ལེའུ་དྲུག་པ། ས་སྐྱ་པའི་སྲིད་སྐྱོང་དུས་རབས།

        2010-09-08

འཁོན་གྱི་གདུང་རྒྱུད་ཟེར་བ་དེ་ནས་བྱུང་བ་ཡིན་པར་གྲགས།     དེ་ནས་གཡའ་ཕྲུག་འཁོན་བར་སྐྱེས་ཀྱིས་བཙན་བཟའ་ལྕམ་བུ་སྒྲོན་ཁབ་ཏུ་བཞེས་པ་ལ།  སྲས་གཅིག་འཁྲུངས།   དེ་ནི་མཐུ་སྟོབས་དང་རྫུ་འཕྲུལ་ཆེ་བ།  བློ་དང་རིག་པ་ལྡན་པ།   གཟུགས་དང་ལང་ཚོ་འཛོམས་པ། 
ཀུན་གྱི་ཡིད་དབང་འཕྲོག་པ་ཞིག་ཡོད་པས་སྲས་འདི་འདྲ་མིའི་ཡུལ་དུ་འབྱུང་བ་དཀོན་པས་མཚན་ཏུའང་དཀོན་པ་རྗེ་གུང་སྟག་ཏུ་བཏགས་སོ།  །  སྲས་འདི་སྐུ་ནར་སོན་པའི་སྐབས་སུ་ཡབ་རྗེས་ཡུལ་གང་བཟང་དུ་བཏང་བས།  བསམ་ཡས་ལ་ཡུལ་གྱི་དགེ་མཚན་བཅུ་ལྡན་ཡང་བཙན་པོ་ཁྲི་སྲོང་ལྡེའུ ་བཙན་གྱིས་བཟུང་ཚར་ལ།  སྟོད་གཉན་གྱི་ཐར་མ་ཡན་ཆད་ལ་ཡུལ་གྱི་དགེ་བཅུ་ཚང་བར་གཟིགས།  དཀོན་པ་རྗེས་མངའ་བདག་ཁྲི་སྲོང་ལྡེའུ ་བཙན་གྱི་ནང་བློན་མཛད།  རྗེ་འདི་དཔལ་འབྱོར་ཤིན་ཏུ་ཆེ་བར་གྱུར་པས་མཚན་དུའང་འཁོན་དཔལ་པོ་ཆེ་ཞེས་ཐོགས།  དེ་ནས་བཟུང་འཁོན་གྱི་གདུང་རྒྱུད་མཚན་སྙན་ཀུན་ལ་གྲགས།  འཁོན་དཔལ་པོ་ཆེས་གླང་ཁམས་པ་ལོ་ཙཱ་པའི་སྲས་མོ་གླང་བཟའ་ནེ ་ཆུང་མ་ཁབ་ཏུ་བཞེས་པ་ལ།    སྲས་གཉིས་འཁྲུངས།   ཆེ་བ་འཁོན་ལོ་ཙཱ་བ་ཀླུ་ཡི་དབང་པོ་བསྲུང་བ་དང༌།  ཆུང་བ་མཁན་པོ་རྡོ་རྗེ་རིན་ཆེན་ཟེར།  སྲས་ཆེ་བ་འཁོན་ལོ་ཙཱ་བ་ཀླུ་ཡི་དབང་པོ་བསྲུང་བ་ནི།      མཁན་ཆེན་ཞི་བ་འཚོའི་སྐབས་སུ་བྱུང་བའི་བོད་ཀྱི་རབ་བྱུང་གི་ཐོག་མར་བྱུང་བ་དག་ལས་སད་མི་མི་བདུན་གྱི་དྲུག་པ་ཡིན།  ཆུང་བ་རྡོ་རྗེ་རིན་ཆེན་གྱིས་ཀྱང་སློབ་དཔོན་པངའི་དྲུང་ནས་གསང་སྔགས་རྙིང་མའི་ཆོས་སྐོར་མང་དུ་ཞུས་ཤིང༌།  ཡབ་ཡུལ་དུ་འབྲོ་དགྲ་འདུལ་གྱི་བུ་མོ་འབྲོ་བཟའ་གཡང་ལེན་སྐྱིད་ཁབ་ཏུ་བཞེས་པ་ལ་སྲས་བདུན་འཁྲུངས།  ཞང་པོ་བོད་ཀྱི་གྱད་པའི་རྒྱུད་པ་ཡིན་པས་ཞང་པོའི་རིགས་རྒྱུད་རྣམས་སྐུ་རྩལ་ཤིན་ཏུ་ཆེ་བ་བྱུང༌།  དེའི་ཚེ་འབྲོ་གཉན་རྩེ་ལ་སྟོན་མོ་ཉིན་གསུམ་བསྟན།  སྲས་བདུན་པོས་རྟ་དང་ལུས་ཆས་ཉིན་རེ་བཞིན་བརྗེས།   ཉིན་དང་པོར་རྟ་དཀར་བེར་དཀར།  ཉིན་གཉིས་པར་རྟ་དམར་བེར་དམར།  ཉིན་གསུམ་པར་རྟ་ནག་བེར་ནག་བྱས་ཏེ་རྟ་རྩལ་འགྲན་པས་ཡུལ་དེར་སྐད་གྲགས་ཤིན་ཏུ་ཆེ་བ་བྱུང༌
 དེར་བརྟེན་ཞང་པོ་ཕྲག་དོག་སྐྱེས་ཏེ་འཐབ་དགོས་ཟེར།  སྲས་རྣམས་ཀྱིས་ང་ཚོའི་ཞང་པོ་ཡིན་པར་མ་ཟད་ཡུན་རིང་དུ་འགྲོགས་པའི་ཁྱིམ་མཚེས་ཀྱང་ཡིན་སྟབས་འཐབ་མོ་བྱེད་པའི་དགོས་པ་མེད།  དེ་བས་ཡུལ་ཁམས་ཡངས་པོ་ལ་འགྲོ་བ་དགའ་ཟེར་ནས།  སྲས་ཆེ་བ་མངའ་རིས་མང་ཡུལ་དུ་བྱོན།  དེའི་འོག་མ་མངའ་རིས་གུང་ཐང༌།   དེའི་འོག་མ་གཉལ་ལོ་རོ། 
དེའི་འོག་མ་ཉང་ཤབ་བཅས་ཡུལ་སོ་སོར་བྱོན།   དེ་རྣམས་ལས་གྱེས་པའི་འཁོན་གྱི་གདུང་རྒྱུད་མང་པོ་འཕེལ་ཡང་གྲགས་ཆེ་བ་མ་བྱུང༌།  སྲས་ཆུང་བས་རང་ཡུལ་དུ་བཞུགས་ཏེ་འབྲོ་དང་འཐབ་མོ་བྱས།  སྲས་དྲུག་པ་ཤེས་རབ་ཡོན་ཏན་གྲོམ་པ་གཡའ་ལུང་དུ་བཞུགས། 
