ས་བཅད་གསུམ་པ། ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་གླང་དར་མའི་བར་གྱི་རྒྱལ་རབས་ལོ་ཚིགས།

        2010-09-08

གཅིག ཆོས་རྒྱལ་སྲོང་བཙན་སྒམ་པོ། 
སྤྱིར་བོད་ཀྱི་དེབ་ཐེར་རྙིང་པ་རྣམས་ལ་ལོ་རྟགས་ལས་ལོ་ཁམས་མི་གསལ་བའི་དབང་གིས།    ལོ་བསྐོར་བའི་འཁྲུལ་པ་བྱུང་བ་དང༌།      ལོ་ཁམས་ཡོད་ཀྱང་རབ་བྱུང་མ་བརྩིས་པའི་སྔོན་དུ་དྲུག་ཅུའི་སྐོར་ལ་འཁྲུལ་པ་ཞུགས་པ་སྟེ་འཁྲུལ་ཚུལ་མི་འདྲ་བ་གཉིས་བྱུང་ཡོད་པ་ལྟར།     ཆོས་རྒྱལ་སྲོང་བཙན་གྱི་འཁྲུངས་ལོ་ལའང་སྔོན་བྱོན་མཁས་པ་རྣམས་ཀྱིས་མེ་གླང་དང་ས་གླང་གཉིས།     ས་གླང་ལའང་སྔོན་རྗེས་གཉིས་ཏེ་བཞེད་པ་ཐ་དད་པ་འགའ་ཞིག་བྱུང་འདུག་པ་དེ་དག་ལས།       ཕྲན་ནི་མེ་གླང་ལ་འཁྲུངས་པར་འཐད་ལྡན་དུ་སེམས་ཏེ།     ཆོས་རྒྱལ་སྲོང་བཙན་སྒམ་པོ་དགུང་ལོ་བཅུ་གསུམ་ལོན་པ་དང་རྒྱལ་སྲིད་བསྐྱངས།   དེ་ནས་འཇིག་རྟེན་མཐུན་འཇུག་གི་ཚུལ་གྱིས་མི་ཉག་རུ་ཡོང་བཟའ་དང༌།   ཞང་ཞུང་བཟའ་ལི་ཐིག་སྨན།    མོང་བཟའ་ཁྲི་ལྕམ།     བལ་བཟའ་ཁྲི་བཙུན་བཅས་ཁབ་ཏུ་བཞེས་ཤིང་།     མཐར་རྒྱ་ནག་གི་རྒྱལ་པོ་ཐང་ཐེ་ཙུང་དང་གཉེན་འབྲེལ་བཙུགས་ཏེ་ལྕགས་གླང་ལོར་རྒྱ་བཟའ་འུན་ཤིང་ཀོང་ཇོ་ཁབ་ཏུ་བཞེས་ཚུལ་གྱི་ལོ་རྒྱུས་ནི་རྒྱ་བོད་ཀུན་གྱི་རྩོད་མེད་གཅིག་གྱུར་གྱི་ལོ་རྒྱུས་ཤིག་རེད།      རྒྱ་ནག་གི་རྒྱལ་པོ་ཐང་ཐེ་ཙུང་ཁྲིར་འཁོད་པའི་ལོ་ནི་མེ་ཕག་དང༌།   སྤྱི་ལོ་ལ་སྦྱར་ན་627ལོར་ཡིན་པས།      སྐབས་དེ་ཡི་ལྕགས་གླང་ནི་སྤྱི་ལོ་641ལས་འོས་མེད་པ་དང༌།      རྒྱ་ཡི་ཡིག་ཚང་ལས་ཀྱང་དེ་ལྟར་དུ་གསལ།      སྤྱིར་རྒྱ་ཡི་ཡིག་ཚང་ལ་བརྟེན་ནས་བོད་ཀྱི་ལོ་རྒྱུས་ལ་ངེས་པ་རྙེད་པའི་བདེན་དཔང་འཛིན་ནུས་པའི་ངེས་པ་མེད་ཀྱང༌།     