དེ་ཡང་ལར་སྐྱེས་པའི་མིས་རང་གི་སྐྱེ་རྒྱུད་མ་ཤེས་ན། ནགས་ཁུང་གི་སྤྲེའུ་འདྲ། མི་རང་གི་ཆོ་འབྲང་མ་ཤེས་ན་གཡུ་འབྲུག་ཟོལ་མ་འདྲ། ཡབ་མེས་ཀྱི་ཆེ་དགེ་ཡིག་ཚང་མ་ཤེས་ན། མོན་ཕྲུག་ཡལ་བོར་འདྲ། ཞེས་གསུངས་པ་ལྟར། རྒྱལ་ཁབ་དང་མི་རིགས་གང་ཞིག་ཀྱང་སོ་སོའི་ཕ་མེས་ཀྱི་བྱུང་རབས་དང་སྔོན་བྱུང་གི་ལོ་རྒྱུས་མ་ཤེས་ན་དོན་དུ་རང་ངོ་རང་གིས་མི་ཤེས་པའི་ཚད་དུ་སླེབས། ངོ་མ་བཤད་ན། རིག་གནས་ལ་བརྩི་བཀུར་དང་རིན་ཐང་སྤྲད་མིན་དེ་རིག་གནས་བྱུང་སའི་རྒྱལ་ཁབ་དང་མི་རིགས་དེའི་ལོ་རྒྱུས་མཁྱེན་མིན་ནི་རྩ་བའི་གནད་འགག་ཡིན། འུ་ཅག་མི་རིགས་འདིར་མཚོན་ན། སྔར་ནས་ལོ་རྒྱུས་འབྲི་བའི་སྲོལ་དེ་ཙམ་མེད་ཅིང་བཙན་པོའི་དུས་སྐབས་ཀྱི་ལོ་རྒྱུས་ཡིག་ཆའང་རྒྱའི་མི་རིགས་ལྟར་ཕུན་སུམ་ཚོགས་པ་ཞིག་མེད་ཕྱིར། བོད་བཙན་པོའི་སྐབས་ཀྱི་ལོ་རྒྱུས་དང་ལྷག་པར་ས་གནས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱ་ཚེ་ཁུངས་ལྡན་གྱི་ཡིག་ཆ་མང་པོ་ཞིག་འཚོལ་ཐབས་བྲལ་བས་ཞིབ་འཇུག་པ་རྣམས་བྱ་བའི་ཐོག་མཐའ་བར་གསུམ་ལ་དཀའ་ལས་མང་པོ་འཕྲད་བཞིན་ཡོད།
དུས་རབས་བཅུ་གཉིས་པ་ནས་བཟུང་ལོ་རྒྱུས་སྨྲ་བ་དག་གིས་རང་གི་ལྟ་བ་གཙོར་བཟུང་བའི་ལོ་རྒྱུས་ཀྱི་དེབ་ཐེར། ཆོས་འབྱུང་། གདན་རབས། ཁྲི་རབས། རྣམ་ཐར་སོགས་འབྲི་ཐབས་དང་ནང་དོན་མི་གཅིག་པའི་བརྩམས་ཆོས་མང་པོ་སྤེལ་བ་དང་། ལྷག་པར་དུས་རབས་བཅུ་དགུའི་འགོར་ཏུན་ཧོང་བྲག་ཕུག་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་ཤོག་དྲིལ་དག་ནི་བཙན་པོའི་རྒྱལ་རབས་དུས་སྐབས་སུ་བྱུང་བའི་ཆབ་སྲིད་དང་ཁྲིམས་ལུགས། དཔལ་འབྱོར། དམག་དོན། སྲིད་འཛིན་སྒྲིག་གཞི་སོགས་དོན་གྱི་བྱུང་བ་དག་སུས་ཀྱང་འཕྲི་སྣོན་དང་བཟོ་བཅོས་གང་ཡང་མ་བྱས་པའི་དུས་སྐབས་དེའི་ཡིག་ཆ་དངོས་ཡིན་ཕྱིར་ཞིབ་འཇུག་གི་རིན་ཐང་བླ་ལྷག་ཆེ། བྱེ་བྲག་ས་གནས་ཀྱི་ལོ་རྒྱུས《ལྷོ་བྲག་ཆོས་འབྱུང་།》 