བན་ཤུལ་དཔལ་མཁར་རྒྱལ། 2018-12-11
དེ་ལ་ཉེ་ཆར་དྲ་ལམ་སོགས་སུ་ཕྲན་གུས་པར་སྤྱི་སོག་པོའམ་སྒོས་མོང་གྭོལ་བ་རྣམས་བོད་རྒྱལ་དྲི་གུམ་བཙན་པོའི་སྲས་ཤིག་ལས་ཆད་ཚུལ་དེའི་ཁུངས་རྒྱུ་མཚན་དང་བཅས་ཏེ་གསལ་བོར་སྟོན་རོགས་གནང་ཞེས་སྐུལ་མ་བྱེད་མཁན་ཧ་ཅང་མང་པོ་བྱུང་སོང་། ལར་ཁོ་བོས་ཁོང་ཅག་རྣམས་ཀྱི་ཀུན་སློང་གང་ཡིན་ལ་མ་བརྟག་པར་བདེན་དྲང་གི་ལན་ཞིག་འབུལ་རྒྱུ་ཡིན་པས་གཟུར་གནས་ཤེས་ཏེ་སྨྲ་བ་རྣམས་ཀྱིས་དཔྱད་པ་གནང་རོགས་ཞུ།
ཧོར་རམ་སོག་པོ་སྤྱི་བམ་པོའི་རིགས་རྒྱུད་དེ་བོད་རྒྱལ་དྲི་གུམ་བཙན་པོའི་སྲས་ཐ་ཆུང་ཉ་ཁྲི་ལས་བྱུང་བའི་ལོ་རྒྱུས་དེ་ནི་ཐོག་མར་སོག་པོ་རང་གི་ལོ་རྒྱུས་ལས་བྱུང་བ་ཞིག་རེད། <གསེར་གྱི་རྒྱལ་རབས>ཞེས་སོག་ཡིག་ནས་བོད་ལ་འགྱུར་བའི་དཔེ་རྙིང་ཞིག་ལས་དྲི་གུམ་གྱི་སྲས་ཆུང་བ་ཉ་ཁྲི་འམ་བོར་ཏ་ཟེ་ན་ཞེས་པ་ཡུལ་བུད་དེ་ཀོང་པོར་ཆས་ནས་བཙུན་མོ་དང་བཅས་པ་རྒྱུད་འཕེལ་བ་དེ་བོར་ཏ་ཆེ་ནོ་ཡིན་ལ་དེ་ཧོར་སོག་གདུང་རྒྱུད་ཡིན་ཞེས་འཁོད་པ་དང་། ཡང<སོག་པོའི་དེབ་ཐེར་སྔོན་པོ>ལས་ཀྱང་གོང་གི་བསྟན་བཅོས་དེ་དང་འགྲོས་མཐུན་པར་སོག་པོ་རྣམས་དྲི་གུམ་བཙན་པོའི་བུ་བྷོར་ཏ་ཆི་ནའི་རྒྱུད་པ་ཡིན་པར་བཤད་ཡོད། འདི་དག་ནི་སོག་པོ་རང་གི་རྒྱལ་རབས་སྨྲ་བ་རྣམས་ཀྱི་ལུང་དོན་ངོ་མ་དེ་ཡིན་པ་ལས་བོད་མི་རྣམས་ཀྱིས་བྲིས་པའི་ལུང་ཤིག་མིན་ཏེ། གང་མཛད་པ་པོ་དག་ཀྱང་སོག་པོ་རང་གི་མི་ཡིན་པས་ཤེས་སླའོ།།
དེའི་ཕྱིས་སུ<གསེར་གྱི་རྒྱལ་རབས>སོགས་ཀྱི་ལུང་དོན་དེ་སོག་པོའི་རྒྱལ་རབས་སྨྲ་བ་ལ་འགྲན་ཟླ་བྲལ་བ་འཇིགས་མེད་རིག་པའི་རྡོ་རྗེ་ཡིས་མཛད་པའི<ཆེན་པོ་ཧོར་གྱི་ཡུལ་དུ་དམ་པའི་ཆོས་ཇི་ལྟར་བྱུང་བའི་ཚུལ་བཤད་པ་རྒྱལ་བསྟན་གསལ་བྱེད་སྒྲོན་མེ>རུ་ལུང་དྲངས་ཡོད་པ་དང་། དེ་དང་ལུགས་མཐུན་པར་སྙིགས་དུས་ཀྱི་མཁས་པའི་དབང་བོ་ཤིང་བཟའ་མ་ཧཱ་པཎྚིཏ་སྐལ་བཟང་རྒྱལ་མཚན་མཆོག་གིས་ཀྱང་ལུང་འདི་རིགས་ཚད་མར་བཟུང་ཡོད།