རྒྱ་ནག་པ་རང་ཉིད་ཀྱི་གོང་མ་རིམ་བྱོན་གྱི་ཁྲི་ལོ་དང་མཛད་འཕྲིན་སོགས་ཉིན་ཐོ་ནང་བཞིན་གསལ་པོར་བཀོད་སྲོལ་སྔ་མོ་ཉིད་ནས་ཆགས་ཡོད་སྟབས།     རྒྱལ་རབས་ཀྱི་དུས་ཚིགས་རྣམས་གཏན་འཁེལ་ཞིག་ཆགས་འདུག་པ་དེས་ན་བོད་རྒྱ་གཉིས་ཀྱི་འབྲེལ་བའི་སྐོར་ལས་བོད་རྒྱ་གཉིས་ཀྱི་རྒྱལ་རབས་གུང་འགྲིགས་པའི་རྒྱ་ནག་རྒྱལ་རབས་ཀྱི་ལོ་ཚིགས་ནི་བོད་རྒྱལ་རབས་ཀྱི་ལོ་ཚིགས་ལ་ངེས་པ་རྙེད་བྱེད་ཀྱི་དཔང་པོ་བླ་མེད་ཅིག་ཆགས་འདུག་སྙམ། 
1,   སྲོང་བཙན་དེ་ཐང་ཐེ་ཙུང་གི་ཁྲི་ལོའི་སྐབས་ཀྱི་ས་གླང་ལོར་འཁྲུངས་པ་ཡིན་ན་སྤྱི་ལོ་629ལོར་ཡིན།   དེ་ནས་ཀོང་ཇོ་བོད་དུ་འབྱོར་བའི་བར་ལོ་ངོ་བཅུ་གསུམ་དང་ཧྲིལ་ལོ་
བཅུ་གཉིས་ལས་ཟིན་མི་འདུག་པ་དེ་ལྟར་ན་སྲོང་བཙན་གྱིས་དགུང་ལོ་བཅུ་གསུམ་པའི་སྔོན་དུ་རྒྱ་གར་དང་བལ་པོ་སོགས་ལ་གཉེན་དང་རིག་གནས་ཀྱི་འབྲེལ་བའི་མཛད་སྒོ་མང་པོ་ཞིག་གནང་ཟིན་དགོས་པས།     དེ་ལྟའི་ལོ་རྒྱུས་ད་ཕན་ཡུལ་དུས་གང་ནའང་མཐོང་ཐོས་མ་བྱུང་བ་དང༌།      རིག་པས་བརྟག་ནའང་མ་གྲུབ་སྟེ།      ལོ་ལྔ་དྲུག་ལ་ཟིན་པའི་ཕྲུ་གུས་རང་གིས་ལྟོ་ཆས་བཟའ་བ་ཙམ་ལ་ཡང་རང་རྐྱ་ཐུབ་པའི་ནུས་པ་ཞིག་མེད་ཙ་ན།      སངས་རྒྱས་བྱང་སེམས་གང་གིས་སྤྲུལ་པ་ཡིན་ཡང་དེ་ལྟའི་བླ་མེད་སྲིད་དོན་གྲུབ་ནུས་པ་ནི་ཚུར་མཐོང་གི་སྣང་ངོར་ནམ་ཡང་འབྱུང་མི་སྲིད་པ་ཞིག་ཡིན་ལ།      ཡང་ན་དེ་ལྟའི་རྒྱ་བལ་སོགས་དང་འབྲེལ་བ་བྱེད་པའི་གཉེན་འབྲེལ་བྱེད་མཁན་དེ་གནམ་རི་སྲོང་བཙན་ཡིན་ན་སྲོང་བཙན་དགུང་ལོ་13གྱི་སྔོན་ལ་གཉེན་འབྲེལ་དེ་དག་འཇིག་རྟེན་མཐུན་འཇུག་གི་དབང་གིས་ཡོང་སྲིད་པ་ཙམ་ཡིན་ཀྱང༌།    དེ་དང་ཐང་ཐེ་ཙུང་འབྲེལ་བ་བྱེད་ཚུལ་རྒྱ་བོད་གང་གི་ཡིག་ཚང་ན་མེད་པ་དང་ཡོངས་སུའང་མ་གྲགས་པས་ཨུ་ཚུགས་ཀྱིས་བསྒྲུབ་པའི་དགོས་པ་གང་ཡང་མི་འདུག་སྙམ། 
2.  དེབ་སྔོན་ལས་བཤད་པའི་ས་གླང་སྔ་མ་དེ་ཡིན་ན་སྤྱི་ལོ་569ལོ་ལ་ཡིན་པས།   དེ་ལྟར་ན་བོད་ཀྱི་ལོ་རྒྱུས་མང་ཆེ་བའི་ནང་ཆོས་རྒྱལ་འདས་སྐབས་དབོན་སྲས་མང་སྲོང་དགུང་ལོ་བཅུ་གསུམ་པ་ཞིག་ལ།       བློན་པོ་མགར་གྱིས་གྲོགས་བྱས་ནས་རྒྱལ་སྲིད་ལོ་བཅོ་ལྔ་བསྐྱངས།   དེ་ནས་མགར་འདས་ཞེས་པ་དང༌།      སྲོང་བཙན་ཁྲིར་འཁོད་པ་དང༌།   རྒྱ་བལ་གྱི་བཙུན་མོ་གཉིས་ཁབ་ཏུ་དྲངས་སྐབས་བློན་པོ་མགར་གྱིས་གཙོ་འགན་བཞེས་ཡོད་པ་དེ་རྒྱལ་པོའི་སྐུ་ཚེ་སྨད་ལ་ཡིན་དུ་ཆུག་ཀྱང༌།     སྐུ་ཚེ་སྟོད་ལ་ཡིན་ངེས་པའི་སྲོང་བཙན་ཁྲིར་བཞུགས་ནས་རིང་པོར་མ་ལོན་པའི་གཞོན་ནུའི་སྐབས་དེར།     ཁྱུང་པོ་སྤུང་སད་ཟུ་ཙེས་གཡོ་ཐབས་ཀྱིས་གཙང་དུ་གདན་འདྲེན་ཞུ་སྐབས།     སྔོན་ལ་བློན་པོ་མགར་ཉུལ་མར་ཕེབས་ཚུལ་ལ་བརྟག་ན།     ཕལ་ཆེར་བློན་པོ་མགར་དེ་སྲོང་བཙན་དང་དགུང་མཉམ་མམ་དེ་ལས་ཅུང་ཆེ་བ་ཞིག་ཡིན་དགོས་འདུག།      དེ་ལྟར་ན་བློན་པོ་མགར་དེ་ལོ་བརྒྱ་སྐོར་ཞིག་ཏུ་བཞུགས་དགོས་པ་མ་ཟད།     སྟག་གི་ལོར་འ་ཞ་ནས་སླར་འཁོར།     དེའི་ཕྱི་ལོ་ཡོས་བུའི་ལོ་ལ་སྐུ་གཤེགས་ཚུལ་དེབ་དཀར་དུ་དྲངས་པའི་ཏུན་ཧོང་དུམ་བུ་ལས་གསལ་བས།      ལོ་བརྒྱ་སྐོར་ལ་ཟིན་པའི་རྒན་པོ་ཞིག་ལེ་དབར་བརྒྱ་ཕྲག་མང་པོའི་ས་མཚམས་ནས་བྱེས་བགྲོད་བྱེད་ཐུབ་པ་ནི་ཧ་ཅང་ཡ་མཚན་དུ་མངོན།      གཞན་ཡང་སྲོང་བཙན་འདས་སྐབས་དབོན་སྲས་མང་སྲོང་མང་བཙན་དགུང་ལོ་བཅུ་གསུམ་པ་ཞིག་གིས་སྲིད་བསྐྱངས་པ་དེའི་ཡབ་གུང་རི་གུང་བཙན་དགུང་ལོ་བཅོ་བརྒྱད་ལ་སོན་པ་ཞིག་སྲས་འཁྲུངས་ལོར་གྲོངས་པ་དེ་སྲོང་བཙན་གྱི་སྲས་ཡིན་ན་སྲོང་བཙན་དགུང་ལོ་ལྔ་བཅུ་ང་གཅིག་ལོན་པའི་ལོ་དེར་གཞི་ནས་སྲས་འཁྲུངས་པ་ལས།    