《ཁམས་པའི་ལོ་རྒྱུས་གླེང་བའི་གཏམ།》(འབུམ་རམས་པ་དགེ་ལེགས་ཀྱིས་བརྩམས་ཤིང༢༠༡༤ལོར་སི་ཁྲོན་བཟོ་རྩལ་དཔེ་སྐྲུན་ཁང་ནས་དཔར།)《སྡེ་དགེ་རྒྱལ་པོའི་ལོ་རྒྱུས། 》《མེ་ཉག་གི་ལོ་རྒྱུས།》《ཨ་མདོའི་ལོ་རྒྱུས་ཆེན་མོ།》 《མདོ་སྨད་ཆོས་འབྱུང་》སོགས་ལྟ་བུ་ནི་བོད་ཁམས་བྱེ་བྲག་པའི་ས་ཁུལ་དང་ལུང་བ་སོ་སོའི་དཔོན་རབས་དང་བླ་རབས། ཡུལ་སྲོལ་གོམས་གཤིས། ཆབ་སྲིད་རིག་གནས་སོགས་བྲིས་པ་དེས་བོད་ཀྱི་ལོ་རྒྱུས་བྱེ་བྲག་པའི་སྐོར་ལ་དཔྱད་གཞིའི་རིན་ཐང་མངའ། དེ་ཡང་མདོ་དབུས་ཁམས་གསུམ་ཞེས་གྲགས་པའི་ནང་གསེས་མདོ་སྟོད་མི་ཡི་ཆོལ་ཁ། ཆུ་བོ་རྨ་འབྲི་ཟླ་གསུམ་གྱི་འབྱུང་ཡུལ། བོད་ཀྱི་རུས་ཆེན་སྒ་དང་འབྲི་ཡི་རྒྱུད་པ། ད་ལྟ་ཡོངས་གྲགས་སུ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཞེས་གྲགས་པའི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གྱི་བཀོད་པའི་ཐོག་མར་ལོ་ངོ་བདུན་བརྒྱ་ཡར་སྔོན་དུ་ནང་སོ་ཆེན་པོས་ཡུལ་གྱི་དབང་བཟུང་སྟེ། དངུལ་ལྡན་རྫ་ཀླུང་རིང་མོའི་འགྲམ་དུ་ཆབ་སྲིད་ཀྱི་ཁ་ལོ་བསྒྱུར་ཏེ། བོད་ཆོས་སྲིད་ཀྱི་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་སྤེལ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཆེན་མོ་དག་ཆེད་མཁས་པ་དང་རྩོམ་པ་པོའི་བློ་གྲོས་ཀྱི་རྩལ་ལས་འཁྲུངས་པའི་བརྩམས་ཆོས་མི་ཉུང་ཡོད་པ་ལས། 《སོ་རག་གསེར་ཕྲེང་》ནི་སོ་བྲལ་བྱ་བྲལ་བས་སྤྱི་ལོ༡༤༦༨ལོར་བརྩམས་ཤིང་། དེའི་ནང་དུ་ དཔལ་ལྡན་འབའ་རོམ་པའི་བརྒྱུད་པ་གསེར་རིའི་ཕྲེང་བ་རྣམ་ཐར། འབའ་རོམ་གསེར་ཕྲེང་གི་རྣམ་ཐར་མདོར་བསྡུས་བཅས་དོན་ཚན་ཆེན་མོ་གཉིས་ལས། རྣམ་ཐར་མདོར་བསྡུས་སུ་འགྲོ་མགོན་ཏི་ཤྲི་རས་པ་དང་། སྤྱན་སྔ་རས་པ་དཀར་པོ། སྤྱན་སྔ་གུར་དཀར་བ། གུང་སྒོམ་ཨའུ། ལྷ་ནང་ཚུལ་གསུམ། གསང་བ་ལུས་མེད་རྡོ་རྗེ་སོགས་ནང་ཆེན་རྒྱལ་རབས་དབུ་ཚུགས་པའི་དུས་རབས་ནང་དུ། ཡུལ་ནང་ཆེན་དུ་བྱུང་བའི་སྐྱེས་ཆེན་རྣམ་པའི་ལོ་རྒྱུས་དག་ཁ་གསལ་དོན་བསྡུས་ཀྱི་ཚུལ་དུ་བཀོད་དོ།། དེའི་རྗེས་སྤྱི་ལོ༡༦༤༨ལོར་ཤོར་ཕུ་ཀརྨ་རབ་གསལ་ལགས་ཀྱིས་བརྩམས་པའི《ཤོར་ཕུ་གསེར་ཕྲེང་》ཡིན་ཞིང་། བརྩམས་ཆོས་དེ་གཉིས་ནི་ཉེ་ཆར་ནང་ཆེན་རྒྱལ་པོ་ཐོག་མར་ཇི་ལྟར་དབུ་བརྙེས་ཚུལ་དང་བར་དུ་འཕེལ་ཚུལ་གྱི་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་ཡིན། ༡༩༦༥ལོར་ཀརྨ་འཕྲིན་ལས་ལགས་ཀྱིས་བརྩམས་པའི《དེབ་ཐེར་ཡ་རབས་རྣ་རྒྱན》ཞེས་པའི་དེབ་ཆུང་ནང་དུ་ནང་ཆེན་འབྲུ་རྗེའི་གདུང་རབས་དང་ནང་ཆེན་རྒྱལ་རབས་ཀྱི་བྱུང་བ་གནད་བསྡུས་དོན་བསྡུས་ཁ་གསལ་གྱིས་བྲིས་ཤིང་། ཕྱིས་ཀྱི་རྩོམ་པ་པོས་ནང་སོ་ཆེན་པོའི་རྒྱལ་རབས་སྐོར་ལ་དེབ་ཆུང་འདི་དཔྱད་གཞིར་བཟུང་པ་མང་། དེབ་ཆུང་དེའི་མཇུག་གི་གཏམ་ལ་བལྟས་ཚེ། རྩོམ་པ་པོས་གདུང་རབས་དཔེ་རྙིང་ལ་གཞི་བཅོལ། ལག་ཏུ་འབྱོར་ཡང་སྔ་རྒྱུས་དང་རྣ་ཐོས་ལས་དྲངས་པ་དང་། ཀྲུའུ་ཤིས་ཝུས་ཀྱིས་བྲིས་པའི《ཡུལ་ཤུལ་རྟོག་དཔྱོད་ཟིན་བྲིས།》 (༡༩༨༦ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར)ཞེས་པའི་བརྩམས་ཆོས་ནི་ཡུལ་ཤུལ་གྱི་རིག་གནས་ལོ་རྒྱུས་དམིགས་སུ་བཟུང་སྟེ། ཡུལ་གྱི་ཚོ་བ་དང་དཔོན་ཁག