས་པ་རྫོགས་ཤིང་། ནང་ཆེན་གདན་རབས་སུའི་འཛིན་པའི་ཐད་ལའང་མ་འཆམ་པར་རྩོད་གཞི་ཆེན་མོ་བསླངས་པའི་མཐར་འགྲོ་མགོན་འཕགས་པའི་སྐུ་དྲིན་ལ་བརྟེན་དེ་སྤྱི་ལོ་༡༢༦༥ལོར་ད་གཟོད་གསང་བ་ལུས་མེད་རྡོ་རྗེ་དབུས་གཙང་ནས་གདན་དྲངས་ཏེ་ནང་སོ་ཆེན་མོའི་ཆོས་ཀྱི་གསེར་ཁྲིར་མངའ་གསོལ། ཚུལ་ནང་ལྷ་གསུམ་ཞེས་ནང་ཆེན་རྒྱལ་རབས་ཀྱི་ལོ་རྒྱུས་ཐོག་ཏུ་གྲགས་པའི་མི་སྣ་གསུམ་བྱུང་ཞིང་། དེ་ནི་ཚུལ་ཤེས་རབ་དཀོན་མཆོག་དང་ནང་སོ་རས་པ་དཀར་པོ་ལུས་མེད་རྡོ་རྗེ་ཡབ་སྲས། ལྷ་ཤག་རྒྱལ་གསུམ་མོ། ནང་ཆེན་རྒྱལ་པོ་གུང་སྒོམ་ཨའུ་དང་ཆོས་ཀྱི་བདག་པོ་སྤྱན་སྔ་རས་པ་གཉིས་སྔ་ཕྱི་སྐུ་གྲོངས་རྗེས། ནང་ཆེན་རྒྱལ་རབས་ནི་སྐྱ་ཆད་སྔོ་རྡུག་སྟེ་ཆེས་ཉག་ཕྲ་བའི་སྐབས་སུ་ལྷ་ནང་ཚུལ་གསུམ་གྱིས་བསྟན་སྲིད་ཀྱི་བྱ་བའི་འགན་འཁྲི་ཕྲག་ཏུ་བཏེགས་ཏེ་ཕྲིན་ལས་མཛད་པ་ཕྱོགས་བཞིར་བསྐྱངས།
  གུང་སྒོམ་ཨའུ་དྲུག་ཅུར་འདས་ཞེས་པ་མ་གཏོགས་དུས་ནམ་ཞིག་འདས་པའི་ལོ་ཚིགས་མ་རྙེད་ཀྱང་། ལོ་རྒྱུས་ཀྱི་གོ་རིམ་སྒྲིག་ཚུལ་ལྟར་ན་གུང་སྒོམ་ཨའུ་སྔོན་དང་སྤྱན་སྔ་གཞུག་ནས་འདས་པ་འདྲ་ཞིང་། དེ་ལྟར་སྤྱན་སྔ་རས་པ་དཀར་པོ་ནི་དགུང་གྲངས་རེ་ལྔ་སྟེ་སྤྱི་ལོ་༡༢༦༢ལོར་སྐུ་གཤེགས་ཤིང་གུང་སྒོམ་ཨའུ་དེའི་སྔོན་ཞིག་ནས་འདས་པར་སྙམ། གསང་བ་ལུས་མེད་རྡོ་རྗེ་༡༢༦༥ལོར་ཆོས་ཁྲིར་མངའ་གསོལ་བ་ནས་ལྷ་ཁང་གསར་མ་ཀ་བ་བཅུ་གཅིག་གི་རྒྱ་ཁྱོན་ཅན་བཞེངས་ཏེ་དགོན་པ་དར་རྒྱས་ཆེར་མཛད་ཅིང་། ལོ་རྒྱུས་ཐོག་ཏུ་ལྷ་ནང་ཚུལ་ཞེས་པ་གྲགས་ཚུལ་ལ་བལྟས་ན། ༡༢༦༥ལོར་ནང་ཆེན་རྒྱལ་རབས་གཉིས་པ་ད་དུང་རྩད་མ་ཆོད་པར་ལྷ་ཚུལ་གཉིས་ཀྱིས་བློན་གྱི་འགན་ཐོག་ནས་རྒྱལ་སྲིད་ལ་ཞབས་ཏོག་ཞུས་བཞིན་པ་མངོན།
  [①]འབྲོ་སྦྱིན་པས་བསྒྲིགས། ཡུལ་ཤུལ་ཁམས་སྟོད་ཀྱི་མཁས་གྲུབ་རྣམ་པའི་གསུང་བཅུད་བདུད་རྩིའི་ཐིགས་ཕྲེང་ཞེས་བྱ་བ་ལས་ལོ་རྒྱུས་དང་ཆོས་ལུགས་ཀྱི་སྐོར།【M】བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༢ལོ p༣