དེའི་སྔོན་སྐུ་ལུས་གཞོན་ཞིང་སྐུ་གཟུགས་རྒྱས་པའི་སྐབས་དེར་སྲས་མི་འཁྲུངས་པའི་རྒྱུ་མཚན་ཅི།       རྒྱ་བལ་གྱི་བཙུན་མོ་གཉིས་སྐུ་ཚེ་སྨད་དུ་བཞེས་ཡོད་དུ་ཆུག་ཀྱང༌།     མོང་བཟའ་སོགས་ནི་སྐུ་ན་གཞོན་པའི་དུས་སུ་བསུས་ཡོད་པ་གདོན་མི་ཟ། 
3.  གོང་གསལ་ལོ་ཚིགས་འགལ་བ་ཅན་དུ་སོང་བར་གཞིགས་ན།    མེ་གླང་ལ་འཁྲུངས་པར་འདོད་པ་དེ་སྤྱི་ལོ་617ལོར་འཁེལ་འདུག་པས་དེ་ནས་ལོ་ངོ་བཅུ་གསུམ་པའི་ས་གླང་རྒྱ་ནག་རྒྱལ་པོ་ཐང་ཐེ་ཙུང་ཁྲི་ལོ་གསུམ་པའི་ལོ་སྤྱི་ལོ་629ཡིན་ལ།     ལོ་དེ་སྲོང་བཙན་དགུང་ལོ་བཅུ་གསུམ་པ་ཁྲིར་འཁོད་པ་ཡིན་ན།     ཚལ་པའི་《དེབ་དམར་》   དང༌།   《དེབ་སྔོན》  རྒྱ་ནག་གི་《ཐང་ཡིག》        《དེབ་དཀར》  དུ་དྲངས་བའི་ཏུན་ཧོང་ཡིག་རྙིང་གི་དུམ་བུ་བཅས་ཚད་ལྡན་གྱི་ལོ་རྒྱུས་དེབ་ཐེར་རྣམས་ལས་བཤད་པའི་ཤིང་རྟ་ལོ་སྤྱི་ལོ་634ལོར་རྒྱ་བོད་སྐྱེས་ཀྱི་འབྲེལ་བ་ཐོག་མར་བྱས།       དེ་ནས་རིམ་བཞིན་ལོ་ངོ་བརྒྱད་ཀྱི་རིང་རྒྱ་བོད་ཟིང་འཁྲུག་གི་དུས་རིམ་ནང་གྲུ་གུ་དང༌།      འཇང་རིགས་སོགས་བོད་ཀྱི་མངའ་འོག་ཏུ་གྱུར།     ལྕགས་གླང་སྤྱི་ལོ་641ལོར་ཀོང་ཇོ་བོད་དུ་བསུས་ཚུལ་སོགས་ནི་རྒྱལ་པོའི་སྐུ་ན་དང་མཛད་འཕྲིན་གྱི་ཁྱབ་རྒྱ་གཉིས་མཚུངས་པར་འདུག་སྙམ།       འོ་ན་དེ་དག་ལས་སྲོང་བཙན་དེ་ཀའོ་ཛུང་ (高宗)ཁྲི་ལོ་དང་པོའི་ལྕགས་ཁྱི་སྤྱི་ལོ་650ལོར་འདས་པས་དགུང་ལོ་སོ་བཞི་ལས་མ་བཞུགས་པ་དེ་འཐད་དམ་ཞེ་ན།     ཕྲན་ནི་དེ་ལྟར་དུ་འདོད་དེ།     སྤྱི་ལོ་617པའི་མེ་གླང་ལོར་འཁྲུངས།     སྤྱི་ལོ་629 པའི་ས་གླང་དགུང་ལོ་བཅུ་གསུམ་པར་ཁྲིར་འཁོད།   