འབའ་ཐང་གི་མིང་གི་འབྱུང་ཁུངས་ལ་དཔྱད་པ་དང་ངོ་སྤྲོད་མདོར་བསྡུས།

སྐལ་ཐུབ།        2020-08-31

འབའ་ཐང་གི་མིང་གི་འབྱུང་ཁུངས་ལ་དཔྱད་པ་དང་ངོ་སྤྲོད་མདོར་བསྡུས།

དང་པོ། འབའ་ཐང་མིང་གི་འབྱུང་ཁུངས་ལ་དཔྱད་པ། 

    འབའ་ཐང་གི་མིང་གི་འབྱུང་ཁུངས་ཐད་ལ་བཤད་སྲོལ་དང་བཞེད་ཚུལ་མི་འདྲ་བ་ཁ་ཤས་ཡོད་དེ། རིགས་དང་པོ་ཡོངས་སུ་གྲགས་པའི་བཤད་སྲོལ་ཞིག་སྟེ། བོད་ཀྱིས་ལུག་ལ་གཡང་དཀར་ལུག་ཅེས་འབོད་ཅིང་གནའ་ནས་བཀྲ་ཤིས་གཡང་འཕེལ་བའི་མཚོན་བྱེད་དུ་རྩི་བཞིན་ཡོད། གནའ་སྔ་མོར་ལྷ་ཡུལ་ནས་འབྱུང་བའི་སྲིད་པའི་ལྷ་ལུག་དཀར་པོའི་ཁྱུ་ཞིག་འབའ་ཐང་གི་ས་ཆ་སྐྱིད་པོར་མཐོང་ནས་རང་དབང་མེད་པར་ཐང་ལ་བབས་པ་དང་། དེ་རྣམས་ཀྱིས་འབའ་འབའ་ཞེས་པའི་སྒྲ་གྲག་པ་ལ་བརྟེན་ནས་བཀྲ་ཤིས་པའི་རྟེན་འབྲེལ་རང་འགྲིག་གི་ཚུལ་དུ་མིང་ལྷ་སྒྲུང་དང་བསྟུན་ནས་བྱུང་བ་དང་། ཡང་འབའ་ཐང་ས་ཆའི་གནམ་གཤིས་དྲོ་ཞིང་རྩྭ་ཆུ་བཟང་བས་ར་ལུག་འཚོ་སྐྱོང་སླ་བའི་མཐུན་རྐྱེན་དང་བསྟུན། མི་རྣམས་ཀྱིས་སྔ་དྲོར་ལུག་མ་དང་ལུག་ཐུག་རྣམས་ལྷས་ར་ནས་ཕྱིར་ཕུད་དེ་རི་ཐང་དུ་འཚོ་སར་འགྲོ་བ་དང་། ལུ་གུ་རྣམས་ལྷས་ར་བཀག་ནས་བཞག་པ་རེད། རི་ཐང་དུ་གང་སར་གྲམ་བཞིན་ཡོད་པའི་ལུག་མ་ཚོས་རང་གི་ལུ་གུ་དྲན་ནས་རྩྭ་ཟ་ཞོར་འབའ་འབའ་ཞེས་སྐད་སྒྲ་རྒྱུན་ཆད་མེད་པར་བརྒྱབ་པས། རི་ཐང་དེའི་ཕྱོགས་བཞི་མཚམས་བརྒྱད་ལ་འབའ་སྒྲས་ཁེངས་པས་འབའ་སྒྲ་སྒྲོག་པའི་ཐང་ཡིན་པའི་ཆ་ནས་འབའ་ཐང་ཞེས་འཚོ་བ་བྱེད་སྟངས་ལ་དམིགས་ནས་མིང་བྱུང་བ་རེད།  རིགས་གཉིས་པ་ནི། བྱ་རྒྱལ་ཁྱུང་ནམ་མཁའ་ལ་ལྡིང་སྐོར་བརྒྱབ་ནས་ཁྱུང་སྐད་སྒྲོག་པའི་ཚེ་ས་གཞིའི་ཐང་ལ་ཡོད་པའི་ལུ་གུ་སྐྲག་ནས་འབའ་སྒྲ་བསྒྲགས་པས་འབའ་ཐང་ཞེས་མིང་ཐོགས་པ་རེད་ཅེས་པའི་བཤད་སྲོལ་བྱུང་། རིགས་གསུམ་པ་ནི་འབའ་པ་སྐལ་བཟང་འཕྲིན་ལས་ཀྱིས་བརྩམས་པའི་འབའ་ཐང་ཞེས་པའི་མིང་དོན་འཇུག་སྟངས་སྐོར་ཅུང་ཟད་དཔྱད་པ་ཞེས་པ་ལས། འབའ་ཐང་ཞེས་པའི་མིང་འཇུག་སྟངས་ཐད་འབའ་ཐང་གི་ལོ་རྒྱུས་གསར་རྙིང་ཁག་ན་འཕགས་པ་མ་འགག་པ་མི་ཡི་རྣམ་པར་རོལ་ནས་ས་དེ་གར་ཕེབས་སྐབས་སྲིད་པའི་ལྷ་ལུག་དཀར་པོས་འབལ་ཞེས་པའི་སྒྲ་སྒྲོག་པར་བརྟེན་འབལ་ཞེས་མིང་ཐོགས་པ་དང་། ཕྱིས་སུ་འབའ་ཞེས་སྒྲ་ཟུར་ཆགས་པ་ཡིན་ཞེས་བཀོད་ཡོད། རིགས་བཞི་པ་ནི་རྒྱ་ཡིག་གི་ཡིག་ཚང་དུ་འབའ་ཐང་གི་ལོ་རྒྱུས་ཁག་བཀོད་པ་ལྟར་ན། སྔོན་ས་གནས་དེ་ནི་འབྲོག་པའི་ས་ཆ་ཞིག་ཡིན་པ་དང་ས་གནས་དེར་འབྲོག་པའི་ཁྱིམ་ཚང་ཆེན་པོ་ཞིག་ཡོད། ཉིན་ཞིག་ཆུ་ལོག་གི་འཇིགས་པ་བྱུང་ནས་འབྲོག་ལུག་རེ་རེ་བཞིན་འབའ་འབའ་ཞེས་བསྒྲགས་པ་མཉམ་དུ་ཆུས་ཁྱེར་སོང་བ་དང་། འབྲོག་པའི་ཕ་རྒན་གྱིས་རང་གི་བུ་ཐང་མིང་ཅན་ཡང་ཡང་བོས་པར་བརྟེན་འབའ་ཐང་ཞེས་པའི་མིང་ཐོགས་རབས་བཤད་སྲོལ་འདུག   རིགས་ལྔ་པ་ནི་འབའ་སྡེ་དང་འབའ་ཐང་གཉིས་དོན་གཅིག་པ་ཡིན་ཞིང་། འབའ་སྡེ་ཞེས་པ་དེ་གཙོ་བོ་སྐབས་དེའི་སྲིད་འཛིན་ཁྱབ་ཁོངས་ཀྱི་མིང་དང་སྦྲེལ་ནས་བཏགས་པ་ཞིག་སྟེ། གཙང་སྡེ་པ་དང་སྡེ་པ་གཞུང་ཞེས་པའི་མིང་འདོགས་སྟངས་ལྟར་སྐབས་དེའི་འབའ་ཐང་སྲིད་གཞུང་ལ་འབའ་སྡེ་པ་ཟེར་བ་དང་དེའི་ཁྱབ་ཁོངས་ཡོད་པའི་སྡེ་འབངས་ཚང་མར་འབའ་སྡེ་ཞེས་ཟེར། འབའ་ཐང་ཞེས་པ་ནི་རིགས་རུས་དང་ས་གནས་ཆགས་བབ་གཉིས་ལྷན་དུ་སྦྲེལ་ནས་བཏགས་པའི་མིང་ཡིན་ཞིང་། འབའ་ནི་ས་དེའི་མི་རྣམས་ཀྱི་མཆེད་ཁུངས་ཀྱི་རུས་མིང་དང་། ཐང་ཞེས་པ་ནི་ས་དེའི་གནས་བབ་དེ་གཤོངས་རོང་ཡིན་པར་བརྟེན་ནས་བཏགས་པ་ཞིག་ཡིན། དེང་འབའ་པའི་མི་མང་པོ་ཞིག་གིས་འབའ་ཐང་ཞེས་པ་དེ་ཕྱི་འབྱུང“巴塘”ཞེས་པའི་རྒྱ་སྐད་ཟུར་ཆགས་པར་བསམས་ཏེ་དེང་སྐབས་འབའ་ཐང་རྫོང་གི་ཁྱབ་ཁོངས་རང་ལ་ངོས་འཛིན་མཁན་ཡང་ཡོད་མོད། རྒྱལ་དབང་དྲུག་པ་རིག་འཛིན་ཚངས་དབྱངས་རྒྱ་མཚོ་དང་རྐརྨ་པའི་རྣམ་ཐར་སོགས་ལོ་རྒྱུས་རྙིང་པ་མང་པོར་འབའ་ཐང་ཞེས་པའི་མིང་དེ་བཀོད་ཡོད་པས་ཐ་སྙད་དེ་གསར་བྱུང་ཞིག་གཏན་ནས་མིན། དེས་ན་དོན་དངོས་ཐོག་འབའ་ཐང་དང་འབའ་སྡེ་གཉིས་མིང་འདོགས་སྟངས་ཙམ་ལས་དོན་གཅིག་པ་ཡིན་པར་བཞེད་དོ།། རིགས་དྲུག་པའི་བཞེད་སྲོལ་ནི་བོད་དུ་གནའ་ནས་རུས་སྡེའི་མིང་ཡུལ་མིང་དུ་བཏགས་སྲོལ་མཆིས་པས་འབའ་ཞེས་པ་ཡང་གདོད་མའི་རུས་སྡེའི་མིང་ཡུལ་ལ་ཐོགས་པ་སྟེ། གནའ་བོའི་འབའ་རུས་སྡེ་འཚོ་གནས་བྱེད་ས་ཡིན་པའི་ཆ་ནས་མིང་ཡང་ད་བར་དུ་སོར་གནས་བྱུང་ཡོད་པར་གྲགས་ཤིང་། སོར་གནས་ཇི་བཞིན་དུ་གནས་མ་ཐུབ་པའི་དབང་དུ་བཏང་ན་སྒྲ་ཟུར་ཆགས་པ་ལས་བྱུང་བ་ཡང་སྲིད་དེ། གནའ་བོའི་བོན་ནག་གམ་བོད་རོང་ཞེས་པའི་རུས་སྡེ་ད་ལྟའི་དཀར་མཛེས་ཁུལ་འབའ་ལི་ཐང་གི་ས་ཆར་ཡོད་པར་གྲགས་ཤིང་། བོན་ནག་གམ་བོད་རོང་ཞེས་པའི་སྒྲ་ཟུར་ཆགས་ནས་འབའ་ལི་ཞེས་འགྱུར་སྲིད་པར་འདོད་པ་རེད། མདོར་ན་འབའ་འམ་འབའ་ཐང་ཞེས་པ་ནི་གནའ་ནས་རང་སོར་གནས་པའམ་སྒྲ་འདྲ་བའི་ཆ་ནས་མིང་ཆགས་པ་ཞིག་ཡིན་པར་འདོད་དོ།། 


