ཚངས་དབྱངས་རྒྱ་མཚོ་དང་ལི་ཐང་།

ལྟག་ཨོ་རྒྱན་ཆོས་འཕེལ།        2019-01-26

ཚངས་དབྱངས་རྒྱ་མཚོ་དང་ལི་ཐང་།

རིག་འཛིན་ཚངས་དབྱངས་རྒྱ་མཚོའི་གསང་བའི་རྣམ་ཐར་ལས་བཀོད་པ་ལྟར་ན།རྒྱལ་དབང་མཆོག་དགུང་ལོ་ཉེར་ལྔའི་སྟེང་མཚོ་སྔོན་པོའི་འགྲམ་དུ་ཐབས་ཤེས་ཁྱད་པར་ཅན་ལ་བརྟེན་ནས་ཆེས་གསང་བའི་སྒོས་ཡུལ་གཞན་དུ་བྲོས་བྱོལ་དུ་ཕེབས་པ།མཚན་ལ་ངག་དབང་ཆོས་གྲགས་རྒྱ་མཚོ་ཞེས་བརྗེས།དུས་དེ་ནས་ཕལ་ཆེར་ལོ་ངོ་བཞི་བཅུ་ཙམ་གྱི་རིང་ལ་སྦས་པའི་རྣལ་འབྱོར་པའི་ཚུལ་འཛིན་པ་སོགས་གསུངས།

རྒྱལ་དབང་མཆོག་གི་གསང་བའི་རྣམ་ཐར་དུ་ཕྲེང་ལྟར་བཀོད་པའི་ཡུལ་ལུང་མང་པོ་ཞིག་ཡོད་པའི་ནང་། ཁམས་ལི་ཐང་ནི་ཡུལ་གཞན་དང་མི་འདྲ་བ་དམིགས་བསལ་ཅན་ཞིག་ཡིན། བྱ་དེ་ཁྲུང་ཁྲུང་དཀར་པོ་ཞེས་པའི་མགུར་དང་། ཡང་ན། རྒྱལ་བ་སྐལ་བཟང་རྒྱ་མཚོ་ཡུལ་དེར་འཁྲུངས་པའི་རྐྱེན་སོགས་ལི་ཐང་དང་ཚངས་དབྱངས་རྒྱ་མཚོའི་བར་ཁ་བྲལ་དུ་མེད་པའི་དོན་གནད་ཅིག་ཡོད། དེའི་ཕྱིར། གསང་རྣམ་རྩོམ་པ་པོས་རྒྱལ་དབང་མཆོག་ལི་ཐང་དུ་ཕེབས་པའི་སྐོར་ཁ་གསལ་པོ་དང་གསང་དོན་གྱ་ནོམ་པ་བསྟན་པའི་སྒོ་ནས་བྲིས་ཡོད། ཡིན་ནའང་། ལི་ཐང་རང་གི་ཡུལ་དུ་ཚངས་དབྱངས་རྒྱ་མཚོ་ལི་ཐང་དུ་ཕེབས་བཞུགས་གནང་བའི་སྐོར་ལ་གསང་བའི་རྣམ་ཐར་དང་བརྗོད་སྲོལ་མི་གཅིག་པ་ཞིག་ཡོད། ཞིབ་ཏུ་གཟིགས་ན་འདི་གསང་རྣམ་གྱི་ཡང་གསང་དུ་མཐོང་། འོག་ཏུ་རགས་ཙམ་ཞུ་ན།

རིག་འཛིན་ཚངས་དབྱངས་རྒྱ་མཚོ་ལི་ཐང་དུ་ཕེབས་པ་དང་། ཐོག་མ་ཡུལ་དེའི་མཛེས་ལྗོངས་ལ་ཡིད་སྨོན་རབ་ཏུ་ཤོར།དེའི་ཚེ་ས་ག་ཟླ་བའི་ནང་ཡིན་པར། ཡུལ་དེའི་ལ་ལུང་ཀུན་ཏུ་མེ་ཏོག་སྣ་ཚོགས་འཁྲུངས་ཤིང་། དྲི་མ་ཞིམ་པོ་ཕྱོགས་སུ་འཐུལ། གང་སར་བྱ་དང་བྱེའུ་རྣམས་ཀྱིས་སྐད་སྙན་སྒྲོག་བཞིན་རི་དྭགས་སྣ་ཚོགས་བག་ཕེབས་སུ་བསྒྱུར་བ། ཁོང་ཉིད་ས་ཐག་རིང་ནས་ཕེབས་པའི་ངལ་དུབ་ཀྱིས་རྐྱེན་པས། སྐུ་ལུས་ཏོག་ཙམ་བསྙུན་པའི་ཚུལ་མཛད། ད་ཅི་དྲག་ན་དགོངས་པ་དང་། རྫ་རི་སྨུག་པོ་རྩེ་མོ་གནམ་ལ་ཟུག་པ་ལྟར་བརྗིད་པའི་སོག་རིའི་མདུན་ངོས་སུ་ཤ་བ་ཡུ་མོ་ཞིག་གློ་བུར་དུ་ཡོང་ནས་ཁོང་གི་སྐུ་མདུན་དུ་བཅར། ཡུ་མོས་ལམ་ཁྲིད་པའི་བརྡ་ཕྱུང་བར་ངོས་ཟིན་ཏེ་ཤྭ་བའི་རྗེས་སུ་བསྙེགས། ཤ་བ་ཡུ་མོས་ཁོང་ཉིད་སོག་རིའི་འདབས་ཀྱི་སྨན་ཚ་ཞིག་ཏུ་ཁྲིད་དེ་ག་སོང་ཆ་མེད་དུ་གྱུར། རིག་འཛིན་མཆོག་སྨན་ཚ་ལ་གཟིམས་པར་སྐུ་ལུས་ཀྱི་ངལ་དུབ་དང་མི་བདེ་བ་སོགས་ཧར་གྱིས་ཡལ། དུས་དེ་ནས་ཆུ་ཚན་དེའི་མིང་ལ༼  ཡུ་མོ་སྨན་ཚ༽ ཞེས་འབོད།

སོག་རིའི་ཉེ་འདབས་སུ་ཡོད་པའི་འབྲོག་པ་དག་ལ་སྐྱབས་འགྲོའི་ལུང་དང་རྒྱུ་འབྲས་ཀྱི་བསླབ་བྱ་གནང་། རི་ངོགས་ཀྱི་བྲག་ཕུག་ཏུ་ཟླ་མཚམས་བཞུགས།དེའི་རིང་མི་སྔོན་གོས་སྔོན་ཅན་ཞིག་རྟག་ཏུ་སླེབས་ཏེ་ཞོ་འོ་མའི་མཆོད་པ་འབུལ། དེ་ནི་གཞི་བདག་ཆེན་མོ་སོག་རི་ཡིན་འདུག རྗེས་སོར་རྒྱལ་དབང་བཞུགས་པའི་སྒྲུབ་ཕུག་དེ་ལ༼  རིག་འཛིན་སྒྲུབ་ཕུག༽ ཅེས་གསོལ། སོག་རིའི་འདབས་སུ་ཀླུ་རྒྱལ་དུང་སྐྱོང་དཀར་མོའི་ཕོ་བྲང་ཡོད་པ།རྟག་ཏུ་སྨན་སྤྲུལ་མང་པོ་གང་སར་རྒྱུ། ཆུ་གནས་དེ་དག་ལ་དམིགས་སུ་སེམས་བསྐྱེད་འཛིན་ཞིང་། སྒྲུབ་ཕུག་འགྲམ་དུ་གཏེར་ཆུ་ཞིག་ཀྱང་ཕུད།