634པའི་ཤིང་རྟ་དགུང་ལོ་བཅོ་བརྒྱད་སྐབས་རྒྱ་བོད་ཀྱི་འབྲེལ་བ་ཐོག་མར་བྱས།   641པའི་ལྕགས་གླང་དགུང་ལོ་ཉེར་ལྔར་ཕེབས་པ་དང་ཀོང་ཇོ་བསུས།    650པའི་ལྕགས་ཁྱི་དགུང་ལོ་སོ་བཞིའི་སྐབས་སྐུ་གཤེགས་ཚུལ་འདི་ཞིབ་ཏུ་དཔྱད་ན་དངོས་དོན་ལོ་རྒྱུས་ཀྱིས་ར་སྤྲོད་བྱུང་འདུག་ཅིང༌།     དགུང་ལོ་སོ་བཞི་ལས་མ་བཞུགས་པ་ཡིན་ན་མཛད་རྗེས་ཀྱི་འཕྲིན་ལས་དང་སྐུ་ཚེའི་ཡུན་དུས་མི་མཉམ་མོ་སྙམ་ན།      དེ་ལ་དེའི་སྐྱོན་མེད་ཚུལ་དགེ་འདུན་ཆོས་འཕེལ་གྱིས་  《དེབ་དཀར་》དང༌།      པ་སངས་དབང་འདུས་ཀྱིས་   《བོད་ལྗོངས་ཞིབ་འཇུག་》ནང་གསུངས་པ་ལས་ལྷག་པའི་གསལ་བཤད་དགོས་གལ་མ་མཆིས་པས་འདིར་སྤྲོ་བའི་ངལ་བར་མི་འཇུག་གོ
 
གཉིས།   དབོན་སྲས་མང་སྲོང་མང་བཙན། 
འདི་མན་གྱི་ལོ་ཚིགས་ཕལ་ཆེར་དེབ་སྔོན་ལྟར་བཀོད་ན།     རྒྱ་ཡིག་དང་ཏུན་ཧོང་སོགས་དང་མཐུན་པས་བདེན་དོན་གྱི་གཞི་ཆེ།     ཡིན་ནའང་སྲོང་བཙན་གྱི་སྲས་གུང་སྲོང་གུང་བཙན་དང༌།     དེའི་སྲས་མང་སྲོང་མང་བཙན་ཞེས་པ་ལ་སྐྱོན་འདི་ཡོད་པ་ནི་སྲོང་བཙན་གཤེགས་པའི་ལོ་ནི་ཀོ་ཙུང་(高宗)ཁྲི་ལོ་དང་པོ་ལྕགས་ཁྱི་སྤྱི་ལོ་650ལོར་ཡིན་པ་དེབ་སྔོན་དང་རྒྱ་ནག་ཡིག་ཚང་སོགས་སུ་གསལ་བ་དང༌།     ལོ་དེར་མང་སྲོང་ཁྲིར་འཁོད་པ་ནི་ལོ་རྒྱུས་ཀུན་ཁ་འཆམས།    སྲོང་བཙན་ཐང་ཐེ་ཙུང་དང་དུས་མཉམ་ཡིན་པའང་རྒྱ་བོད་ཡིག་ཆ་ཀུན་ཁ་མཐུན།     སྐབས་དེའི་མེ་གླང་དང་ས་གླང་གང་ལ་འཁྲུངས་ཀྱང་མང་ན་སོ་བཞི་དང་ཉུང་ན་ཉེར་གཉིས་ལས་མ་སོང་བ་ནི་འབྱུང་རྩིས་རགས་ཙམ་ཤེས་པའི་རིག་པ་ཙམ་གྱིས་དཔྱད་ན་གྲུབ།    ས་གླང་སྔ་མ་ལ་འཁྲུངས་པ་མི་འགྲིགས་པའི་རྒྱུ་མཚན་གོང་དུ་ཞུས་ཟིན་པ་ལྟར་རོ།     