འབའ་ཐང་གི་མིང་གི་འབྱུང་ཁུངས་ལ་དཔྱད་པ་དང་ངོ་སྤྲོད་མདོར་བསྡུས།

འབའ་ཐང་གི་མིང་གི་འབྱུང་ཁུངས་ལ་དཔྱད་པ་དང་ངོ་སྤྲོད་མདོར་བསྡུས།

གཉིས་པ། འབའ་ཐང་རྫོང་མཁར་ལ་ཁྱུང་མཁར་ཞེས་པའི་མིང་ཐོགས་དོན། 

   དེ་ཡང་འབའ་གཞས་ཀྱི་གཞས་ཚིག་ཏུ། རྡོ་རིང་དམར་པོའི་རྩེ་ལ།། བྱ་རྒྱལ་ཁྱུང་ཆེན་བབས་བྱུང་།། གཤོག་རྩལ་རྐྱང་པའི་བྱ་ཁྱུང་།། འབའ་གྲོང་ཆགས་པའི་ཆགས་ལུགས།། ཞེས་པ་དང་། འབའ་ཡི་གྲོང་པ་ཆགས་གནས།། བྱ་རྒྱལ་ཁྱུང་ཆེན་སྟེང་ལ།། བྱ་རྒྱལ་གསེར་སྒོང་ཐོག་ལ།། བྱང་ཆུབ་མཆོད་རྟེན་བཞེངས་ཡོད།། ཞེས་པ་དང་། འབའ་བ་མ་ཆགས་འབའ་བ་ཆགས། འབའ་བ་བྱ་ཁྱུང་སྟེང་ལ་ཆགས།། ཞེས་གྲགས་པ་ལྟར་བར་སྣང་ཁམས་ནས་མར་འབའ་ཐང་རྫོང་མཁར་ཆགས་སར་བལྟས་པ་ཡིན་ན་ས་དབྱིབས་ཆགས་སྟངས་བྱ་ཁྱུང་ཞིག་གིས་གཤོག་པ་རྐྱོང་བཞིན་ཡོད་པ་དང་འདྲ་བར་བརྟེན། འབའ་བའི་རྫོང་མཁར་ཆགས་གནས་ལ་ཁྱུང་མཁར་ཞེས་པའི་མིང་དེ་ལྟར་ཐོགས་པ་རེད། མིང་དེ་ལྟར་ཐོགས་པ་ལ་ཡང་དམངས་ཁྲོད་དུ་གཏམ་རྒྱུད་སྙན་མོ་ཞིག་བཤད་སྲོལ་ཡོད་དེ། གནའ་སྔ་མོར་ས་ཆ་དེར་ཆོས་ཁྲིམས་དར་གྱི་མདུད་པ་ལྟར་དང་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ལྟར་སྐྱོང་བའི་རྒྱལ་པོ་བཟང་པོ་ཞིག་ཡོད་པ་དང་། རྒྱལ་པོ་དེར་སྲས་གསུམ་ཡོད། སྲས་གསུམ་པོ་ཡང་རིག་པའི་གནས་ལ་མཁས་ཤིང་དཔའ་རྩལ་ཆེ་བ་ཤ་སྟག་ཡིན་པ་རེད། རྒྱལ་ཁབ་དེ་ཉིན་རེ་བཞིན་རྒྱལ་དར་དམངས་ཕྱུག་ཡོང་བར་ཉེ་གནས་རྒྱལ་པོ་གདུག་རྩུབ་ཅན་མི་མ་ཡིན་གྱིས་དབང་དུ་བསྒྱུར་བ་ཞིག་ཡོད་པ་སེམས་གཏིང་ནས་མི་དགའ་ཞིང་གཡུལ་འགྱེད་ལན་མང་བྱས་ཀྱང་རྒྱལ་ཁ་མ་ལོན་པའི་མཐར། ཡུལ་དེའི་རྒྱལ་རིགས་རྣམས་འཁྲུད་དུ་ཞུགས་སའི་མཚོ་ཞིག་ཡོད་པའི་བདག་པོ་ཀླུ་དྲག་རྩལ་ཆེ་བ་ཞིག་ཡོད་པ་དང་ཁོང་བསྡོངས་ནས་རྒྱལ་པོ་དང་རྒྱལ་སྲས་འཁྲུད་དུ་ཞུགས་དུས་གསད་རྒྱུའི་ཇུས་ངན་བསྟར་བ་རེད། དེ་ནས་རྒྱལ་པོའི་སྲས་གསུམ་སྔ་ཕྱིར་འཁྲུད་དུ་ཞུགས་པའི་ཚེ་ཀླུ་དྲག་རྩལ་ཆེ་བས་དང་པོ་དུག་རླངས་ཀྱིས་རྒྱལ་བུ་རེ་རེ་བཞིན་བརྒྱལ་དུ་བཅུག་པ་དང་མཐར་བྲུག་ཏུ་སྤྲུལ་ནས་རེ་རེ་བཞིན་སྲོག་རྩ་བཅད་དེ་འབཀྲོངས་པ་རེད། དེ་ནས་ནུབ་གཅིག་དུས་གཅིག་ལ་ཡབ་རྒྱལ་པོའི་གཟིམ་ལམ་དུ་རྒྱལ་སྲས་གསུམ་པོའི་རྣམ་ཤེས་ཞུགས་ནས་མགྲིན་གཅིག་ཏུ་དབུས་ཕྱོགས་ཀྱི་བླ་མ་གྲུབ་པ་ཐོབ་པ་ཞིག་ཡོད་པ་དེ་ཀླུ་འདུལ་དུ་གདན་འདྲེན་ཞུས་ན་མ་གཏོགས་ཐབས་མེད་པའི་ཚུལ་གྱི་འཕྲིན་བསྐུར་བ་རེད། དེ་ནས་རྒྱལ་པོས་དེ་མ་ཐག་དབུས་ཕྱོགས་ཀྱི་བླ་མ་དེ་གདན་དྲངས་པར་མངགས། འོན་ཀྱང་བླ་མ་རང་སྐུ་དངོས་སུ་མ་ཕེབས་ཤིང་ཁོང་གིས་སྤྲུལ་པའི་བྱ་ཁྱུང་ཆེན་པོ་བཏང་བ་རེད། བྱ་ཁྱུང་དང་ཀླུ་དྲག་རྩལ་ཅན་བར་གནམ་ས་གཡོ་བའི་འཐབ་འཛིང་ཉིན་མང་བྱས་མཐར། བྱ་ཁྱུང་གིས་སྡེར་མོས་ཀླུ་དེའི་མཇིང་པ་ནས་འཛིན་པ་དང་མཆུ་ཏོས་མིག་ཟུང་ལ་དྲག་ཏུ་བཏབ་པས་ཀླུ་དེའི་མིག་ཟུང་ལོང་ཞིང་དབུགས་ཀྱི་རྒྱུ་བ་ཡང་ཆད་ལ་ཁད་དུ་སོང་། དེ་ནས་ཀླུ་དྲག་རྩལ་ཅན་གྱིས་ནུས་ཤུགས་ཡོད་རྒུ་རྩལ་སྤྲུགས་བྱས་ནས་བྱ་ཁྱུང་གི་སྡེར་མོ་གཉིས་ལ་རྔ་མས་དམ་དུ་དཀྲིས་ནས་མཚོ་ནང་མར་འཐེན་པ་དང་། དུག་རླངས་ངར་མས་མཚོ་ཡང་འཕྱུར་དུ་བཅུག་པས་སྤྲུལ་པའི་བྱ་ཁྱུང་ཡང་ཀླུ་དང་མཉམ་དུ་རང་སྲོག་ཤོར་བ་རེད། དེ་ནས་མཚོ་ཡང་དེ་མ་ཐག་སྐམ་པ་དང་། སྐམ་རྗེས་ཀྱི་ས་གཞིའི་ཤུལ་གཟུགས་ཀྱང་བྱ་ཁྱུང་གིས་གཤོག་པ་བརྐྱངས་ནས་འབྲུག་བཟུང་བའི་དབྱིབས་སུ་གྲུབ་ཡོད་པ་རེད། ཡུལ་དེའི་རྒྱལ་འབངས་རྣམས་ཀྱིས་སྤྲུལ་པའི་བྱ་ཁྱུང་གིས་རང་སྲོག་བློས་བཏང་ནས་རྒྱལ་འབངས་བདེ་ལ་བཀོད་པའི་སྙིང་སྟོབས་ལ་རྗེས་དྲན་བྱ་ཆེད། རྒྱས་ས་དེར་སྤོས་ཤིང་མཁར་རྫོང་གསར་དུ་བསྐྲུན་པས་མིང་ཡང་ཁྱུང་མཁར་ཞེས་བཏགས་པར་གྲགས་སོ།།  