དེའི་ཕྱིས་སུ་སོག་པོ་རྒྱལ་རབས་སྨྲ་བ་རེ་འགས<གསེར་གྱི་རྒྱལ་རབས>སོགས་ལ་འགྱུར་བཅོས་རབ་དང་རིམ་པ་བྱས་ཡོད། དེའི་རྒྱུ་མཚན་ནི་སོག་པོའི་གདུང་རྒྱུད་བོད་ལ་གཏུགས་པ་དང་མི་ཉག་པ་རྣམས་དམག་ཕམ་ནས་མི་ཉག་རྒྱལ་མོ་དང་ཇིང་གུར་མནལ་བཤམ་སྐབས་རྒྱལ་མོས་ཇིང་གུར་གྱི་ཐོང་གི་འཕར་རྩར་སོ་བཏབ་ནས་བཀྲོང་ཚུལ་བཀོད་པ་དེ་དག་ཡིད་དུ་མ་སོང་བར་དེའི་ཁུངས་སྣུབ་པའི་བསམ་ཞིབ་ལོ་མང་པོར་བྱས་པ་རེད། སྤྱིར་བཏང་འཛམ་གླིང་སྤྱིའི་ལུགས་ལྟར་ན་ལོ་རྒྱུས་ལས་གང་བྱུང་བ་ཐམས་ཅད་ལ་འགྱུར་བཅོས་བྱས་མི་ཆོག་པ་དེ་རྩ་དོན་ཡིན་མོད་གང་ཟག་སྒེར་བའི་ལྟ་ཚུལ་ཉི་ཚེ་བ་རེ་བཟུང་ནས་ལོ་རྒྱུས་ཡང་དག་པའི་ཁུངས་བསྣུབ་པ་ནི་ས་སྒང་འདིར་བགྲང་གིས་ག་ལ་ལོང་། དེ་ལྟ་ནའང་ང་ཚོས་སོག་པོ་རང་གི་མིས་སྔ་མོར་བྲིས་པའི་ལོ་རྒྱུས་དང་རྒྱལ་རབས་ཀྱི་ཕྱི་མོ་དེ་དག་ལ་ཡིད་ཆེས་པ་ལས་ཕྱིས་སུ་རིགས་ཀྱི་འདུ་ཤེས་ཀྱི་ཞེན་པས་བྲིས་པ་དེ་དག་ལ་ཡིད་རྟོན་མི་རུང་ངོ་།། གང་ཡིན་ཞེ་ན་དེའི་མཚན་གཞི་ནི་བོད་ཡིག་ལ་ཇི་བཞིན་འགྱུར་བའི<སོག་པོའི་གསེར་གྱི་རྒྱལ་རབས>དང་དེའི་ཕྱིས་སུ་གང་ཟག་སྒེར་པས་བཟོ་བཅོས་ཀྱི་སྨྱུ་གུས་ཁ་བསྒྱུར་བའི<གསེར་གྱི་རྒྱལ་རབས>གཉིས་རྩ་བ་ནས་མི་འདྲ་བའི་ཁར་ལུགས་ཐ་དད་གཉིས་སུ་གྱེས་འདུག་པ་ལྟ་བུ་ཡིན།
མདོ་དོན་ང་ཚོས་བོད་ཡིག་ལ་འགྱུར་བའི་སོག་པོའི་རྒྱལ་རབས་ཡིག་རྙིང་དང་དེ་ལས་བྱུང་བའི་ལུང་ཁུངས་དེ་དག་ལ་བལྟས་ན་སོག་པོ་རྣམས་དྲི་གུམ་བཙན་པོའི་རྒྱུད་པ་ཡིན་པ་ཧ་ཅང་གསལ་བོར་སྒྲུབ་ཐུབ་པ་འདི་སོག་པོ་མི་རིགས་རང་གི་ལུགས་ཡིན་ལ། འདི་ནི་བོད་ཀྱི་ཆོས་ལུགས་དང་གྲུབ་མཐའ་གང་གིས་ཀྱང་ཤན་མ་ཞུགས་པའི་སོག་པོ་གཤའ་མ་བ་རྣམས་ཀྱི་ལོ་རྒྱུས་བསམ་ཚུལ་དངོས་ཡིན་པས་དེ་དེ་བཞིན་དུ་འཛིན་པར་བྱའོ།།
འོ་ན་དིང་སང་སོག་ཡིག་གིས་བྲིས་པའི་ལོ་རྒྱུས་འབའ་ཞིག་བསྟན་ནས་འདི་ན་མེད་དོ་ཟེར་ན་སླ་སྟེ། ཕྱིས་ཀྱི་སོག་པོའི་མི་གསར་རྣམས་ཀྱིས་བཅོས་བསྒྱུར་འཕྲི་གསུམ་བྱས་པའི་སོག་པོ་རྒྱལ་རབས་ནང་སོག་པོ་བོད་ཀྱི་རྒྱུད་པ་ཡིན་ཚུལ་དང་ཇིང་གུར་གྱི་འཕར་རྩ་མི་ཉག་རྒྱལ་མོས་བཅད་ཚུལ་ལམ་ཧོར་ཡིག་འགྲོ་མགོན་འཕགས་པས་བཟོས་པའི་ལོ་རྒྱུས་ཀྱི་ས་བོན་འདི་དག་མི་འབྲི་བ་ནི་གང་འབྲི་བ་རྣམས་ཀྱི་རིགས་ཞེན་འདུ་ཤེས་དང་ཀུན་སློང་གང་ཁོ་ནར་བརྟག་པས་ཀྱང་གསལ་བོར་གོ་ནུས་པ་ཡིན།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
རྩོམ་གསར། 10