ཆོས་འབྱུང་དེབ་ཐེར་ཕལ་མོ་ཆེའི་ནང་མང་སྲོང་དགུང་ལོ་བཅུ་གསུམ་ཐོག་ཁྲིར་འཁོད་ཅེས་གསལ་བ་དེ་ལྟར་ན་སྲོང་བཙན་དགུང་ལོ་སོ་བཞི་པའི་དུས་དེར་སྲས་གུང་རུ་གུང་བཙན་གྱི་སྲས་ལོ་བཅུ་གསུམ་ལོན་པ་ཞིག་ཡོད་ན།     སྲོང་བཙན་དང་སྲོང་བཙན་གྱི་སྲས་ལོ་གང་གིས་ཆེ་ཐེ་ཚོམ་མི་སྐྱེ་ཀ་མེད་ཆགས་འདུག་ཅིང༌།     མང་སྲོང་འཁྲུངས་པའི་ལོ་དེ་ཉིད་ལ་ཁྲིར་འཁོད་པ་ཡིན་ནའང༌།   སྲོང་བཙན་དགུང་ལོ་སོ་བཞི་པ་ཞིག་ཨ་མྱེར་གྱུར་དགོས་པ་དེ་ཡང་གད་མོ་དང་བཅས་པས་ཁས་ལེན་པ་ལས་ཐབས་མེད་པ་དེ་རེད།     འོ་ན་གུང་རི་གུང་བཙན་དེ་སྲོང་བཙན་གྱི་སྲས་དང༌།     མང་སྲོང་ཚ་བོ་ཡིན་པ་མི་འདོད་དམ་ཞེ་ན།     མང་སྲོང་མང་བཙན་སྲོང་བཙན་གྱི་ཚ་བོ་ཡིན་པ་རྣམ་པ་ཀུན་ཏུ་འདོད་ཀྱང༌།      ཚ་བོ་ཡིན་ན་བུ་ཡི་བུ་ཡིན་པས་མ་ཁྱབ་སྟེ།     མིང་སྲིང་སྤུན་མཆེད་ཀྱི་བུ་ལ་ཚ་བོ་དང་བུ་ཡི་བུ་ལ་ཚ་བོ་སྟེ།     རྣམ་པ་གཉིས་ཡོད་པའི་ཕྱིར།    རྒྱལ་རབས་དེབ་ཐེར་ཕལ་ཆེར་གྱི་ནང་དུ་དབོན་སྲས་མང་སྲོང་མང་བཙན་ཞེས་འཁོད་འདུག་པ་ལ་དཔྱད་པ་བྱ་དགོས་ཏེ།    དབོན་པོ་ཞེས་པ་ནི་ཕ་རྒྱུད་བུ་སྤུན་གྱི་སྤྱི་མིང་དང༌།     སེར་སྐྱ་མི་དྲག་གི་སྤུན་ཆུང་དང་ཚ་བོ་བཅས་ཀྱི་སྤྱི་མིང་ཞིག་ཡིན་པས་དབོན་སྲས་ཞེས་པ་ནི་སྤུན་གྱི་བུ་སྟེ་ཚ་བོའི་ཞེ་སའི་མིང་ཡིན་པ་བོད་སྐད་ཡང་དག་ཤེས་པའི་བོད་མི་ཀུན་གྱིས་མཁྱེན་གསལ་ལྟར་རེད།    དེས་ན་མང་སྲོང་ལ་དབོན་སྲས་ཞེས་སྤུན་མཆེད་ཀྱི་སྲས་ཡིན་པ་གསལ་པོ་བསྟན་ཡོད་བཞིན་ཨུ་ཚུགས་ཀྱིས་སྲོང་བཙན་སྒམ་པོའི་སྲས་ཞེས་བསྒྲུབ་དགོས་པའི་རྒྱུ་མཚན་གང་ཡང་མི་འདུག་སྙམ།     སྲིད་གསུམ་ཁ་ལོ་བསྒྱུར་བའི་རྒྱལ་པོ་ཆེན་པོ་དེའི་སྲས་བརྒྱུད་དུ་བསྒྲུབ་ན་མང་སྲོང་གི་ཆེ་བར་འདོན་པའི་དགོས་པ་ཡོད་དོ་སྙམ་ན།     