 དེ་ལ་སྲས་ཚུལ་ཁྲིམས་རྒྱལ་པོ་དང༌།   ཁབ་སོ་གཉིས་འཁྲུངས།  ཆུང་བ་ཁབ་སོ་ཡུལ་སྟག་ཐོག་ཏུ་བྱོན་པའི་རྒྱུད་པ་ལ་སྟོད་བྱང་གི་འཁོན་ཚོ་རྣམས་ཡིན།  ཆེ་བ་ཚུལ་ཁྲིམས་རྒྱལ་པོ་ལ་སྲས་གསུམ་འཁྲུངས་པའི་བར་པ་ཡུལ་བརྡལ་ཚང་དུ་བྱོན།  ཆེ་བ་གཙུག་ཏོར་ཤེས་རབ་དང༌།   ཆུང་བ་གཉིས་གཡའ་ལུང་དུ་བཞུགས།  གཙུག་ཏོར་ཤེས་རབ་ལ་སྲས་བདུན་འཁྲུངས།   སྲས་བདུན་དང་ནུ་བོ་དང་བརྒྱད་ལས་གྱེས་པའི་རིགས་རྒྱུད་ལ་འཁོན་ཚོ་བརྒྱད་ཅེས་གྲགས།  སྲས་སྤུན་མཆེད་བདུན་གྱི་ལྔ་པ་འཁོན་དགེ་སྐྱབས་ཕྱིས་ཤབ་ཏུ་བྱོན།   དེ་ལ་སྲས་གཉིས་བྱུང་བའི་ཆུང་བའི་རྒྱུད་པ་ཤབ་སྟོད་ཀྱི་འཁོན་མི་རྣམས་ཡིན།  ཆེ་བ་དགེ་མཐོང་ལ་སྲས་འཁོན་སྟོན་བལ་པོ་འཁྲུངས།  སྔགས་ནུས་ཆེ་བས་བརྟན་མ་བཅུ་གཉིས་བྲན་ཏུ་བཀོལ་ཐུབ་པ་ཞིག་བྱུང་བར་གྲགས།  དེ་ལ་སྲས་ཤཱཀྱ་བློ་གྲོས་འཁྲུངས།    འདིས་བྱ་རུ་ལུང་པ་དང་ཤབ་སྟོད་སྨད་བཟུང་ཞིང་མཛད་འཕྲིན་ལྷག་པར་ཆེ།  སྐུ་ཚེའི་སྨད་ལ་ཡབ་མེས་ཀྱི་ཡུལ་གཡའ་ལུང་མཁར་སྟབས་བཟུང༌།  དེ་ལ་སྲས་འཁོན་རོག་ཤེས་རབ་ཚུལ་ཁྲིམས་དང་དཀོན་མཆོག་རྒྱལ་པོ་གཉིས་འཁྲུངས།  ཆེ་བ་ཤེས་རབ་ཚུལ་ཁྲིམས་ནི་གཞོན་ནུའི་དུས་ནས་ཁུ་སྟོན་བརྩོན་འགྲུས་ཀྱི་དྲུང་དུ་གོ་མི་དགེ་བསྙེན་གྱི་སྡོམ་པ་ཞུས།  ཚངས་སྤྱོད་ཤིན་ཏུ་བཙུན་པས་སྲས་མེད།    ཆུང་བ་དཀོན་མཆོག་རྒྱལ་པོ་ནི་འཁོན་ས་སྐྱ་པར་གྲགས་པའི་ཐོག་མ་རང་ཡིན་ལ།  དེ་ཡང་རབ་བྱུང་དང་པོའི་ཤིང་ཁྱི་སྤྱི་ལོ་1034ལོར་སྐུ་འཁྲུངས།   གསང་སྔགས་གསར་མའི་ལོ་ཙཱ་བ་ཆེན་པོ་འབྲོག་མི་དང༌།  བ་རི་ལོ་ཙཱ་བ།   རྨང་ལོ་ཙཱ་བ།  པུ་ཧྲང་ལོ་ཙཱ་བ།   གནམ་ཁ ་པ་སྐུ་མཆེད་སོགས་མཁས་གྲུབ་མང་དུ་བསྟེན་ནས་གསང་སྔགས་གསར་རྙིང་ཚང་མར་ཤིན་ཏུ་མཁས་པར་གྱུར། 
བྲ་བོ་ལུང་བ་རུ་དགོན་པ་ཆུང་ངུ་ཞིག་བཏབ་ནས་ལོ་ཤས་བཞུགས་པས་དགོན་དེར་ས་སྐྱ་གོག་པོར་གྲགས་ཤིང༌།  དུས་དེར་སློབ་དཔོན་རྣམས་སྐྱོ་སངས་ལ་ཕེབས་པའི་སྐབས་སུ་རི་ཁ་ནས་གཟིགས་པས་དཔོན་པོ་རི་གླང་པོ་ཆེ་ཉལ་བ་འདྲ་བའི་མཁལ་ཁུད་གཡས་པའི་ཐད་ན་ས་དཀར་ཞིང་སྣུམ་པ།  ཆུ་གཡས་སུ་འབབ་པ་ལ་སོགས་པ་བཀྲ་ཤིས་པའི་དགེ་མཚན་དུ་མ་ཡོད་པར་གཟིགས་ཏེ།  དེར་དགོན་པ་ཞིག་བཏབ་ན་ལེགས་སྙམ།   ཡུལ་སྤྱིའི་དཔོན་པོ་ཇོ་བོ་གདོང་ནག་པ་ཟེར་བ་དེ་ལ་ས་དེ་གནང་བར་ཞུས་པས་དེ་བཞིན་དུ་གནང༌།  སྒོས་སུ་ས་བདག་ཞང་གཞུང་གུ་ར་བ་དང༌།  བན་དེ་གྲོང་བཞི།   ལྷ་མི་གྲོང་བདུན་ཡོད་པ་དེ་རྣམས་ལ། 
ངས་ས་འདིར་དགོན་ཆུང་ཞིག་གདབ་སྙམ་པས་ས་འདི་བདག་ལ་གནང་བར་ཞུ་དང༌། 
 
 ས་རིན་ཇི་བཞིན་དབུལ་ཆོག་གསུངས་པ་ལ།  ཁོང་རྣམས་ན་རེ།   ས་རིན་མི་དགོས།   གནས་འདིར་དགོན་པ་གདབ་པར་འཚལ་ཟེར་བ་ལ།  འོན་ཀྱང་འཁོན་དཀོན་མཆོག་རྒྱལ་པོས་རྒོད་མ་དཀར་པོ་གཅིག་དང༌།  མོ་གོས་གཅིག  ནོར་བུའི་ཕྲེང་བ་གཅིག  ཁྲབ་གཅིག་བཅས་ས་རིན་དུ་ཕུལ།   རབ་བྱུང་དང་པོའི་ཆུ་གླང་སྤྱི་ལོ་1073ལོར་དཔལ་ས་སྐྱའི་གཙུག་ལག་ཁང་བཏབ།  བཙུན་མོ་རྡོ་རྗེ་ཕྱུག་མོ་ཁབ་ཏུ་བཞེས་ཀྱང་སྲས་མ་བྱུང༌།  བྱེས་ཕེབས་ཀྱི་ལམ་བར་གནས་ཚང་བཞུགས་པའི་གནས་མོ་མ་གཅིག་ཞང་མོ་དང་འདུས་པར་སྲས་ཀུན་དགའ་སྙིང་པོ་འཁྲུངས།   རབ་བྱུང་གཉིས་པའི་ཆུ་རྟ་སྤྱི་ལོ་1102ལོར་སྐུ་གཤེགས།   འདིའི་ཞལ་ཆེམས་ལྟར་སྐུ་གདུང་ཧྲིལ་པོ་མཆོད་རྟེན་གྱི་ནང་དུ་བཞུགས་སུ་བཅུག་པ་དེ་ད་ལྟ་མཁན་པོ་སྐུ་འབུམ་དུ་གྲགས་པ་དེ་ཡིན། 