  [2] ཀྱེ་ཧུས་འཁོར་ལོ་བཟང་པོ་ནས་གུང་སྒོམ་ཨའུ་བར་མི་རབས་དུ་བྱོན་པའི་ཐད་ལ་མཁས་པ་རྣམ་པའི་དགོངས་པ་མི་མཐུན་ཏེ། ཁམས་སྟོད་ལོ་རྒྱུས་ཐོར་བསྡུས་སུ་མི་རབས་ཞེ་ལྔ་བྱོན་ཚུལ་དང་། དེབ་ཐེར་ཡ་རབས་རྣ་རྒྱན་དུ་མི་རབས་ལྔ་བཅུ་ང་གཅིག་གི་མིང་བགྲངས་པ། གསར་དུ་བསྒྲིགས་པའི་ནང་ཆེན་རྒྱལ་རབས་དང་དཔོན་ཁག་རྣམས་ཀྱི་བྱུང་བ་བརྗོད་པར་མི་རབས་སོ་བདུན་ཙམ་གྱི་མིང་དྲངས་འདུག འདི་སུམ་ཅུ་ནི་ཤོར་ཕུ་གསེར་ཕྲེང་གི་ལུགས་ལྟར་བཞག་པ་ཡིན།
  ༼ 3 ༽ འདན་མ་འཇམ་དབྱངས་ཚུལ་ཁྲིམས། ཁམས་སྟོད་ལོ་རྒྱུས་ཐོར་བསྡུས་ཀྱི་སྨད་ཆ། 【M】ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1997ལོ p64
  ༼4༽སོ་རག་བྱ་བྲལ། སོ་རག་གསེར་ཕྲེང་། 【M】འབའ་རོམ་ནང་བསྟན་མཐུན་ཚོགས་ཀྱིས་བསྒྲིགས། ༢༠༡༤ལོ། p༢༨༥
  ༼5༽ སོ་རག་བྱ་བྲལ། སོ་རག་གསེར་ཕྲེང་། 【M】འབའ་རོམ་ནང་བསྟན་མཐུན་ཚོགས་ཀྱིས་བསྒྲིགས། ༢༠༡༤ལོ། p༢༧༤
  ༼6༽ ཤོར་ཕུ་ཀརྨ་རབ་གསལ། ཤོར་ཕུ་གསེར་ཕྲེང་། 【M】འབའ་རོམ་ནང་བསྟན་མཐུན་ཚོགས་ཀྱིས་བསྒྲིགས། ༢༠༡༤ལོ། p༡༩
  ༼7༽ ལྷོ་བསྟན་འཛིན་ཉི་མས་བརྩམས་པའི་བོད་མདོ་ཁམས་ནང་ཆེན་དགེ་འབྲོང་ཡུལ་གྱི་སྣོད་བཅུད་ལུགས་གཉིས་བརྗོད་པའི་དེབ་ཐེར་ཞེས་པའི་ནང་དུ་དེ་ན་ཡང་ཏྲེ་བོ་ཨ་ཀླུའམ་གུ་གོང་པ་ཨའུ་ནི་ཀྱེ་ཧུས་འཁོར་ལོ་བཟང་པོ་ནས་བརྩིས་པའི་འབྲུ་རྗེའི་གདུང་རབས་ཞེ་གསུམ་པ་འབྲུ་དར་སེང་གེའི་སྲས་ཏྲེ་རབ་ཁར་འཁྲུངས། ཞེས་འཁོད་འདུག
  ༼8༽ ཤོར་ཕུ་ཀརྨ་རབ་གསལ། ཤོར་ཕུ་གསེར་ཕྲེང་། 【M】འབའ་རོམ་ནང་བསྟན་མཐུན་ཚོགས་ཀྱིས་བསྒྲིགས། ༢༠༡༤ལོ། p༣༣
  ༼9༽ ཤོར་ཕུ་ཀརྨ་རབ་གསལ། ཤོར་ཕུ་གསེར་ཕྲེང་། 【M】འབའ་རོམ་ནང་བསྟན་མཐུན་ཚོགས་ཀྱིས་བསྒྲིགས། ༢༠༡༤ལོ། p༣༧
  ༼10༽ འབྲོ་སྦྱིན་པས་བསྒྲིགས། ཡུལ་ཤུལ་ཁམས་སྟོད་ཀྱི་མཁས་གྲུབ་རྣམ་པའི་གསུང་བཅུད་བདུད་རྩིའི་ཐིགས་ཕྲེང་ཞེས་བྱ་བ་ལས་ལོ་རྒྱུས་དང་ཆོས་ལུགས་ཀྱི་སྐོར།【M】བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༢ལོ p༤