སྲོང་བཙན་དང་ཤ་རུས་གཅིག་ལས་མཆེད་པའི་སྤུན་མཆེད་ཀྱི་སྲས་ཡིན་ན་རིགས་རུས་ཞན་པའི་རྒྱུ་མཚན་གང་ཡང་མེད་དོ།    རྒྱལ་རབས་གཞན་ལ་མེད་པར་འདིར་དམིགས་བསལ་དུ་དབོན་སྲས་ཞེས་འབོད་པ་ལའང་གོ་དོན་ཁྱད་པར་ཞིག་འདུག་སྙམ་སྟེ།     སྲོང་བཙན་དགུང་ལོ་སོ་བཞི་པའི་སྟེང་དུ་སྐུ་གཤེགས་རྗེས་རང་ཉིད་ཀྱི་སྲས་མེད་པས་དབོན་པོ་སྟེ་སྐུ་མཆེད་ཀྱི་སྲས་མང་སྲོང་ཁྲིར་བཀོད་པ་ལ་དབོན་སྲས་མང་སྲོང་མང་བཙན་ཞེས་ཡོངས་སུ་གྲགས་པའི་མཚན་དུ་བྱུང་ཡོད་པར་སེམས་ཤིང༌།       《དེབ་དཀར་》དུ་དྲངས་པའི་ཏུན་ཧོང་ཡིག་རྙིང་གི་དུམ་བུ་ལས།   “སྲོང་བཙན་ལ་སྲས་མེད་པས།      ཚ་བོ་ཞིག་ཁྲི་ལ་འཁོད།  ”ཅེས་ཀྱང་བཀོད་འདུག་པ་བཅས་ལ་བརྟགས་ན་གུང་རི་གུང་བཙན་ནི་སྲོང་བཙན་གྱི་གཅུང་པོ་ཡིན་པ་ལས་སྲས་མ་ཡིན་པ་རིག་པའི་རང་སྟོབས་ཀྱིས་གྲུབ།      གཅུང་ཡིན་པར་ཐལ་ཏེ།   དབོན་པོ་ཞེས་པ་སེར་སྐྱ་མི་དྲག་གི་སྤུན་ཆུང་གི་ཞེ་སའི་མིང་ཡིན་པའི་ཕྱིར་དང༌།     མང་སྲོང་ལ་དབོན་སྲས་ཞེས་མཚན་འབོད་པའི་ཕྱིར།      ཁམས་ཕྱོགས་ན་ད་ལྟ་ཡང་དེ་ལྟར་དུ་འབོད་དེ།     སི་ཏུ་ཆོས་འབྱུང་གི་ནུ་བོ་རྣམས་ལ་དབོན་ཀརྨ་ངེས་ལེགས་དང༌།     དབོན་ཀརྨ་བསེ་གཏན་ཞེས་པ་དང༌།     ཡང་སྡེ་དགེ་རྒྱལ་པོའི་ནུ་བོས་དབང་སྒྱུར་བྱས་པའི་ཡུལ་ལ་དབོན་པོ་སྟེང་ཞེས་འབོད་ཅིང་ཡོད་པ་རེད།      
སྲོང་བཙན་སྒམ་པོ་ལ་གཅེན་གཅུང་ཡོད་པ་རྒྱལ་རབས་དེབ་ཐེར་གཞན་ལས་མ་གསལ་ཡང༌།     《དེབ་ཐེར་དཀར་པོ་》  ལས།   “སྲོང་བཙན་ལ་སྐུ་ཡི་གཉེན་ཚན་དུ་གྱུར་པ་ནི།    སརྦ་མ་ཀར་བྱ་བ་དང་ཡང་ཤོག་དྲིལ་ཀ་པའི་དབུ་ཤོག་རལ་པ་དེའི་ཐད་ནས་སྲོང་བཙན་གྱི་གཅུང་བཙན་སྲོང་དང་སྐུ་མཆེད་གཉིས་མ་འཆམ་པའི་མཐར་བཙན་སྲོང་གཉལ་གྱི་ཡུལ་དུ་བཞུགས་སུ་བཅུག་ཅེས་བྲིས་འདུག་པས་གཅུང་བཙན་སྲོང་བྱ་བ་ཞིག་ཀྱང་འདུག་པ།    