 ས་སྐྱ་ཀུན་དགའ་སྙིང་པོ་ནི།  རབ་བྱུང་གཉིས་པའི་ཆུ་སྤྲེལ་སྤྱི་ལོ་1092ལོར་ཁ ་མཁར་སྒོ་ལུང་དུ་སྐུ་འཁྲུངས།   རེ་ཞིག་བཙུན་མོ་རྡོ་རྗེ་ཕྱུག་མོ་ལ་གསང་ནས་བཞག  བཙུན་མོས་དོན་དེ་ཤེས་པ་དང་ཞང་མོ་ལ་སྲས་ཡོད་པ་ང་ལ་གསང་བ་མ་ལེགས།  ཁྱོད་ལ་གདུང་རྒྱུད་ཡོད་པས་ཆོག   ང་ལ་ནོར་མི་དགོས།   བུ་ལ་མངའ་ཐང་དགོས་པ་ཡིན་ཞེས་གསུངས་ནས་ས་སྐྱའི་མདུན་གྱི་མཆོད་གཞིས་མ་གཏོགས་ཚང་མ་ཞང་མོ་ཡུམ་སྲས་ལ་གཏད།  དེ་ནས་སྲས་དངོས་སུ་བདག་པོར་བྱས་ནས་སློབ་གཉེར་ལ་བཅུག  ཐོག་མར་ཡབ་ཀྱི་དྲུང་ནས་རིག་གནས་སྤྱི་དང་ལྷག་པར་དུ་དམ་ཆོས་གསན།   དགུང་ལོ་བཅུ་གཅིག་བཞེས་སྐབས་ཡབ་དགོངས་པ་རྫོགས།  རབ་བྱུང་གཉིས་པའི་ལྕགས་ཡོས་སྤྱི་ལོ་1111ལོར་ས་སྐྱ་དགོན་པའི་བདག་པོ་མཛད།   ས་སྐྱའི་རང་ལུགས་འཛིན་སྐྱོང་སྤེལ་གསུམ་གྱི་འཕྲིན་ལས་རྒྱ་ཆེར་འཕེལ་སྟབས་ས་ཆེན་ཞེས་པའི་མཚན་གསོལ།  བཙུན་མོ་གཉིས་ཁབ་ཏུ་བཞེས་པ་ལ་སྲས་བཞི་བྱུང༌། 
སྲས་ཆེ་བ་ཇོ་ལྕམ་ཕུར་མོའི་སྲས་ཀུན་དགའ་འབར་བ་རྒྱ་གར་ལ་སློབ་གཉེར་དུ་བྱོན་ཏེ་ཡིག་རྩིས་དང༌།   བཟོ།   གསོ་དཔྱད།   ལུགས་ཀྱི་བསྟན་བཅོས་སོགས་ལ་ཤིན་ཏུ་མཁས་པ་བྱུང་ཡང་དགུང་ལོ་ཉེར་གཅིག་པར་ཚད་པའི་སྙུང་གཞི་ཕོག་ནས་མ་ག་དྷ་རུ་སྐུ་གཤེགས། 
བཙུན་མོ་ཆེ་བ་ཚ་མོ་རོང་པ་མ་གཅིག་འོད་སྒྲོན་ལ་སྲས་བསོད་ནམས་རྩེ་མོ་དང༌། 
གྲགས་པ་རྒྱལ་མཚན།  དཔལ་ཆེན་འོད་པོ་བཅས་འཁྲུངས།   དེ་ཡང་སྲས་ཆེ་བ་བསོད་ནམས་རྩེ་མོ་ནི་ཡབ་དགུང་ལོ་ང་གཅིག་བཞེས་པའི་རབ་བྱུང་གསུམ་པའི་ཆུ་ཁྱི་སྤྱི་ལོ་1142ལོར་ས་སྐྱ་རུ་སྐུ་འཁྲུངས།   སྐུ་ཆེ་བ་དང་་པ་ཆོས་ཀྱི་སེང་གེའི་དྲུང་ནས་ཆོས་གསན་ཏེ་ལོ་བཅུ་གཅིག་ཙམ་བཞུགས།  མཁས་པའི་མཚན་སྙན་རྒྱས།   མཁས་གྲུབ་ཀྱི་སློབ་མ་མང་པོ་བསྡུས་ཏེ་མདོ་སྔགས་གཉིས་ཀྱི་གཞུང་ལུགས་མང་པོ་ལ་འཆད་རྩོད་གནང་བཞིན་ས་སྐྱའི་གདན་ས་ལོ་ཉེར་གསུམ་ཙམ་མཛད་དེ་མཐར་དགུང་གྲངས་ཞེ་གཅིག་པ་རབ་བྱུང་གསུམ་པའི་ཆུ་སྟག་སྤྱི་ལོ་1182ལོར་སྐུ་གཤེགས།   སྲས་འབྲིང་བ་གྲགས་པ་རྒྱལ་མཚན་ནི་རབ་བྱུང་གསུམ་པའི་མེ་ཡོས་སྤྱི་ལོ་1147ལོར་སྐུ་འཁྲུངས།  སློབ་དཔོན་རིན་པོ་ཆེ་དང༌།   གཉན་གཙུག་ཏོར་རྒྱལ་པོ།   གཉན་དབང་ཕྱུག  ཞང་བཙུན་ཆོས་གྲགས།   བལ་པོའི་པཎྜི་ཏ་ཛ་ཡ་སེ་ན།  ལོ་ཙཱ་བ་དར་མ་ཡོན་ཏན།   སུམ་པ་ལོ་ཙཱ་བ་དཔལ་མཆོག་དང་པོའི་རྡོ་རྗེ་ལ་སོགས་པའི་མཁས་གྲུབ་མང་པོ་བསྟེན་ནས་མདོ་རྒྱུད་ཀྱི་བསྟན་བཅོས་མང་པོ་སྦྱངས།  མཁས་པའི་མཚན་སྙན་རྒྱས་ཏེ་མཐར་དགུང་གྲངས་བདུན་ཅུ་བཞེས་པ་རབ་བྱུང་བཞི་པའི་མེ་བྱི་སྤྱི་ལོ་1216ལོར་ཞི་དབྱིངས་སུ་མནལ།   སྲས་ཆུང་བ་དཔལ་ཆེན་འོད་པོ་ནི།  རབ་བྱུང་གསུམ་པའི་ལྕགས་རྟ་སྤྱི་ལོ་1150ལོར་སྐུ་འཁྲུངས།  སྐུ་ཆུང་དུས་ནས་བརྩོན་འགྲུས་དང་ལྡན་པས་མཁས་པར་གྱུར།  ལྷག་པར་དུ་ཡབ་མེས་ཀྱི་ཆོས་ལ་མཁས་ཤིང་མན་ངག་མང་པོ་གསན།  གསོ་རིག་ལ་མཁས་པས་སྨན་པའི་འགྲོ་དོན་རྒྱ་ཆེན་མཛད།  མ་གཅིག་གར་ཕུ་མ་ཉི་ཁྲི་ལྕམ་ཁབ་ཏུ་བཞེས་པ་ལ་སྲས་ས་པཎ་ཀུན་དགའ་རྒྱལ་མཚན་དང༌།  ཟངས་ཚ་བསོད་རྒྱན་གཉིས་འཁྲུངས།  དགུང་ལོ་ང་བཞི་པ་རབ་བྱུང་བཞི་པའི་ཆུ་ཕག་སྤྱི་ལོ་1203ལོར་སྐུ་གཤེགས།  ས་པཎ་ཀུན་དགའ་རྒྱལ་མཚན་ནི་རབ་བྱུང་གསུམ་པའི་ཆུ་སྟག་སྤྱི་ལོ་1182ལོར་སྐུ་འཁྲུངས།   སྐུ་ནར་སོན་པ་དང་པཎ་ཆེན་ཤཱཀྱ་ཤྲཱི་སོགས་མཁས་པ་མང་པོ་བསྟེན་ནས་རིག་པའི་གནས་མཐའ་དག་ལ་མཁས་པའི་ཕུལ་དུ་ཕྱིན། 
 
 