  ༼11༽ སྤོས་ལྡན་གྲོང་དུ་དབྱར་གྱི་ཉི་འོད་ཀྱིས་རབ་ཏུ་མནར་བའི་ཉིན་ཞིག གུས་པོས་སྟབས་ལེགས་པར་རྩོམ་པ་པོ་དངོས་མཇལ་གྱི་གོ་སྐབས་རྙེད། དུས་ཚོད་བཞི་ཙམ་གྱི་རིང་དུ་སྤྱིར་ནང་ཆེན་རྒྱལ་རབས་དང་འབྲེལ་བའི་ལོ་རྒྱུས་ཀྱི་སྐོར་དང་། སྒོས་ནང་ཆེན་རྒྱལ་པོ་དང་པོར་གུང་སྒོམ་ཨའུ་དང་ཏྲེ་བོ་ཨ་ཀླུ་གཉིས་གང་འགྲིག་མིན་གྱི་ཐད་ལ་གསུངས་མོལ་རབ་དང་རིམ་པ་བགྱིས། དོན་ངོ་མར་རྩོམ་པ་པོ་ཁོང་ལ་འདིའི་སྐོར་ད་དུང་སོམ་ཉི་དགོངས་ཤིང་། དགེ་འབྲོང་ལོ་རྒྱུས་འབྲི་བའི་སྐབས་ཐོག་དེར་སོ་རག་གསེར་ཕྲེང་སོགས་ནང་ཆེན་རྒྱལ་རབས་དང་འབྲེལ་བའི་དཔྱད་གཞི་ཡིག་ཆ་རྙིང་གྲས་འགའ་རྒྱུ་རྐྱེན་དུ་མས་ཕྱག་ཏུ་མ་འབྱོར་བས། དགེ་རྒན་སྦྱིན་པས་འབྲི་བཞིན་པའི་ནང་ཆེན་རྒྱལ་རབས་སྐོར་གྱི་ཡིག་ཆ་དག་གཞི་བཟུང་ནས་བྲིས་ཚུལ་གསལ་བོར་གསུངས། དེས་ན་ད་ལྟ་རྩོམ་པ་པོ་ཁོང་གི་དགོངས་བཞེད་མཐའ་གཅིག་དེབ་ཐེར་དུ་བྲིས་པ་བཞིན་མིན་ཚུལ་ཚིག་ཟུར་ལས་མངོན།
  ༼12༽ སོ་རག་བྱ་བྲལ། སོ་རག་གསེར་ཕྲེང་། 【M】འབའ་རོམ་ནང་བསྟན་མཐུན་ཚོགས་ཀྱིས་བསྒྲིགས། ༢༠༡༤ལོ། p༢༧༤
  ༼13༽ ཤོར་ཕུ་ཀརྨ་རབ་གསལ། ཤོར་ཕུ་གསེར་ཕྲེང་། 【M】འབའ་རོམ་ནང་བསྟན་མཐུན་ཚོགས་ཀྱིས་བསྒྲིགས། ༢༠༡༤ལོ། p༡༩
  ༼14༽ ད་ལྟ་ཤམ་མདའ་གྲོང་རྡལ་ཟླ་ཆོ་གྲོང་ལ་ཟེར།
  ༼15༽ད་ལྟ་སྤྲེལ་ཚྭ་ཞང་སྤྱི་ཐག་གྲོང་ཡིན།
  ༼16༽ ཆབ་མདོ་དང་ནང་ཆེན་བར་ཟླ་རྒྱུད་ལ་ཡོད་འདུག
  ༼17༽ད་ལྟ་ལྕི་ཆུ་ཞང་དབེ་ཁུ་ཁ་གྲོང་ལ་ཟེར།
  ༼18༽བོད་ལྗོངས་ཆབ་མདོ་ལ་ཡོད་འདུག
  ༼19༽འདན་ཁོག་གི་ས་ཆར་ཞིག་ཨེ་ཡིན་སྙམ།
  ༼20༽གོང་ཞེས་པ་ནི་གོང་མའི་དོན་སྟེ། འདིར་ས་སྐྱའི་འགྲོ་མགོན་འཕགས་པར་གོ
  ༼ 21༽སོ་རག་བྱ་བྲལ། སོ་རག་གསེར་ཕྲེང་། 【M】འབའ་རོམ་ནང་བསྟན་མཐུན་ཚོགས་ཀྱིས་བསྒྲིགས། ༢༠༡༤ལོ། p༢༧༨
  ༼ 22༽དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན།【M】 མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ལོ་དཔར་ཐེབས་གསུམ་པ། p༡༠༣
  ༼ 23༽སོ་རག་བྱ་བྲལ། སོ་རག་གསེར་ཕྲེང་། 【M】འབའ་རོམ་ནང་བསྟན་མཐུན་ཚོགས་ཀྱིས་བསྒྲིགས། ༢༠༡༤ལོ། p༢༧༨
༼ རྩོམ་སྒྲིག་འགན་ཁུར་བ་ཨོ་རྒྱན་དོན་གྲུབ། ༽
  • ལེ་ཚན་སྔོན་མ།:དར་མདོའི་གདན་ཐོག་རིའི་ངོ་སྤྲོད།
  • ལེ་ཚན་རྗེས་མ།:མདོ་ཁམས་སྟོད་མའི་ལོ་རྒྱུས་ཀྱི་ཞིབ་འཇུག་གི་གནས་བབ་རགས་ཙམ་བཤད་པ།