རིམ་བཞིན་ལི་ཐང་དགོན་ཆེན་དུ་ཆོས་མཇལ་དང་། ཡུལ་དེའི་གནས་ཆེན་ཁག་ཏུ་ཞབས་ཀྱིས་བཅགས་ཏེ་གནས་དེ་དག་ལ་བྱིན་རླབས་སྟེར། ཁྱད་པར་དུ་ལེ་གནམ་ཆེན་བྲག་དཀར་སྒྲོལ་མའི་ཕུག་ཏུ་སྐུ་མཚམས་བཞུགས། དེའི་ཚེ་ནམ་མཁའི་དབྱིངས་སུ་འཇའ་ཚོན་ཤར་བ་དང་། གནས་ཀྱི་གསེང་ནས་རྔ་རྡུང་རོལ་མོ་དཀྲོལ་དང་དགོན་སྡེ་ཆེན་མོའི་གྲྭ་མང་འདུས་པའི་སྒྲ་གྲགས། རྗེ་བཙུན་སྒྲོལ་མའི་ཞལ་གཟིགས། དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་ལ་བསྔོ་བའི་རྟེན་འབྲེལ་དུ་གནས་རིའི་ལྟག་ཏུ་ལྗོན་ཤིང་གཅིག་ཀྱང་བཙུགས།

ལི་ཐངས༼  སེར་ལ༽ ཞེ་ན། ཛམ་བྷ་ལའི་གཏེར་མཛོད་ཡིན་ཞེས་ཇ་ལམ་དུ་སྐད་གྲགས་ཆེ། གནས་དེར་ཅི་ནས་ཀྱང་ཕེབས་དགོས་དགོངས་ཏེ་ས་སེར་ལ་ཁར་བྱོན།ས་སེར་ལ་ནི་དེ་ཙམ་ལ་མཐོན་པོ་ཞིག་མ་ཡིན་རུང་། རྒྱང་ནས་བལྟས་ན་ལ་དེའི་དབྱིབས་གཟུགས་རྣམ་སྲས་ཀྱི་གཡང་ཁུག་ས་ལ་འགྱེལ་བ་ལྟར་ཞིག་མཐོང་ཐུབ།རིག་འཛིན་ཚངས་དབྱངས་རྒྱ་མཚོ་གནས་དེའི་ལ་འདབས་སུ་བཞུགས་དང་ཡིད་ལ་བརྗོད་མ་ཤེས་པའི་བདེ་བ་ཞིག་སྐྱེས།ཏོག་ཙམ་ངལ་གསོ་བའི་སྒང་ལ་མདུན་དུ་ཟོག་གཅིག་ན་འདམ་དུ་ཟུག་ཡོད་པར།འགྲམ་དུ་རྫི་བོ་རྒན་མོ་ཞིག་གིས་རྫི་རོགས་གཞན་ལ་སྐད་ཤུགས་ཆེན་པོས་སེམས་ཅན་འདམ་དུ་ཟུག་སོང་།མགྱོགས་པར་ཡར་འཐེན་ཤོག་ཅེས་སྐད་འབོད་རྒྱག་པ་ཐོས།དེ་མ་ཐག་ཁོང་གིས། ཨེ་མ། དེ་ནི་རྗེ་བཙུན་སྒྲོལ་མས་ང་ལ་གསུངས་པ་མ་རེད་དམ།སེམས་ཅན་ཐམས་ཅད་འཁོར་བའི་ན་འདམ་དུ་ཟུག་ཡོད་པར་ཡར་འཐེན་པ་ངའི་ཁུར་ཡིན།ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་དེ་མ་ཐག་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ལ་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོ་བསྒོམས།རྟོགས་པ་ཁྱད་པར་ཅན་ཐུགས་རྒྱུད་དུ་འཁྲུངས། རྒྱལ་དབང་མཆོག་ཀྱང་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་ཞིག་ཏུ་གྱུར་ཏོ།། དེ་ཚེ་ནམ་མཁའ་ལས་མེ་ཏོག་གི་ཆར་འབབ། ཕྱོགས་སུ་དུང་སྐད་གྲགས། འདི་ཉེ་འགྲམ་གྱི་རྫི་བོ་རྣམས་ཀྱིས་མཐོང་བ་དང་ཧ་ལས་པའི་རྣམ་འགྱུར་བསྟན་བཞིན་ཁ་ནས་མ་ཎི་འདོན། ལུས་ཀྱིས་ཕྱག་འཚལ། ཡིད་ལ་སྙིང་རྗེ་སྐྱེས་པ་སོགས་ཤིན་ཏུ་ངོ་མཚར་བའི་ཚུལ་བཟང་པོ་དག་བྱས་པའོ།།