ཆོས་ལུགས་དང་ཡུལ་སྲོལ་གོམས་གཤིས་སོགས་ལ་མིའི་རིགས་རིག་པའི་ཐབས་ལམ་བརྒྱུད་དེ་བྲིས་པའི་ཡུལ་ཤུལ་རྟོག་དཔྱོད་ཟིན་བྲིས་ཐོག་མར་ཡིན། འོན་ཀྱང་། བརྩམས་ཆོས་དེ་རྩོམ་པ་པོས་ཡུལ་ཤུལ་གྱི་སྣ་མང་རིག་གནས་ཀྱི་སྐོར་བྲིས་པས་ལོ་རྒྱུས་རྐྱང་པའི་སྐོར་བྲིས་པ་ཉུང་སྟེ། ནང་ཆེན་རྒྱལ་རབས་དང་བློན་རབས་ཀྱི་སྐོར་ནི་མིང་གི་རྣམ་གྲངས་ཙམ་ལས་ཞིབ་བརྗོད་བྱས་མེད་པ་དང་། སྔོན་གྱི་ཡིག་ཆ་དག་དཔྱད་བསྡུར་དང་ཞིབ་འཇུག་གི་ཐབས་ལམ་བཀོད་མེད་པར་མ་ཟད། རྒྱ་ཡིག་གི་དཔྱད་གཞིའི་ཡིག་ཆ་ཁོ་ན་མ་གཏོགས་བོད་ཡིག་གི་ཡིག་ཆ་གཅིག་ཀྱང་ཟུང་དུ་སྦྲེལ་ཏེ་དཔྱད་མེད་པས་འཐུས་ཚང་ཞིག་མིན་པར་སྙམ། གཞན་ཡང༡༩༩༦ལོར་ལྡན་མ་འཇམ་དབྱངས་ཚུལ་ཁྲིམས་དང་ནང་ཆེན་མཁན་པོ་རྡོ་རྗེས་བྲིས་པའི《ཁམས་སྟོད་ལོ་རྒྱུས་ཐོར་བསྡུས》ཞེས་པ་བོད་ཡིག་གི་ལམ་ནས་ནང་ཆེན་རྒྱལ་རབས་རིམ་བྱུང་གིས་ཆོས་སྲིད་བསྐྱངས་ཚུལ་དང་བློན་འབངས་དག་གི་བྱུང་རབས་མདོར་བསྡུས་ཤིག་ས་བཅད་མ་སྟོང་གི་ཚུལ་དུ་བཀོད་ཡོད། དེ་ནི་རྩོམ་པ་པོས་བོད་ཡིག་གི་དཔྱད་གཞིའི་ཡིག་ཆ་གཞིར་བཟུང་སྟེ་བྲིས་ཀྱང་། ཡིག་ཆ་བསྡུས་བསྒྲིགས་ཙམ་མ་གཏོགས་ཞིབ་འཇུག་གི་རིགས་ལམ་དེ་ཙམ་བཀོལ་མེད་པ་དང་། ནང་དོན་དག་གནད་དུ་ཁེལ་ཞིང་སྒྲིག་གཞི་ཚད་ལྡན་ཞིག་མ་མངོན། གང་ལྟར་ཉེ་བའི་ལོ་དུ་མའི་ཁྲོད《ཁམས་སྟོད་ལོ་རྒྱུས་ཐོར་བསྡུས》ནི་སྲིད་གཞུང་དང་ས་གནས་ཀྱིས་ནང་ཆེན་རྒྱལ་རབས་དང་འབྲེལ་བའི་ཡིག་ཆ་གལ་ཆེན་དུ་བཟུང་། ཚངས་གསར་བློ་གྲོས་རིན་ཆེན་གྱིས《དཔལ་ལྡན་འབའ་རོམ་བཀའ་བརྒྱུད་ཀྱི་རྣམ་ཐར་ཆོས་འབྱུང་མདོར་བསྡུས་གསལ་བྱེད་སྒྲོལ་མེ》ཞེས་པ་བརྩམས་ཤིང་། དཔེ་དེབ་དེའི་ནང་དུ་བོད་ཀྱི་སྲོལ་རྒྱུན་འབྲི་ལུགས་ལྟར་སྟོན་པ་མཆོག་གི་རྟོགས་བརྗོད་དང་བཀའ་བརྒྱུད་སྤྱིའི་བྱུང་ཚུལ། སྒྲུབ་བརྒྱུད་པའི་ཆོས་འབྱུང་དང་ཆོས་སྲིད་ཟུང་འབྲེལ་གྱིས་བསྟན་པ་སྤེལ་ཚུལ། དོན་བརྒྱུད་བྱེ་བྲག་ཏུ་གྱུར་ཚུལ་བཅས་ལེའུ་ཆེན་མོ་གསུམ་གྱི་སྒོ་ནས་བྲིས་ཤིང་། སྒྲུབ་བརྒྱུད་པའི་ཆོས་སྲིད