འབའ་ཐང་གི་མིང་གི་འབྱུང་ཁུངས་ལ་དཔྱད་པ་དང་ངོ་སྤྲོད་མདོར་བསྡུས།

འབའ་ཐང་གི་མིང་གི་འབྱུང་ཁུངས་ལ་དཔྱད་པ་དང་ངོ་སྤྲོད་མདོར་བསྡུས།

གསུམ། འབའ་ཐང་གི་ལོ་རྒྱུས་མདོར་བསྡུས། 

     འབའ་ཐང་རྫོང་ནི་དཀར་མཛེས་ཁུལ་གྱི་ལྷོ་ནུབ་ཏུ་གནས་ཤིང་། སི་ཁྲོན་དང་ཡུན་ནན། བོད་ལྗོངས་བཅས་ཀྱི་འབྲེལ་མཚམས་སུ་ཆགས་ཡོད། གནའ་ནས་བོད་ཀྱི་རུས་ཆེན་དྲུག་གི་འདུས་སྡོད་ས་ཁུལ་ཡིན་ལ། དམག་སྲིད་ཐད་ནུས་པ་ཆེན་པོ་ཐོན་ཐུབ་པའི་ཐང་བོད་གནའ་ལམ་གྱི་ས་གཉན་ཡང་ཡིན། རྒྱ་བོད་བར་གྱི་འགྲིམ་འགྲུལ་ལྟེ་གནས་དང་ཚོང་དོན་ཉོ་འཚོང་། རིག་གནས་སྤེལ་རེས་བཅས་བྱེད་སའི་ས་ཆ་གཙོ་བོ་ཡིན་ཞིང་། དམར་དམག་གངས་རི་དང་རྩྭ་ཐང་བརྒལ་ནས་བསྐྱོད་མྱོང་བའི་ས་ཆ་ཡང་ཡིན་པ་རེད། མངའ་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ8193ལྷག་ཡོད། རྫོང་ཡོངས་ཀྱི་མཚོ་འཕགས་ཆ་སྙོམས་སྨི3300ཡིན། མི་འབོར་ཁྲི5ལ་ཉེ་བ་ཡོད་ཅིང་དེའི་ནང་དུ་བརྒྱ་ཆ95ཡན་ནི་བོད་རིགས་ཡིན། རྫོང་སྲིད་གཞུང་འབའ་ཐང་བྱ་ཁྱུང་གྲོང་རྡལ་དུ་གནས་ཡོད་ཅིང་མཚོ་འཕགས་སྨི2600ལ་ཉེ་བ་ཡོད། འབའ་བ་སྐྱིད་པའི་ཐོག་ལ།། དབྱར་གྱི་སྟོན་ཐོག་ཉིས་བརྩེགས།། དགོན་པ་ཆོས་ས་དར་ནས།། ཤུག་པས་གཡས་སྐོར་བཏང་ཡོད་ཅེས་པ་དང་།། སྟོན་མཇུག་དགུན་གྲོ་རྨོས་ཡོད།། དགུན་ལ་ལྗང་ཆུ་སྔོ་བྱུང་།། དགུན་རླུང་གྲང་ངར་ཆེ་ཡང་།། ལྗང་ཆུང་སད་དོགས་མི་དགོས། ཞེས་པ་དང་།། དགུན་ཟླ་ཚེས་པའི་ཚུན་ལ།། འབའ་ཡུལ་གནམ་གཤིས་དྭངས་སོང་།། ཉིན་མོར་ཉི་མ་དྲོ་བ།། མཚན་མོར་ཟླ་འོད་གསལ་བྱུང་།། ཅེས་པ་དང་། གནམ་ལོ་གསར་པ་ཚེས་བྱུང་།། དཔྱིད་ཀའི་དྲོད་རླུང་ལངས་བྱུང་།། ཁམ་པོའི་མེ་ཏོག་ཤར་མཚམས།། ལྕང་མའི་ལོ་འདབ་རྒྱས་བྱུང་།། ཅེས་པ་ལ་སོགས་པའི་གཞས་ཚིག་ལས་འབའ་ཐང་གི་གནམ་གཤིས་དང་ཁོར་ཡུག་གི་ཆགས་ཚུལ་རགས་ཙམ་ཤེས་ཐུབ། འབའ་ཐང་ནི་ས་བབ་ཅུང་ཟད་དམའ་བའི་རོང་ཁུལ་དུ་གནས་ཤིང་གནམ་གཤིས་དྲོ་གྲང་སྙོམས་པ་དང་། དུས་བཞིའི་དབྱེ་བ་གསལ་ལ། དགུན་རིང་ཞིང་དབྱར་ཐུང་བ་རེད། མངའ་ཁོངས་སུ་གངས་རི་ཤེལ་གྱི་མཆོད་རྟེན་འདྲ་བ་མང་པོ་དང་མཚོ་མོ་གཡུ་ཡི་མེ་ལོང་འདྲ་བ་མང་པོ་ཡོད་ཅིང་། འབྲི་ཆུའི་ཡན་ལག་འབའ་ཆུ། མི་ཆུ། ལྡིང་ཆུ་སོགས་ཆུ་བོ་དུ་མ་ཡོད། ཚང་ཚིང་ནགས་ཀྱི་ཁེབས་རྒྱ་ཆེ་ཞིང་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆ་བཅུ་ཡན་ལ་ཟིན། འབའ་གཞས་ཀྱི་གཞའ་ཚིག་ཏུ་ཡང་བདེ་སྐྱིད་འཛོམས་པའི་ས་ཆ།། ང་ཚོའི་ཕ་ཡུལ་ལུང་པ།། རི་བོ་ནགས་ཀྱིས་བརྒྱན་ཡོད།། ལ་ལུང་མཚོ་མོས་བརྒྱན་ཡོད་ཅེས་བཤད་པ་ལྟར་རེད། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཤྭ་དཀར་དང་སྤྲེལ་ནག གཟིག་དང་གནའ་བ་སོགས་མང་། དབྱར་རྩྭ་དགུན་འབུ་སོགས་རྩྭ་སྨན་གཙོས་པའི་སྨན་རྫས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས། ཤིང་འབྲས་ཀུ་ཤུ་དང་ལི་དང་སྟར་ག་སོགས་མང་ཞིང་ལྷག་པར་ཀུ་ཤུའི་ཐོན་ཡུལ་ཞེས་པའི་མཚན་སྙན་ཡོད་ཅིང་། ཀུ་ཤུའི་ཤིང་ཏོག་ལྡུམ་ར།། འབའ་བའི་མཛེས་ལྗོངས་ཡིན་པ།། དཔྱིད་ལ་མེ་ཏོག་མཛེས་སོང་།། སྟོན་ལ་འབྲས་བུ་ཞིམ་བྱུང་།། ཀུ་ཤུ་སྣ་རིགས་མང་བ།། དྲི་ཞིམ་མངར་ཚན་ཆེ་བ།། མིང་ལ་ཀུ་ཤུའི་ཡུལ་ཁམས།། སྙན་གྲགས་ཡོང་དོན་དེ་རེད་ཅེས་པའི་གཞས་ཚིག་ལྟར་རོ།། གནམ་གཤིས་ཡག་ཅིང་ཆར་ཆུ་འབེལ་བ་དང་རི་ཀླུང་མཛེས་ཤིང་ཐོན་ཁུངས་ཕུན་སུམ་ཚོགས་པས་འབའ་ནོར་བུའི་ས་ཆ་ཞེས་ཀྱང་འབོད། 