ས་སེར་ལ་ལ་རིག་འཛིན་ཚངས་དབྱངས་རྒྱ་མཚོས་སྙིང་རྗེའི་བྱིན་བརླབས་ཕོག་ཡོད་པའི་རྒྱུ་མཚན་ནས།སྐལ་ལྡན་གྱི་སྐྱེས་བུ་རྣམས་ས་སེར་ལར་འབྱོར་དང་། སེམས་རྒྱུད་དུ་སྙིང་རྗེ་རང་བྱུང་དུ་སྐྱེ་ཐུབ་པར་ཡོད་སྐད།

དགུན་གྱི་དུས་ལ་ཉེ་དང་ཡུལ་འདི་ཁ་བས་བཏུམས། རིག་འཛིན་མཆོག་ཀྱང་རེས་གཅིག་ཀམ་པོ་གངས་ཀྱི་ར་བ་དང་རྫོང་ནག་ཏུ་ཕེབས་འདོད་དེ། ཚོང་པ་འགའ་དང་མཉམ་དུ་འགྲོགས་ཏེ་བྱོན། རེད་དེ། མགར་ར་ལ་ཁའི་ཁ་བ་ཆེ་དྲག་སྟེ་མགྲོན་ལམ་བཀག ཚོང་པ་དང་རྟ་དྲེལ་གྱི་དཀའ་ཚེགས་མཐོང་དང་། རིག་འཛིན་ཚངས་དབྱངས་རྒྱ་མཚོས། བྱང་གི་མགར་ར་ལ་ཁར།། ཁ་བའི་སྒོ་ལྕགས་བརྒྱབ་འདུག། ཤར་གྱི་ཁྲི་གདུགས་ཉི་མ།། ཁ་བའི་སྒོ་ལྕགས་ཕྱེ་རོགས།། ཞེས་མགུར་འཐེན། དེ་ཉིན་ཉི་མ་ཇེ་རིང་དང་ཇེ་དྲོ་རུ་སོང་བ་ལྟར་གྱིས་ཁ་བ་ཡོད་ཚད་བཞུས་སོང་། ལམ་ཀ་གསལ་ལྷང་ངེ་དེ་མདུན་དུ་འཆར། ཚོང་པ་རྣམས་ཀྱིས་རྣལ་འབྱོར་པ་འདི་ནི་སྐྱེས་ཆེན་དམ་པ་ཞིག་རེད་འདུག་ཅེས་ཕྱག་འཚལ་ལོ།། ༼ རིག་འཛིནཚངས་དབྱངས་རྒྱ་མཚོ་ཀམ་པོ་གངས་ཀྱི་ར་བ་རུ་ཕེབས་པའི་སྐོར་རྗེས་སུ་འབྲི་རྒྱུ་ཡིན། མངྒ་ལམ།༽

རྩོམ་སྒྲིག་པ། མགར་རྒྱལ་སྲས། 

  • ལེ་ཚན་སྔོན་མ།:སོག་པོ་རྣམས་དྲི་གུམ་བཙན་པོའི་སྲས་ཤིག་ལས་མཆེད་པའི་སྐོར།
  • ལེ་ཚན་རྗེས་མ།:ཨ་རྫི་ཚང་གི་ལོ་རྒྱུས།