་ཟུང་འབྲེལ་གྱིས་བསྟན་པ་སྤེལ་ཚུལ་ལས་ནང་ཆེན་རྒྱལ་རབས་བྱུང་ཚུལ་སྐོར་བྲིས་པ་དང་། སྤྱིར་བཏང་ལྟར་ན《སོ་རག་གསེར་ཕྲེང》དང《ཤོར་ཕུ་གསེར་ཕྲེང》གི་ལུགས་ལྟར་བྲིས་ཀྱང་། སྒོམ་སྡེ་ཚངས་གསར་བའི་ལོ་རྒྱུས་རྒྱས་པ་བཤད་པར་དམིགས་སུ་དཔྱད་གཞི་གལ་ཆེ། དེའི་རྗེས། ཡུལ་ཤུལ་ཁུལ་རྫོང་སོ་སོའི་སྲིད་གྲོས་ལྷན་ཚོགས་ཀྱིས་གཙོ་སྒྲིག་བྱས་པའི་རྫོང་དྲུག་གི《དགོན་སྡེའི་ལོ་རྒྱུས》ཞེས་པ་དཔར། དེའི་ནང་དོན་གཙོ་བོ་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་དགོན་པའི་བྱུང་རབས་དང་ཞོར་དུ་དཔོན་ཁག་དག་གི་བྱུང་བ་དག་ལག་ཟིན་ཅི་ཐུབ་ཙམ་བྲིས་འདུག གཞན་ད་དུང《ཡུལ་ཤུལ་ཁུལ་གནས་ཚུལ་གསལ་འགོད།》དང་། 《ཡུལ་ཤུལ་རྫོང་གི་གནས་ཚུལ་གསལ་འགོད།》ནི་ཐད་ཀར་སྲིད་གཞུང་གི་རོགས་རམ་འོག་ས་གནས་ལོ་རྒྱུས་རྩོམ་སྒྲིག་ཨུ་ཡོན་ལྷན་ཚོགས་ཀྱིས་རྩོམ་སྒྲིག་བྱས་ཤིང་། ས་གནས་ཀྱི་ཆབ་སྲིད། རིག་གནས། དཔལ་འབྱོར། སྤྱི་ཚོགས། ས་རྒྱུས་བཅས་ཕྱོགས་བསྡུས་ཅན་གྱི་ལོ་རྒྱུས་ཡིག་ཆ་ཞིག་ཡིན་ལ། གཙོ་བོ་བཅིངས་བགྲོལ་རྗེས་ཀྱི་སྲིད་འཛིན་སྡེ་ཁག་གི་གནས་ཚུལ་བརྗོད་ཡོད། ༢༠༡༡ལོར་ཡུལ་ཤུལ་ཁུལ་རྒྱལ་ཡོངས་ཐེངས་གསུམ་པའི་རིག་དངོས་རྟོག་དཔྱོད་འགོ་ཁྲིད་ཚོགས་ཆུང་གཞུང་སྒྲུབ་ཁང་གིས་དཔར་བའི《ཡུལ་ཤུལ་ཁུལ་རྒྱལ་ཡོངས་ཐེངས་གསུམ་པའི་རིག་དངོས་རྟོག་དཔྱོད་བྱ་བའི་སྙན་ཞུ》ཁྲོད། སྒྲིག་པ་པོས་གནའ་རྫས་རྟོག་དཔྱོད་རིག་པའི་ཐབས་ལམ་ལ་བརྟེན་ཏེ་ཡུལ་ཤུལ་ས་ཁུལ་དུ་ཡོད་པའི་གནའ་བོའི་བང་སོ་དང་བྲག་བརྐོས་སྐུ་བརྙན་དང་ཡི་གེ གནའ་བོའི་བཟོ་སྐྲུན་དག་ཡུལ་གང་དང་དུས་ནམ་ཙམ་བྱུང་བའི་ལོ་ཚིགས་དང་བཅས་ཁ་གསལ་བོར་འཁོད་འདུག་པ་དེས། ཡུལ་ཤུལ་ས་ཁུལ་གྱི་གནའ་བོའི་ལོ་རྒྱུས་དང་རིག་གནས་ཞིབ་འཇུག་བྱ་བར་དཔྱད་གཞིའི་ཁུངས་སྣེ་གལ་ཆེན་བཟུང་ཡོད། ཉེ་ཆར་ལྷོ་སྤྲུལ་རིན་པོ་ཆེས་བརྩམས་པའི《མདོ་ཁམས་དགེ་འབྲོང་གི་ལོ་རྒྱུས》ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར། དེའི་ནང་དུ་ནང་ཆེན་རྒྱལ་རབས་དང་གདན་རབས་ཀྱི་ལོ་རྒྱུས་ཅུང་ཞིབ་ཆ་དང་བཅས་བྲིས་པར་མ་ཟད། ལྷག་ཏུ་རྫ་སྟོད་དགེ་འབྲོང་གི་ལོ་རྒྱུས་རྒྱས་པ་སྤྲོས། ཡུལ་ཤུལ་ལོ་རྒྱུས་ཐོག་སྤྲུལ་སྐུའི་མིང་ཐོག་ནས་ལོ་རྒྱུས་བྲིས་པ་ཐོག་མ་རུ་སྣང་། ལོ་རྒྱུས་དེབ་ཐེར་དེའི་ནང་དུ་ནང་ཆེན་ལོ་རྒྱུས་རྒྱལ་རབས་གླེང་སྐབས《སོ་རག་གསེར་ཕྲེང》དང་《ཤོར་ཕུ་གསེར་ཕྲེང》སོགས་ཡིག་ཆ་རྙིང་བའི་དཔྱད་གཞི་མ་འཇོན་པ་ནི་རྩོམ་འདིའི་ཞན་ཆ་རུ་གྱུར་ལ། ལྷག་ཏུ་ནང་ཆེན་རྒྱལ་རབས་དང་པོའི་སྐོར་གྱི་གསུངས་དག་ཅུང་ལོ་རྒྱུས་ཀྱི་བདེན་ཁ་བཟུང་དཀའ་སྙམ།
དཔྱད་རྩོམ་གྱི་སྐོར་ལ་འབིས་ཁོག་གི་བྲག་བསྐོར་ཡི་གེ་དང་སྐུ་བརྙན་གྱི་སྐོར་ལ་རྒྱལ་སྤྱི་བོད་རིག་པ་ཆེད་མཁས་པ་མཁར་རྨེ་བསམ་གཏན་དང་རྒྱལ་ནང་གི་གཉའ་གོང་དཀོན་མཆོག་ཚེ་བརྟན། གདུགས་དཀར་ཚེ་རིང་། བོ་ཐར་བཀྲ་ཤིས་ཆོས་འཕེལ། ཉི་མ་རྒྱལ་མཚན་སོགས་ཞིབ་འཇུག་པ་དག་གིས་ཞིབ་འཇུག་གི་དཔྱད་འབྲས་དག《བོད་ལྗོངས་ཞིབ་འཇུག》དང《ཀྲུང་གོ་བོད་རིག་པ》《སྦྲང་ཆར》དུས་དེབ་ཐོག་ཏུ་སྤེལ། གཞན་ཡུལ་ཤུལ་རིག་གནས་ལོ་རྒྱུས་སྐོར་ཆེད་དུ་ཞིབ་འཇུག་པ་བསམ་གཏན་ཚེ་རིང་གིས《ཆིན་རྒྱལ་རབས་སྐབས་ཡུལ་ཤུལ་གྱི་བེ་ཧུའི་སྒྲིག་གཞི་ཇི་ལྟར་བྱུང་ཚུལ་དང་དེའི་སྐོར་གྱི་གནད་དོན་འགར་དཔྱད་པ》དང《གོ་མིན་དུས་འགོར་ཁྲོན་ལུང་ཞིང་ཆེན་གཉིས་ལས་ནང་ཆེན་གང་གི་ཁོངས་སུ་གཏོགས་མིན་སྐོར་དབྱེ་ཞིབ》སོགས་བྲིས་ཏེ་ཡུལ་ཤུལ་རིག་གནས་ལོ་རྒྱུས་ལ་རྟོག་དཔྱོད་ཀྱི་ལམ་བུ་གཏོད་ཡོད།
༼ རྩོམ་སྒྲིག་འགན་ཁུར་བ་ཨོ་རྒྱན་དོན་གྲུབ། ༽