    ལོ་ངོ་བརྒྱ་སྟོང་མང་པོར་བརྒྱུད་ས་འདི་ན་འཚོ་སྡོད་བྱས་པའི་མི་རིགས་ཁག་གི་མི་དམངས་ཚོས་འོད་སྟོང་འཕྲོ་བའི་རིག་གནས་དང་ཐུན་མིན་ཁྱད་ཆོས་ལྡན་པའི་ཡུལ་སྲོལ་གོམས་གཤིས་བསྐྲུན་ཡོད་པ་རེད། ཁྱད་པར་དུ་འབའ་གཞས་ཀྱི་སྐད་གྲགས་རྒྱལ་ཕྱི་ནང་ཀུན་ཏུ་གྲགས་ཤིང་བོད་རིག་གནས་སྒྱུ་རྩལ་ནོར་མཛོད་ཀྱི་རིན་བྲལ་ནོར་བུ་ཞིག་ཏུ་གྱུར་ཡོད།

འབའ་ཐང་གི་མིང་གི་འབྱུང་ཁུངས་ལ་དཔྱད་པ་དང་ངོ་སྤྲོད་མདོར་བསྡུས།

    འབའ་གཞས་ལ་ད་བར་ལོ་ངོ་སྟོང་ཕྲག་གཅིག་ལྷག་ཙམ་གྱི་ལོ་རྒྱུས་ཡོད་ཅིང་ཞིང་ལས་ཀྱི་འཚོ་བ་དང་འབྲལ་ཐབས་མེད།  འབའ་གཞས་ཀྱི་ཁོངས་ནི་གདོད་མའི་མཆོད་སྦྱིན་གླུ་གར་ལ་གཏུག་ཆོག་ཅིང་རིམ་པར་སྒོར་བྲོའམ་སྒོར་གཞས་སུ་བསྒྱུར་ནས་དར་ཡོད། སྤྱི་ལོ1906ལོ་ནས་བཟུང་རིམ་བཞིན་ཁམས་འབའ་ཐང་གཙོས་པའི་ཕྱག་ཕྲེང་དང་སྡེ་རོང་། ཡུན་ནན་གྱི་བདེ་ཆེན། བོད་ལྗོངས་ཆབ་མདོ་ཁུལ་གྱི་སྨར་ཁམས་རྫོང་སོགས་བོད་ཁུལ་གྱི་ཡུལ་གྲུ་མང་ཆེ་བར་དར་ཁྱབ་བྱུང་ཡོད། འབའ་གཞས་ཀྱི་རམ་དཀྲོལ་རོལ་ཆ་ནི་པི་ཝང་ཡིན་ཞིང་། སྒྲ་སྙན་ཡང་ཟེར། འབའ་གཞས་ནི་བོད་ཀྱི་ཟློས་གར་ནང་གི་ཡན་ལག་ཅིག་ཡིན། དར་ཁྱབ་ཆེ་བའི་གཞས་ཚིག་ཁོ་ན་ཁྲི་ལྷག་ཡོད་པའི་ཁར་ཚིག་སྦྱོར་གསལ་ཞིང་དྭངས་པ་དང་ཚིག་འགྲོས་གོ་བདེ་ཞིང་བློ་ངོར་འཇགས་སླ་བ་བཅས་ཡིན་ལ་མང་ཆེ་བ་ཚེག་བར་དྲུག་མའི་ཚིགས་བཅད་ཡིན། འབའ་གཞས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་སྟེ། ཁམས་བོད་མི་དམངས་ཀྱི་ཐོན་སྐྱེད་འཚོ་བ་དང་རིག་གནས་དཔལ་འབྱོར། ལོ་རྒྱུས་དང་ཡུལ་སྲོལ་གོམས་གཤིས། རང་བྱུང་ཁོར་ཡུག་དང་མི་རིགས་ཀྱི་འབྲེལ་བ་སོགས་མངོན་པར་མཚོན་ཡོད། འབའ་གཞས་ཀྱི་རིགས་ལ་གཙོ་བོར་མཆོད་བྲོ་དང་འཛོམས་གཞས། བསྟོད་གཞས། འཛོམས་བྲོ་དང་གཉེན་བྲོ། མཛའ་གཞས། སྐྱོ་གླུ། རྟེན་འབྲེལ་བྲོ་སོགས་ཡོད། འབའ་གཞས་ལ་བོད་ཁུལ་གྱི་གཞས་གཞན་དག་དང་མི་འདྲ་བའི་མངོན་གསལ་གྱི་ཁྱད་ཆོས་ཡོད་པ་སྟེ། ཡང་ཞིང་ལྡེམ་ལ་བརྩེ་དུང་ལྷུག་པར་སྟོན་པ་དང་། མཛེས་སྡུག་ཡིད་དབང་འཕྲོག་ཅིང་དོན་ལེགས་ཤིང་ཚིག་སྙན་པ་དེ་རེད། ཁྱད་ཆོས་དེ་དག་ཀྱང་གཞས་གདངས་དབྱངས་རྟ་དང་པི་ཝང་དཀྲོལ་སྟངས། གཞས་ཀྱི་སྟངས་སྟབས་བཅས་ཀྱི་ཐད་ནས་གསལ་པོར་མཚོན་ཐུབ། གཞས་ཀྱི་ཡུལ་ནས་ཡོང་བའི།། གཞས་སྣ་བརྒྱ་དང་བརྒྱད་བཅུ།། སྐུ་མགྲོན་བསུ་བའི་ཆེད་དུ།། འཁྲབ་སྟོན་མི་བྱེད་གང་བྱེད།། ཅེས་པ་ལྟར་རོ།། 