མུ་སྟེགས་ཀྱི་མཁས་པ་འཕྲོག་བྱེད་དགའ་བོ་རྩོད་པའི་རིགས་ལམ་གྱིས་ཚར་བཅད་པས་མཚན་ལ་ས་སྐྱ་པཎྜི་ཏ་ཞེས་ཡོངས་སུ་གྲགས།  ཧོར་སེ་ཆེན་གོ་དན་རྒྱལ་པོས་གདན་ཞུས་བཏང་བ་ལྟར་ཚ་བོ་འགྲོ་མགོན་འཕགས་པ་དང་ལྷན་དུ་ཧོར་ཡུལ་དུ་ཕེབས།  རབ་བྱུང་བཞི་པའི་ལྕགས་ཕག་སྤྱི་ལོ་1251ལོར་ལེའང་ཀྲོ ་རུ་དགོངས་པ་རྫོགས།   
གཅུང་ཟངས་ཚ་བསོད་ནམས་རྒྱལ་མཚན་ནི།  རབ་བྱུང་གསུམ་པའི་ཤིང་འབྲུག་སྤྱི་ལོ་
1184ལོར་འཁྲུངས།   ཡབ་མེས་ཀྱི་ཆོས་དང་ལུས་རྩལ་ལ་སྦྱངས་པ་ཤིན་ཏུ་ཆེ།  ཇོ་མོ་དཀོན་མཆོག་སྐྱིད་དང༌།   ཇོ་མོ་འབྲོ།  ལྷ་གཅིག་མཛེས་མ།   ཇོ་མོ་རྡོ་རྗེ་གདན།   ཇོ་ལྕམ་ཧོར་མོ་བཅས་བཙུན་མོ་ལྔ་ཁབ་ཏུ་བཞེས།  སྲས་འགྲོ་མགོན་འཕགས་པ་དང༌།  ཕྱག་ན།   རིན་ཆེན་རྒྱལ་མཚན།   ཡེ་ཤེས་འབྱུང་གནས་བཞི་དང༌།  སྲས་མོ་བསོད་ནམས་འབུམ།   ཉི་མ་འབུམ།   མདོ་སྡེ།   རིན་ཆེན་འབྱུང་གནས་བཅས་བཞི་སྟེ་བསྡོམས་པས་སྲས་དང་སྲས་མོ་བརྒྱད་འཁྲུངས།  གཞི་ཐོག་བླ་བྲང་དང༌།   ཕྱག་མདས་འཁོར་ཚད་ཀྱི་ལྕགས་རི་བཅས་གསར་དུ་བཏབ། 
ཆོས་དང་ཟང་ཟིང་གི་འབྱོར་པ་ཧ་ཅང་རྒྱས།  དགུང་ལོ་ང་དྲུག་བཞེས་པ་རབ་བྱུང་བཞི་པའི་ས་ཕག་སྤྱི་ལོ་1239ལོར་སྐུ་གཤེགས།  འགྲོ་མགོན་ཆོས་རྒྱལ་འཕགས་པ་ནི།   རབ་བྱུང་བཞི་པའི་ཤིང་ལུག་སྤྱི་ལོ་1235ལོར་གཡས་རུ་ངམ་རིང་གི་ཀླུ་ཁང་དུ་སྐུ་འཁྲུངས།  ཆུང་དུས་ནས་བྱིས་པའི་སྤྱོད་ལམ་ལས་འདས་པའི་བསམ་ཤེས་ཅན།  བསླབ་པའི་གནས་ཐམས་ཅད་དཀའ་ཚེགས་མེད་པར་ཤེས་ཐུབ་པ་ཞིག་བྱུང་བར།  ཀུན་གྱིས་འདི་ནི་འཕགས་པ་ཞིག་གོ་ཞེས་ཟེར་བས་མཚན་ལ་འཕགས་པ་དང༌།  དགུང་ལོ་བཅུ་གཉིས་པར་ཧོར་ཡུལ་དུ་འབྱོན་སྐབས་ལྷ་སར་རབ་བྱུང་གི་སྡོམ་པ་བླངས་ཏེ་མཚན་དུ་བློ་གྲོས་རྒྱལ་མཚན་ཞེས་གསོལ།  ཧོར་སེ་ཆེན་རྒྱལ་པོས་གོ་ཤྲི་ཏེ་རྒྱལ་ཁབ་ཀྱི་སློབ་དཔོན་དང༌།   ཏི་ཤྲི་ཏེ་གོང་མའི་སློབ་དཔོན་ཞེས་པའི་མཚན་དང་འཇའ་ས་ཕུལ།  ཧོར་ཡིག་གསར་པ་ཞིག་གསར་གཏོད་གནང༌།   ཡོན་གོང་མས་བོད་ཆོལ་ཁ་གསུམ་གྱི་བདག་པོར་བསྐོས། 
 
 སྐབས་དེར་ས་སྐྱའི་དབང་སྒྱུར་གྲལ་རིམ་ནང་ཁུལ་དུ་དབང་ཆ་འཕྲོག་རེས་བྱེད་པའི་འཐབ་རྩོད་རྙོག་འཛིང་ཆེ་བས་དགུང་ལོ་ཞེ་དྲུག་པ་རབ་བྱུང་བཞི་པའི་ལྕགས་འབྲུག་སྤྱི་ལོ་
1280ལོར་རྗེ་ཉིད་ཀྱི་ཉེ་གནས་ཀྱིས་གསོལ་ཟས་ལ་དུག་བཏབ་ནས་ཕུལ་ཏེ་བཀྲོངས་སོ། 
གཅུང་པོ་འགྲོ་མགོན་ཕྱག་ན་ནི།  རབ་བྱུང་བཞི་པའི་ས་ཕག་སྤྱི་ལོ་1239ལོར་སྐུ་འཁྲུངས།  དགུང་ལོ་དྲུག་ལ་སོན་པ་དང་ཆོས་རྗེ་ས་པཎ་གྱི་ཕྱག་ཕྱིར་ཧོར་ཡུལ་དུ་བྱོན། 
སྲས་འདི་ཐུགས་རྩལ་ཤིན་ཏུ་ཆེ་བས་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཡིན་ཞེས་མཚན་དུའང་ཕྱག་ན་རྡོ་རྗེ་ཞེས་གསོལ།  སེ་ཆེན་གོང་མས་ལུང་དང་འཇའ་ས་གནང༌།   ཧོར་ཡུལ་དུ་ལོ་བཅོ་བརྒྱད་ཙམ་བཞུགས།  ཧོར་རྒྱལ་པོའི་སྲས་རྒྱུད་མེ་གན་དུན་ཁབ་ཏུ་བཞེས་ཏེ་ཧོར་གྱི་ཆ་ལུགས་འཛིན།  དགུང་ལོ་ཉེར་ལྔ་པའི་ཆུ་ཕག་སྤྱི་ལོ་1263ལོར་གདན་ས་ཆེན་པོ་ས་སྐྱར་ཕེབས།   དགུང་ལོ་ཉེར་དགུ་པའི་མེ་ཡོས་སྤྱི་ལོ་1267ས་སྐྱའི་སྒོ་རུམ་དཔེ་ཁང་དུ་སྐུ་གཤེགས། 
