བོད་ཁམས་ཀྱི་རྣམ་པ་གསལ་པོར་དོད་ཚུལ།

དུང་དཀར་ཚིག་མཛོད་ཆེན་མོ།        2020-08-18

     བོད་ཁམས་ཡུལ་གྱི་རྣམ་པ་གསལ་པོར་དོད་ཅེས་པ་དེ་ནི་རྒྱ་མཚོ་རྣམས་བྲི་ནས་སྐམ་ས་ཆགས་པ་དང་། སྐམ་སའི་ཐོག་སྲོག་ཆགས་བྱུང་བ་ནས་མིའི་འགྲོ་བ་ཆགས་པ་བཅས་ལ་ཟེར། དེའི་སྐོར་ལ་བོད་ཡིག་གི་ལོ་རྒྱུས་ཡིག་རྙིང་མང་པོ་ཞིག་གི་ནང་། བོད་ལྗོངས་འདི་ཐོག་མར་ཆུས་གང་བ་རྣམས་རིམ་གྱིས་སྟོད་མངའ་རིས་སྐོར་གསུམ་ལ་གཡའ་རི་དང་གངས་རི། བར་དབུས་གཙང་རུ་བཞི་ལ་བྲག་རི་དང་སྤང་ལྗོངས། སྨད་མདོ་ཁམས་སྒང་གསུམ་ལ་རྩི་ཤིང་དང་ནགས་ཚལ་གྱིས་གང་བ་སོགས་ས་ཁམས་ཆགས་ཚུལ་རགས་ཙམ་བཤད་ཡོད་ཅིང་། ཡང་ལོ་རྒྱུས་འགའ་ཞིག་ཏུ་སྟོད་མངའ་རིས་སྐོར་གསུམ་ནི་ཤ་རྐྱང་ལ་སོགས་པའི་རི་དྭགས་ཀྱི་གླིང་དང་། བར་དབུས་གཙང་རུ་བཞི་ནི་སྟག་གཟིག་ལ་སོགས་པའི་གཅན་གཟན་གྱི་གླིང་། སྨད་མདོ་ཁམས་སྒང་གསུམ་ནི་འདབ་ཆགས་བྱ་ཡི་གླིང་ཡིན་པར་བཤད་པ་དེས་རང་བྱུང་གི་ཁོར་ཡུག་གོང་གསལ་དེར་གནས་པའི་སྲོག་ཆགས་ཀྱི་འབྱུང་ཁུངས་བཤད་ཡོད། དེང་སྐབས་རང་རྒྱལ་གྱི་ས་གཤིས་རིག་པ་མཁས་ཅན་སྐུ་ཞབས་ཀྲའོ་ཙུང་པོའོ་དང་། གཞན་ཡང་ལོ་རྒྱུས་མཁས་ཅན་སྐུ་ཞབས་ཧྥན་ཝེན་ལན་ལ་སོགས་པ་མང་པོ་ཞིག་གིས་ཚན་རིག་བརྟག་དཔྱད་གནང་བའི་གནས་ཚུལ་ངོ་སྤྲོད་ཀྱི་ཆེད་རྩོམ་ནང་འཁོད་དོན། ད་ཕན་ཧ་ལམ་ལོ་ངོ་དུང་ཕྱུར་གཅིག་དང་བྱེ་བ་དྲུག་གི་སྔ་རྗེས་སུ་བོད་ལྗོངས་འདི་ཆུས་གང་བའི་མཚོ་ཆེན་པོ་ཞིག་ཡིན་པས་སྟོད་གསར་དུས་རབས(ས་གཤིས་རིག་པའི་ཐོག་གི་ལོ་རབས་རྩི་ཚུལ)ཀྱི་ལོ་ས་ཡ་གཉིས་དང་འབུམ་ལྔའི་གོང་ལ་སླེབས་ཡོད། རྗེས་སུ་རིམ་བཞིན་ས་བབས་མཐོ་རུ་སོང་སྟེ་སྐམ་ས་ཆགས་པ་དང་། སྟོད་གསར་དུས་རབས་ཀྱི་སྐབས་ཧི་མ་ལཱ་ཡའི་རི་རྒྱུད་རིམ་བཞིན་མཐོ་རུ་སོང་བ(འདི་ལ་ས་གཤིས་རིག་པའི་ཐོག་ཧི་མ་ལཱ་ཡའི་འགུལ་བསྐྱོད་ཟེར)དང་ལྷག་པར་དུ་བོད་ལྗོངས་ས་ཁུལ་གྱི་རང་བྱུང་ཁོར་ཡུག་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཏེ། ནུབ་དང་ནུབ་བྱང་ཕྱོགས་ཀྱི་ས་བབས་མཐོ་བ་དང་། ཤར་དང་ཤར་ལྷོའི་ཕྱོགས་ཀྱི་ས་བབས་དམའ་བའི་ཁྱད་ཆོས་དེ་ཆགས་ཤིང་། ས་ཤུན་འགུལ་བསྐྱོད་ཀྱི་གོ་རིམ་དེའི་ནང་གནའ་བོའི་སྲོག་ཆགས་རིགས་དང་རྩི་ཤིང་སྣ་ཚོགས་སྐྱེ་འཕེལ་བྱུང་བ་བརྒྱུད་རིམ་བཞིན་བོད་རང་དུ་སྐྱེ་འཕེལ་དང་འཚར་ལོངས་བྱུང་བའི་འགྲོ་བ་མིའི་རིགས་ཡོད་པའི་མཚོན་རྟགས་སུ་སྲོག་ཆགས་དང་རྩི་ཤིང་སྣ་ཚོགས་ཀྱི་འགྱུར་རྡོ་དང་། རྡོ་ཆས་དུས་རབས་རྙིང་པ་དང་གསར་པའི་སྐབས་ཀྱི་མིས་བཟོས་ཡོ་བྱད་མང་པོ་བཙལ་རྙེད་བྱུང་བའི་གནས་ཚུལ་དངོས་ཡོད་རབ་དང་རིམ་པ་དྲངས་ཡོད། ཁོང་རྣམ་པ་ཚོས་ཚན་རིག་ཞིབ་འཇུག་གནང་བའི་ཆོད་གཏམ་དེ་ཚོ་དང་། གནའ་རབས་བོད་ཀྱི་ལོ་རྒྱུས་ཐོག་གི་བཤད་ཚུལ་གཉིས་ཕྱོགས་མང་པོ་ཞིག་གི་ཐད་ནས་མཐུན་པོ་ཡོད་འདུག་པས་ཞིབ་པར་འབྲེལ་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་གཞན་ཁག་གཟིགས་གནང་ཞུ།

  • ལེ་ཚན་སྔོན་མ།:ཞང་ཞུང་རྒྱལ་རབས་ཀྱི་ལོ་རྒྱུས་སྐོར།
  • ལེ་ཚན་རྗེས་མ།:འབའ་ཐང་གི་མིང་གི་འབྱུང་ཁུངས་ལ་དཔྱད་པ་དང་ངོ་སྤྲོད་མདོར་བསྡུས།