     འབའ་ཐང་མངའ་ཁོངས་ཀྱི་མཚོ་ལའི་རང་བྱུང་སྲུང་སྐྱོང་ཁུལ་དུ་མཚོ་མོ་ཆེ་ཆུང1145ཡོད་ཅིང་ཀྲུང་གོའི་མཚོའུ་ཆེས་མང་བའི་ས་ཁུལ་ཡིན། གངས་རི་དང་རྩྭ་ཐང་གི་ཞིང་ཁམས་སུ་གྱུར། སྲིད་པའི་མཛེས་གཡང་མ་ལུས་གཅིག་ཏུ་འཛོམས་པའི་འབའ་ཐང་མཚོ་ཕུ་ལུང་པ་ནི་མཚོ་བོད་མཐོ་སྒང་གི་ཤར་ལྷོའི་མཚམས་སུ་གནས་ཤིང་འབའ་ཐང་གི་མཚོ་ལ་ཡུལ་ཚོར་ཡོད། ཤར་ལི་ཐང་གི་འབུམ་ཡག་རྩྭ་ཐང་དང་། ནུབ་ཡག་སོ་རི། ལྷོ་ལེབ་ཡུལ་ཡུལ་ཚོ། བྱང་བྲག་ཆེན་རྒྱལ་པོ་བཅས་དང་འབྲེལ་ཞིང་། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ900ལྷག་ཡོད། གངས་རི་དང་བྲག་རི། ནགས་རི། སྤང་རི། མཚོ་མོ། རང་བྱུང་ཆུ་ཚན་བཅས་རང་བྱུང་ལྷུན་གྱིས་གྲུབ་ཅིང་། མཚོ་ཕུ་དགོན་པ་མཚོའི་ཕུགས་སུ་ཆགས་ཡོད། རི་དྭགས་ཤ་བ་དང་གནའ་བ། དེ་མིན་སྲོག་ཆགས་འཕྱི་བ་སོགས་མི་དང་བག་ཕེབས་མཉམ་དུ་གནས་ཤིང་། མཚོ་མོ་ཕྱི་ནང་གཉིས་ཡོད་པའི་ནང་དུ་ཉ་རིགས་རྩ་ཆེན་འབུམ་ཕྲག་ཡོད་ཅིང་མིའི་སྐད་སྒྲ་ཚོར་བ་དང་མཚོ་ངོགས་སུ་རུབ་ནས་ཉ་ཟས་ཟ་རུ་ཡོང་། མཛེས་སྡུག་རི་ཀླུང་ལྷ་ཡི་ཞིང་ཁམས་དང་གཉིས་སུ་མ་མཆིས།དབྱར་གནས་ནི་འབའ་ཐང་མི་དམངས་ཀྱི་ལོ་རེའི་བོད་ཟླ་དྲུག་པ་དང་བརྒྱད་པར་འབའ་ཉ་ཆུང་སྟེང་ཞེས་པའི་ཐང་སྐྱིད་པོ་ལྕང་མའི་ར་བས་བསྐོར་བའི་སར་གཏོང་བའི་སྲོལ་རྒྱུན་གྱི་དུས་ཆེན་ཞིག་ཡིན། དབྱར་གནས་སུ་འབའ་རྒྱང་མཁར་རས་ལོ་རེར་ལྷ་མོ་ཟློས་གར་ཆེན་པོ་བརྒྱད་རེས་མོས་འཁྲབ་པ་དང་། དེ་མིན་འབའ་གཞས་འཆམ་པ་དང་། ཆང་གཞས་དང་གནས་མོ། ལ་གླུ་བཅས་ལེན་བ། ཁ་ཤགས་རྩེ་བ་སོགས་ཀྱི་བྱ་འགུལ་སྣ་མང་སྤེལ་གྱི་ཡོད། ཨ་ཅེ་ལྷ་མོ་ཞེས་པའི་ཟློས་གར་ནི་གྲུབ་ཆེན་ཐང་སྟོང་རྒྱལ་པོས་སྤྱི་ལོ1385ལོ་ཙམ་ལ་གསར་གཏོད་མཛད་པ་ཞིག་ཡིན། 1659ལོར། རྒྱལ་དབང་སྐུ་ཕྲེང་ལྔ་པས་དེ་མོ་སྤྲུལ་སྐུ་ངག་དབང་དགེ་ལེགས་འབའ་ཐང་དུ་འབྲས་སྤུངས་དགོན་བློ་གསལ་གླིང་གི་དཔེ་ལྟར་འབའ་ཆོས་སྡེ་དགོན་ཕན་བདེ་གླིང་གི་འདུ་ཁང་བཞེངས་པར་མངགས་པ་དང་། འདུ་ཁང་བཞེངས་གྲུབ་ནས་རབ་གནས་དགའ་སྟོན་བྱེད་སྐབས། འབའ་ཆོས་སྡེ་དགོན་གྱི་གཙོ་བདག་འབའ་ལཱ་ཁ་བླ་མ་སྐུ་ཕྲེང་བཅུ་བཞི་པ་མགོན་དཀར་བློ་བཟང་ཆོས་གྲུབ་ཀྱིས་བོད་ནས་གདན་འདྲེན་ཞུས་པའི་ལྷ་མོ་ཚོགས་པའི་མཁས་ཆེན་ཆོས་འགྱུར་ལགས་ཀྱི་ཁྲིད་སྟོན་འོག  གྲྭ་བ་འགའ་ཞིག་གིས《རྒྱང་མཁར་ར》དང《བཀྲ་ཤིས་ཞོལ་བ》སོགས་ཟློས་གར་འཁྲབ་པ་རེད། དེ་ནས་བཟུང་། བོད་ཀྱི་ཟློས་གར་དེ་འབའ་ཐང་དུ་ཟམ་མི་ཆད་པར་གོང་འཕེལ་བྱུང་བ་དང་ཆབས་ཅིག་རིམ་བཞིན་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་འབའ་ཐང་གི་རྒྱང་མཁར་ར་ཞེས་པ་དེ་ཆགས་ཤིང་ད་ལྟའི་བར་དུ་ལོ་ངོ་སུམ་བརྒྱ་ལྔ་བཅུ་ལྷག་གི་ལོ་རྒྱུས་ཡོད་དོ།། འབའ་གཞས་ཀྱི་གཞས་ཚིག་ཏུ་ཡང་། ཟླ་བ་བརྒྱད་པ་ཚེས་བྱུང་།། དབྱར་སྐྱེལ་ལྷ་མོ་འཁྲབ་བྱུང་།། ཕྱོགས་བཅུའི་ཚོང་པ་འདུས་ནས།། གུར་གཡབ་ཁྲ་མོས་གང་སོང་།། ཞེས་ཡོད་པ་བཞིན་ནོ།།