དྷརྨ་པཱ་ལ་ནི།   རབ་བྱུང་ལྔ་པའི་ས་འབྲུག་སྤྱི་ལོ་1268ལོར་འགྲོ་མགོན་ཕྱག་ནའི་ཇོ་མོ་ཆུང་བ་མཁའ་འགྲོ་འབུམ་ལ་ཡབ་གཤེགས་ནས་ཟླ་བ་དྲུག་ཟིན་པའི་རྗེས་སུ་འཁྲུངས།  དགུང་ལོ་དགུ་པར་འགྲོ་མགོན་འཕགས་པ་ས་སྐྱར་ཕེབས་པ་དང་མཇལ།   དགུང་ལོ་བཅུ་གསུམ་པར་འགྲོ་མགོན་འཕགས་པ་འདས་ནས་གདན་སའི་ཁུར་བཞེས།  དེའི་ཕྱི་ལོར་ཧོར་ཡུལ་དུ་ཕེབས་ཏེ་གོང་མ་སེ་ཆེན་དང་མཇལ་པས་ཐུགས་ཤིན་ཏུ་མཉེས།  ལོ་ལྔ་ཙམ་རིང་མེ་ཏོག་ར་བར་བཞུགས་ཤིང་བླ་མ་འཕགས་པའི་གདུང་རྟེན་ཤེལ་གྱི་མཆོད་རྟེན་བཞེངས།  ས་སྐྱའི་དཔོན་ཆེན་གྱི་གོ་གནས་གནང༌།   དགུང་ལོ་ཉི་ཤུ་བཞེས་པ་མེ་ཕག་སྤྱི་ལོ་1287ལོར་བོད་ལ་ཕྱིར་ཕེབས་པའི་ལམ་བར་མདོ་ཁམས་ཏྲེ་མཎྜལ་ཞེས་པའི་ས་ཆར་ཟས་དུག་གིས་སྐུ་གཤེགས། 
ཁོང་ལ་ཧོར་རྒྱལ་པོ་ཇི་བིག་ཐེ་མུར་གྱི་སྲས་མོ་དཔལ་ལྡན་ཞེས་པ་གནང་ཡང་སྲས་མ་བྱུང༌། 
ཇོ་མོ་སྟག་འབུམ་ལ་སྲས་གཅིག་འཁྲུངས་ཀྱང་ཆུང་ངུའི་དུས་སུ་གྲོངས་པ་བཅས་སྐབས་དེར་ཡོངས་གྲགས་ཀྱི་ས་སྐྱའི་གདུང་རྒྱུད་མེད་པ་ལྟ་བུར་གྱུར།  དེར་བརྟེན་སྐབས་ཤིག་རིང་ཤར་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་པས་ས་སྐྱའི་གདན་ས་ལོ་བཅུ་དགུ་ཙམ་བསྐྱངས། 
ཟངས་ཚ་བསོད་རྒྱན་གྱི་སྲས་གསུམ་པ་རིན་ཆེན་རྒྱལ་མཚན་རབ་བྱུང་བཞི་པའི་ས་ཁྱི་སྤྱི་ལོ་
1238ལོར་སྐུ་འཁྲུངས།   ཡོན་གྱི་རྒྱལ་སར་ཕེབས་ཏེ་གོང་མའི་སློབ་དཔོན་མཛད།  ས་སྐྱའི་ལྷ་ཁང་ཆེན་མོའི་གནམ་རྒྱན་མཆོད་ཆ།  ཐིག་ཁ་ལ་ཡོ་གའི་དཀྱིལ་འཁོར་གྲངས་མེད་བཞེངས། 
བདག་ཉིད་ཆེན་པོའི་སློབ་གཉེར་གྱི་དབུ་འདོན་མཛད།   དགུང་ལོ་ཞེ་ལྔ་བཞེས་པ་རབ་བྱུང་ལྔ་པའི་ཆུ་རྟ་སྤྱི་ལོ་1283ལོར་ཤིང་ཀུན་ཏུ་དགོངས་པ་རྫོགས།  ཟངས་ཚའི་སྲས་བཞི་པ་ཡེ་ཤེས་འབྱུང་གནས་ནི།  རབ་བྱུང་བཞི་པའི་ས་ཁྱི་སྤྱི་ལོ་1238ལོར་སྐུ་འཁྲུངས།   དེ་ཡང་ཡོན་གོང་མའི་དྲུང་དུ་བྱོན།  ཇོ་མོ་རིན་ཆེན་སྐྱིད་ཁབ་ཏུ་བཞེས།  སྲས་བདག་ཉིད་ཆེན་པོ་འཁྲུངས།   དགུང་ལོ་སོ་དྲུག་བཞེས་པའི་རབ་བྱུང་ལྔ་པའི་ཆུ་བྱ་སྤྱི་ལོ་1273ལོར་མདོ་ཁམས་སེ་སྣར་སྐུ་གཤེགས།  བདག་ཉིད་ཆེན་པོ་བཟང་པོ་དཔལ་ནི།   རབ་བྱུང་བཞི་པའི་ཆུ་ཁྱི་སྤྱི་ལོ་1262ལོར་ཡབ་ཡེ་ཤེས་འབྱུང་གནས་དང༌།   ཡུམ་ཇོ་མོ་རིན་ཆེན་སྐྱིད་གཉིས་ཀྱི་སྲས་སུ་བོ་དོང་ཨེར་གྲགས་པ་ད་ལྟའི་ལྷ་རྩེ་རྫོང་ཁོངས་སུ་སྐུ་འཁྲུངས།   དགུང་ལོ་བཅུ་དྲུག་པའི་སྐབས་སུ་འགྲོ་མགོན་འཕགས་པ་ས་སྐྱར་ཕེབས།  དེའི་མདུན་ནས་དབང་ལུང་མན་ངག་དང་ཕྱི་ནང་གི་རིག་གནས་མང་པོ་གསན།  དགུང་ལོ་བཅུ་དགུ་སོན་སྐབས་འཕགས་པ་སྐུ་གཤེགས་པ་དང༌།   