     འབའ་བ་བློ་བཟང་མགོན་པོས་བརྩམས་པའི་འཛམ་གླིང་ཐོག་ཆེས་དཀོན་པའི་གནའ་བ་སྟེ་བཙལ་བ་ཚེར་གནའ་ལ་དཔྱད་པ་ཞེས་པ་ལས་ཚེར་གནའ་ནི་གནའ་བའི་རིགས་ཤིག་ཡིན། བོད་གངས་ཅན་ལྗོངས་སུ་གནའ་བ་ལ་རིགས་གཉིས་དབྱེ་ཆོག་པ་སྟེ་གངས་གནའ་དང་ཚེར་གནའ་གཉིས་ཡིན།

    ཚེར་གནའ་ལ་རྒྱ་སྐད་དུ་ཨེ་ཡན་ཡངས(矮岩羊)ཞེས་འབོད། དབྱིན་སྐད་དུ་སྒྲོག་ཧྥུ་བི་ལུག་ཤི་ཕོ(Dwarf Blue Sheep)ཞེས་འབོད། ཚེར་གནའ་ནི་འོ་འཐུང་རི་དྭགས་ཀྱི་ཁོངས་སུ་གཏོགས་ཤིང་། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རང་སྐྱོང་ཁུལ་འབའ་ཐང་རྫོང་གྲུ་བ་ལུང་ཤང་བཙལ་བ་གྲོང་སྡེ་ལ་འཚོ་གནས་གཙོ་བོ་བྱེད་བཞིན་ཡོད། ཚེར་གནའ་ཞེས་པའི་མིང་དེ་བྱུང་ཚུལ་རགས་ཙམ་བརྗོད་ན། བཙལ་བ་གྲོང་སྡེའི་ས་ཆགས་ཡུལ་དེ་རོང་ས་ཡིན་པས་ཚེར་མ་སྡོམ་པོ་ཧ་ཅང་མང་པོ་ཡོད།ཚེར་གནའ་ཞེས་པ་དེ་ཚེར་མ་སྡོང་པོའི་འོག་ཏུ་ངལ་གསོ་དང་ཉལ་རྒྱུར་དགའ་བ་ལས་མིང་ཐོགས་པ་རེད་ཅེས་བཤད་སྲོལ་ཡོད། འབའ་ཐང་རྫོང་གི་མངའ་ཁོངས་སུ་ཚེར་གནའ་ཡི་གྲངས་འབོར༢༠༠ལས་བརྒལ་མེད་ཅེས་བྲིས་འདུག

     འབའ་ཐང་དུ་མི་སྣ་གྲགས་ཅན་དུ་མ་བྱུང་ཡོད་པ་སྟེ། དཔེར་ན་ཕུན་ཚོགས་དབང་རྒྱལ་དང་བཀྲ་ཤིས་ཚེ་རིང་། ཡངས་གླིང་རྡོ་རྗེ། འཇམ་དཔལ་རྒྱ་མཚོ། འཇམ་དཔལ་ཕུན་ཚོགས། རྒྱལ་མཚན་ནོར་བུ། སྐལ་བཟང་ཚེ་རིང་། མགོན་པོ་རྒྱལ་མཚན། དབྱང་ཝུན་ཞུའེ། སྐལ་བཟང་ཆོས་སྒྲོན། བློ་བཟང་ཡེ་ཤེས། དཔལ་ལྡན་རྣམ་རྒྱལ། གཙང་ཤེས་རྣམ་རྒྱལ། སྐལ་བཟང་ཚེ་བརྟན། བློ་བཟང་ཚུལ་ཁྲིམས། གཡང་འཕེལ། བྱང་ཆུབ། དབང་ཆེན་ཚེ་བརྟན། འཕྲིན་ལས་ཆོས་འཕེལ། བློ་ཆོས། དཔལ་མིང་ཚེ་བརྟན། ཉི་མ་ཚེ་རིང་། ཡེ་ཤེས་ཟླ་བ། བཀྲ་ཤིས་ཟླ་བ། འབའ་བ་བློ་བཟང་མགོན་པོ། སྐལ་བཟང་འགྱུར་མེད་སོགས་སོ།།

  • ལེ་ཚན་སྔོན་མ།:བོད་ཁམས་ཀྱི་རྣམ་པ་གསལ་པོར་དོད་ཚུལ།
  • ལེ་ཚན་རྗེས་མ།:འབའ་པའི་ཡུལ་གྱི་འཛིན་སྐྱོང་མངའ་བདག་འབའ་སྡེ་པའི་བྱུང་རབས་སྐོར་ལ་དཔྱད་པ།