ཕྱག་ན་རྡོ་རྗེའི་ཇོ་མོ་དང་སྐུ་མཆེད་རྣམས་དབང་ཤུགས་ཆེ་བས་སྲས་དྷརྨ་པཱ་ལ་གདན་སར་བསྐོས།  ཡོན་གོང་མ་ལ་བདག་ཉིད་ཆེན་པོ་དཔལ་ས་སྐྱའི་གདུང་རྒྱུད་མིན་ཚུལ་སོགས་ཀྱིས་སྙན་ཕྲ་ཕུལ་བར་བརྟེན།  གོང་མས་རེ་ཞིག་བརྟག་དགོས་པས་སྨན་རྩེའི་ཡུལ་དུ་སྤྱུག་གསུངས་པ་ལྟར་སྨན་རྩེ་སྟེ་ད་ལྟ་ཅང་སུ ་དང་ཀྲའེ་ཅང་གི་བརྒྱུད་དུ་རྒྱ་མཚོའི་འགྲམ་ཞིག་ན་སུ ་ཀྲོ ་ཟེར་བའི་མཁར་མིག་ཆེན་པོར་རེ་ཞིག་བཞུགས།   དེ་ནས་རྒྱལ་པོའི་ལུང་གིས་འཇའ་ལམ་བདུན་བགྲོད་པ་ན་ཧང་ཀྲོ ་ཞེས་པའི་གྲོང་ཁྱེར་ཆེན་པོ་དེར་བཞུགས།  འབྱོར་གྱི་ཚུལ་དུ་བཞུགས་ཤིང་རྒྱ་མོ་ཞིག་དང་བཤོས་པར་སྲས་ཤིག་འཁྲུངས།  རྒྱལ་པོའི་བཀའ་ཆད་ཡོང་བར་དོགས་ནས་ཉིན་ལྟར་སྒྲོལ་མ་ལ་གསོལ་བ་འདེབས་ཤིང་བཞུགས་པར་གྲགས། 
 དགུང་ལོ་ཉེར་དྲུག་ལ་ཕེབས་སྐབས་ཕྱག་ནའི་སྲས་དྷརྨ་པཱ་ལ་སྐུ་གཤེགས།  བདག་ཉིད་ཆེན་པོ་རྒྱ་ཡུལ་དུ་བཞུགས་ཤིང་ས་སྐྱའི་གདན་ས་ཤར་པ་འཇམ་དབྱངས་རིན་ཆེན་པས་བསྐྱངས་ནས་འཁོན་ས་སྐྱའི་གདུང་རྒྱུད་ཉག་ཕྲ་བ་ཙམ་བྱུང་བའི་དུས་སུ་ཡར་འབྲོག་གི་དཔོན་ཆེན་ཨག་ལེན་དང༌།  ཁམས་པ་དཔོན་ནག་སོགས་ཀྱིས་འབད་བརྩོན་དང་དོ་ཁུར་ཆེན་པོ་བྱས་ཏེ་ས་སྐྱའི་བཀའ་བགྲོས་པ་རྣམས་གྲོས་བསྡུས་ཐོག    གོང་མ་ལ་བདག་ཉིད་ཆེན་པོ་གདན་དྲངས་ཆོག་པའི་སྙན་ཞུ་ཕུལ་ཀྱང་དོན་སྨིན་མ་གསོལ།  དེ་ནས་བང་མི་རིམ་པར་མངགས་ཏེ་གོང་མར་ཞུ་བ་ཡང་ཡང་བྱས་མཐར་རབ་བྱུང་ལྔ་པའི་མེ་བྱ་སྤྱི་ལོ་1297ལོར་བདག་ཉིད་ཆེན་པོ་དགུང་ལོ་སོ་དྲུག་ལ་ཕེབས་པའི་སྐབས་དེར་སྨན་རྩེ་ནས་གོང་མའི་དྲུང་དུ་གདན་དྲངས།  ཡོན་གོང་མས་གནང་སྦྱིན་གང་ལེགས་གནང༌།  འཕགས་པ་ཏི་ཤྲིའི་དབོན་པོ་ཡིན་ངེས་པས་གདུང་རྒྱུད་སྤེལ་ཆོག་པའི་ལུང་གནང༌།  ལམ་སེང་ས་སྐྱར་བསྐྱོད་དེ་གདན་ས་བསྐྱང་དགོས་པའི་བཀའ་ཕབ།  དགུང་ལོ་སོ་བདུན་ཕེབས་པ་རབ་བྱུང་ལྔ་པའི་ས་ཁྱི་ལོར་ས་སྐྱར་ཕེབས།  རེ་ཞིག་ལྷ་ཁང་བླ་བྲང་དུ་བཞུགས་ནས་གསན་བསམ་མཛད།  དགུང་ལོ་ཞེ་ལྔ་པ་ལ་གདན་སའི་ཁུར་ཆེན་པོ་བཞེས།  ཡོན་གོང་མས་གོ་ཤྲིའི་འཇའ་ས་གནང་ནས་གཞི་ཐོག་གི་ཁྲི་ལ་བསྐོས།  གདུང་རྒྱུད་སྤེལ་བའི་ཆེད་དུ་སྔར་སྨན་རྩེའི་ཡུལ་གྱི་རྒྱ་མོ་དེ་མ་བརྩིས་པའི་བཙུན་མོ་དྲུག་ཁབ་ཏུ་བཞེས་པ་ནི།  གོང་མས་གནང་བའི་ཇོ་མོ་ཧོར་མོ་དང༌།  ཡར་འབྲོག་དཔོན་ཆེན་ཨག་ལེན་གྱིས་ཕུལ་པའི་ཇོ་མོ་མང་མཁར་ཀུན་དགའ་འབུམ།  གཞན་ཡང་ཀུན་དགའ་ནམ་མཁའ་རྒྱན།  ནམ་མཁའ་རྒྱལ་མོ།   རེ་མདའ་མ་ཉི་མ་རིན་ཆེན།   ཞལ་ལུ་མ་གཞོན་ནུ་འབུམ་རྣམས་སོ།  །  དགུང་ལོ་ང་གཉིས་པར་རབ་བྱུང་གི་སྡོམ་པ་བཞེས་ཏེ་མཚན་དུ་ཨ་མོ་གྷ་ཛར་ཞེས་གསོལ།   ས་སྐྱ་ལྷ་ཁང་ཆེ་མོའི་ལྕགས་རི་ཆེན་མོར་བཞེངས།  ཆོས་དང་ཟང་ཟིང་གཉིས་ཀ་འདིའི་དུས་སུ་ཧ་ཅང་རྒྱས་པར་བྱུང༌།  དགུང་ལོ་རེ་གསུམ་བཞེས་པ་རབ་བྱུང་ལྔ་པའི་ཤིང་བྱི་སྤྱི་ལོ་1324ལོར་གཞི་ཐོག་གཟིམ་ཁང་དུ་སྐུ་གཤེགས། 
བཙུན་མོ་དང་པོ།   ཇོ་མོ་ཧོར་མོ་ལ་སྲས་བསོད་ནམས་བཟང་པོ་དང་སྲས་མོ་གཅིག་བཅས་འཁྲུངས།   གེ་གན་རྒྱལ་པོའི་སྲས་སྐུ་ན་གཞོན་པའི་དུས་སུ་བྱང་ངོས་སུ་གུའི་གུང་མཛད།  གེ་གན་རྒྱལ་པོས་ཝང་ཞེས་པ་རྒྱལ་པོའི་མཚན་གསོལ།  སྲས་མོ་མུ་ད་ན་ག་གནང༌།   དེར་སྲས་རཏྣ་ཤྲི་བྱ་བ་འཁྲུངས།    ཡབ་བསོད་ནམས་བཟང་པོ་ཁམས་སུ་གཤེགས། 
སྲས་རྒྱ་ནག་ཏུ་འདས།   དེ་ནས་གདུང་རྒྱུད་གྲགས་ཆེ་བ་མ་བྱུང༌། 
བཙུན་མོ་གཉིས་པ།   མང་མཁར་མ་ཀུན་དགའ་འབུམ་ལ་རབ་བྱུང་ལྔ་པའི་ས་ཕག་སྤྱི་ལོ་1299ལོར་སྲས་ཀུན་དགའ་བློ་གྲོས་འཁྲུངས།  སྐུ་ནར་སོན་པ་དང་ཧོར་ཡུལ་དུ་བྱོན་ནས་བུ་ཡན་རྒྱལ་པོ་དང༌།  གི་གན་རྒྱལ་པོ།   ཡེ་སུན་ཐེ་མུར་བཅས་ཀྱི་རིང་ལ་ཏི་ཤྲི་སྟེ་གོང་མའི་དབུ་བླ་དང་སློབ་དཔོན་མཛད།  འགྲོ་མགོན་འཕགས་པའི་གདན་ས་ཆེ་བ་ས་སྐྱ་དང༌།  ཤིང་ཀུན།   མེ་ཏོག་ར་བ།   བར་པ་ཆུ་མིག  མདོ་ཁམས་ན་གཙོ་མདོ།   བསམ་འགྲུབ།   རི་འབུར།   གཉའ་གོ  རྒྱ་ཡུལ་བྱང་ངོས་ན་ལིང་ཆུ་རྩེར་ཁབ་སྟེ་དྲུག  གཞན་ཡང་ཆོས་སྡེ་དུ་མའི་བདག་པོར་གྱུར་ཅིང༌།  མཛད་འཕྲིན་ཕུན་སུམ་ཚོགས་པར་བྱུང༌།  དགུང་ལོ་ཉེར་དགུ་བཞེས་པ་རབ་བྱུང་དྲུག་པའི་མེ་ཡོས་སྤྱི་ལོ་1327ལོར་མེ་ཏོག་ར་བར་འདས།   འདི་ལ་གདུང་རྒྱུད་སྲས་མེད་དོ།   ། 
བཙུན་མོ་གསུམ་པ།   ཀུན་དགའ་ནམ་མཁའ་རྒྱན་ལ་སྲས་གསུམ་ལས། 
ཆེ་བ་ཀུན་དགའ་ལེགས་འབྱུང་ནི་རབ་བྱུང་ལྔ་པའི་ས་སྤྲེལ་སྤྱི་ལོ་1308ལོར་འཁྲུངས།   རྒྱལ་པོ་ཇ་ཡན་གྱི་ཏི་ཤྲི་མཛད།  དགུང་ལོ་ཉེར་དགུ་བཞེས་པ་རབ་བྱུང་དྲུག་པའི་མེ་བྱི་ལོར་མེ་ཏོག་ར་བར་སྐུ་གཤེགས།  དེར་གདུང་རྒྱུད་མ་བྱུང་ངོ༌།  །  སྲས་འབྲིང་བ་ཀུན་དགའ་རྒྱལ་བ་ནི།   རབ་བྱུང་ལྔ་པའི་ལྕགས་ཁྱི་སྤྱི་ལོ་1310ལོར་སྐུ་འཁྲུངས།   རྒྱལ་པོ་ཇ་ཡན་དང༌།   རིན་ཆེན་དཔལ།  གོང་མ་ཐོ་གན་ཐི་མུར་གསུམ་གྱི་རིང་ལ་ཏི་ཤྲི་མཛད།  དགུང་ལོ་ལྔ་བཅུ་བཞེས་པ་རབ་བྱུང་དྲུག་པའི་ས་ཕག་སྤྱི་ལོ་1359ལོར་མེ་ཏོག་ར་བར་སྐུ་གཤེགས།   སྲས་ཆུང་བ་ནི།   ཆུང་ངུའི་དུས་ནས་སྐུ་གཤེགས་སོ། 
བཙུན་མོ་བཞི་པ།   ནམ་མཁའ་རྒྱལ་མོ་ལ་སྲས་གསུམ་ལས།   ཆེ་བ་མཁས་བཙུན་ནམ་མཁའ་ལེགས་པ་ནི་རབ་བྱུང་ལྔ་པའི་ཤིང་སྦྲུལ་སྤྱི་ལོ་1305ལོར་འཁྲུངས།   གོང་མ་ཆེན་པོས་གུ་ཤྲིའི་མཚན་དང༌།  ཤེལ་གྱི་དམ་ཕྲུག་གནང༌།   གདན་ས་ལོ་དགུར་མཛད།   དགུང་ལོ་སོ་དགུ་བཞེས་པ་རབ་བྱུང་ལྔ་པའི་ཆུ་ལུག་སྤྱི་ལོ་1343ལོར་ཟླ་བ་དགུ་པའི་ཚེས་གཅིག་ལ་གཞི་ཐོག་ཏུ་སྐུ་གཤེགས་སོ།  །  སྲས་འབྲིང་བ་ནམ་མཁའ་བཤེས་གཉེན་ཆུང་ངུ་ནས་གཤེགས། 
སྲས་ཆུང་བ་ནམ་མཁའ་རྒྱལ་མཚན་ནི་རབ་བྱུང་ལྔ་པའི་ལྕགས་ཁྱི་སྤྱི་ལོ་1310ལོར་འཁྲུངས།   འདི་ལའང་གོང་མས་གུ་ཤྲིའི་མཚན་གནང༌།  དགུང་ལོ་ཉི་ཤུ་བཞེས་པ་རབ་བྱུང་ལྔ་པའི་ས་སྦྲུལ་སྤྱི་ལོ་1329ལོར་འདས་སོ།   ། 
བཙུན་མོ་ལྔ་པ།   རེ་མདའ་མ་ཉི་མ་རིན་ཆེན་ལ་སྲས་ལྕམ་སྲིང་གསུམ་འཁྲུངས་པ་ལས།   སྲས་ཆེ་བ་དགུང་ལོ་ཆུང་དུས་ནས་འདས།   དེའི་འོག་མ་སློབ་དཔོན་མ་ཀུན་དགའ་འབུམ་འཁྲུངས་ལོ་མི་གསལ།  སྲས་ཆུང་བ་དབང་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ནི།  ཡབ་བདག་ཉིད་ཆེན་པོ་དགུང་ལོ་ཞེ་བདུན་བཞེས་པ་རབ་བྱུང་ལྔ་པའི་ས་སྤྲེལ་སྤྱི་ལོ་1308ལོར་སྐུ་འཁྲུངས།   རྒྱལ་པོ་ཐོ་གན་ཐི་མུར་གྱིས་ཝང་ཞེས་པ་རྒྱལ་པོའི་མཚན་གསོལ།  གསེར་དམ་གནང༌།   བོད་ཆོལ་ཁ་གསུམ་ལ་ཡོངས་སུ་གྲགས་པའི་ལུང་སྩལ།  དཔོན་མོ་བུང་གན་ཇོ་མོར་བཞེས།  མཛད་འཕྲིན་ཤིན་ཏུ་རྒྱས།   དགུང་ལོ་ཉེར་དགུ་བཞེས་པ་རབ་བྱུང་དྲུག་པའི་མེ་བྱི་སྤྱི་ལོ་1336ལོར་སྲད་ཀྱི་ཕུ་ཀླུབ་ཚགས་ཚིགས་བྱ་བའི་ས་ཆ་དེར་སྐུ་གཤེགས། 
བཙུན་མོ་དྲུག་པ།   ཞལ་ལུ་མ་གཞོན་ནུ་འབུམ་ལ་སྲས་བཞི་འཁྲུངས་པ་ལས།   སྲས་དང་པོ་ཀུན་དགའ་ཉི་མ་ནི་རབ་བྱུང་ལྔ་པའི་ས་བྱ་སྤྱི་ལོ་1309ལོར་འཁྲུངས།   ཆུང་དུས་ནས་སློབ་གཉེར་ལ་བརྩོན་པས་མཁས་པའི་མཚན་སྙན་ཐོབ།   ཏི་ཤྲི་ཀུན་དགའ་བློ་གྲོས་དང་ལྷན་དུ་གོང་མའི་དྲུང་དུ་བྱོན། 
 དགུང་ལོ་བཅུ་བཞི་པ་རབ་བྱུང་ལྔ་པའི་ཆུ་ཁྱི་སྤྱི་ལོ་1322ལོར་ཕོ་བྲང་དུ་སྐུ་གཤེགས།   སྲས་གཉིས་པ་འཇམ་དབྱངས་དོན་ཡོད་རྒྱལ་མཚན་ནི།     རབ་བྱུང་ལྔ་པའི་ལྕགས་ཁྱི་སྤྱི་ལོ
1310ལོར་འཁྲུངས།   ཐུན་མོང་དང་ཐུན་མིན་གྱི་རིག་གནས་མཐའ་དག་ལ་ཤིན་ཏུ་མཁས་པས་འཇམ་དབྱངས་དངོས་སུ་གྲགས།   ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོར་བསྐོར།   དགུང་ལོ་སོ་བཞི་པ་རབ་བྱུང་ལྔ་པའི་ཤིང་སྤྲེལ་སྤྱི་ལོ་1344ལོར་རིན་ཆེན་སྒང་དུ་སྐུ་གཤེགས།   སྲས་གསུམ་པ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ནི་རབ་བྱུང་ལྔ་པའི་ཆུ་བྱི་སྤྱི་ལོ་1312ལོར་འཁྲུངས།   སྐུ་ཆུང་ངུའི་དུས་ནས་སློབ་གཉེར་ལ་བརྩོན།   གཅེན་མོ་འཇམ་དབྱངས་དོན་ཡོད་རྒྱལ་མཚན་དང༌།   དཔང་ལོ་ཆེན་པོ།   རྒྱལ་སྲས་རིན་པོ་ཆེ།   བསོད་ནམས་གྲགས་པ།   བླ་མ་དཔལ་ལྡན་སེང་གེ་སོགས་མཁས་གྲུབ་མང་པོའི་ཞབས་ལ་གཏུགས་ནས་རིག་གནས་མཐའ་དག་ལ་སྦྱང་བརྩོན་གནང༌།   ཕྱིས་སུ་བུ་སྟོན་རིན་པོ་ཆེའི་མདུན་ནས་མདོ་སྔགས་ཐམས་ཅད་བསྐྱར་དུ་གསན་ཅིང་མཁས་པའི་མཚན་སྙན་རྒྱས།  ལུང་རྟོགས་ཀྱི་ཡོན་ཏན་དང༌།   གཞན་ཕན་མཛད་འཕྲིན་གང་གི་ཐད་ལའང་འགྲོ་མགོན་འཕགས་པའི་རྗེས་སུ་གདུང་རྒྱུད་ཀྱི་བླ་དཔོན་གང་གིས་ཀྱང་འགྲན་མི་ནུས་པ་ཞིག་བྱུང་ངོ༌།  །  དགུང་ལོ་རེ་གསུམ་བཞེས་པ་རབ་བྱུང་དྲུག་པའི་ཤིང་ཡོས་སྤྱི་ལོ་1375ལོར་བསམ་ཡས་སུ་སྐུ་གཤེགས།  སྲས་བཞི་པ་ཆུང་དུས་ནས་གཤེགས།  དེ་ནས་བླ་བྲང་ཁག་བཞིར་གྱེས་ཏེ་གདུང་རྒྱུད་རིམ་པར་བྱུང་ནས་ད་ལྟར་ཕྱི་རྒྱལ་དུ་བཞུགས་པའི་ཕུན་ཚོགས་ཕོ་བྲང་དང༌།  སྒྲོལ་མ་ཕོ་བྲང་ཁག་གཉིས་ལ་ཐུག་པའི་བར་གྱི་གདུང་རབས་ཞིབ་པ་རྣམས་ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་ན་གསལ་བས་འདིར་མ་བྲིས། 
བླ་བྲང་ཁག་བཞིར་གྱེས་ཚུལ་མདོར་བསྡུས་ཙམ་ཞིག་ནི།  བདག་ཉིད་ཆེན་པོའི་སྲས་ཆེ་བ་ཏི་ཤྲི་ཀུན་དགའ་བློ་གྲོས་ཀྱིས་རང་གི་གཅུང་པོ་རྣམས་ལ་ཐམ་ཁ་རྣམས་དང་བླ་བྲང་ཁག་བཞིར་བགོས་ཏེ་གནང་བ་སྟེ།  བཙུན་མོ་ནམ་མཁའ་རྒྱལ་མོའི་སྲས་གསུམ་ལ་ཤེལ་གྱི་ཐམ་ཁ་དང༌།  གཞི་ཐོག་བླ་བླང་གནང༌།   བཙུན་མོ་ཞལ་ལུ་མ་གཞོན་ནུ་འབུམ་གྱི་སྲས་རྣམས་ལ་ཤེལ་གྱི་ཐམ་ཁ་དང་རིན་ཆེན་སྒང་བླ་བྲང་གནང༌།  བཙུན་མོ་གསུམ་པ་ར་ལུང་མ་ཀུན་དགའ་གནམ་རྒྱན་གྱི་སྲས་གཉིས་ལ་གསེར་གྱི་ཐམ་ཁ་དང་ལྷ་ཁང་བླ་བྲང་གནང༌།  བཙུན་མོ་ལྔ་པ་ཇོ་མོ་རེ་མདའ་མ་ལྷ་གཅིག་ཉི་མ་རིན་ཆེན་གྱི་སྲས་མིང་སྲིང་གཉིས་ལ་གསེར་གྱི་ཐམ་ཁ་དང་དུས་མཆོད་བླ་བྲང་གནང་བ་དེ་ནས་བཟུང་ས་སྐྱའི་གདུང་རྒྱུད་རྣམས་བླ་བླང་ཁག་བཞིར་གྱེས་པ་ཡིན་ནོ།    
  • ལེ་ཚན་སྔོན་མ།:ལེའུ་དྲུག་པ། ས་སྐྱ་པའི་སྲིད་སྐྱོང་དུས་རབས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།