དེ་དག་གི་ལོ་རྒྱུས་ཀྱང་རྩད་བཅད་པར་བྱའོ་”ཞེས་པའི་གཅུང་དེ་ཉིད་གུང་སྲོང་གུང་བཙན་དང་གཅིག་ཡིན་པར་ངེས་ཏེ།      དེ་ལས་གཞན་དུ་གཅུང་ཞིག་ཡོད་ན་སྲོང་བཙན་འདས་རྗེས་གཅུང་པོ་ཁྲི་ལ་འཁོད་རྒྱུ་སྨྲོས་མ་དགོས་པས།      སྐབས་དེར་དབོན་སྲས་ཁྲི་ལ་བཞུགས་པས་གཅུང་པོ་ཞལ་མི་བཞུགས་པ་གསལ་བའི་ཕྱིར་ཏེ།     དཔེར་ན།      མུ་ནེ་བཙན་པོ་སྐུ་གཤེགས་རྗེས་གཅུང་རྣམས་རིམ་བཞིན་ཁྲིར་བཞུགས་པ་བཞིན་ནོ།      འདི་ལ་བཙན་པོའི་མཚན་གསོལ་བ་ཡང་མི་འགལ་ཏེ།      བོད་ཀྱི་དེབ་ཐེར་རྣམས་ལས་འདི་ཉིད་ཀྱིས་ལོ་ལྔ་སྲིད་བསྐྱངས་ནས་དགུང་ལོ་བཅོ་བརྒྱད་པའི་སྐབས་འདས་ཞེས་གསལ་བས་སོ།    དེ་ཡང་དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་《མཁས་པའི་དགའ་སྟོན་》ལས།    གུང་སྲོང་གུང་བཙན་ལྕགས་སྦྲུལ་ལོར་འཁྲུངས་པ་བསྟན་པ་དེ་དོན་ལ་གནས་པར་མཐོང་སྟེ།    སྲོང་བཙན་འཁྲུངས་པའི་མེ་གླང་ནས་བརྩིས་པའི་ལོ་ངོ་ལྔ་པ།     ལྕགས་སྦྲུལ་ལོ་སྤྱི་ལོ་621ལོར་འཁྲུངས།   ཤིང་རྟ་ལོ་སྤྱི་ལོ་634པའི་ལོ་དགུང་ལོ་བཅུ་བཞིར་སོན་པ་དང༌།     ཆོས་རྒྱལ་སྲོང་བཙན་དེ་ཉིད་རྒྱ་བོད་དམག་འཁྲུག་གི་འགོ་གཟིགས་བྱེས་ཕེབས་ཀྱི་ཤུལ་དུ་བོད་ཀྱི་སྲིད་ཁྲིར་བཞུགས་ཀྱང་དགུང་ལོ་བཅོ་བརྒྱད་སོན་པའི་སྲིད་སྐྱོང་ལོ་ངོ་ལྔ་པའི་ས་ཁྱི་སྤྱི་ལོ་638ལོར་འགལ་རྐྱེན་གྱི་དབང་དུ་གཤེགས་པ་སྟེ།     སྲོང་བཙན་སྐུ་མཆེད་ཕན་ཚུན་ནང་མི་མཐུན་པའི་ཚུལ། 
《དེབ་དཀར་》   དུ་དྲངས་བའི་ཏུན་ཧོང་ཡིག་རྙིང་གི་དུམ་བུར་གོང་དུ་བཀོད་པ་ལས་དཔོག་ནུས་པ་ལྟར་ཡིན། 
དེ་ལྟར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་ཡི་གཅུང་པོར་འཁྲུངས་པའི་གུང་རི་གུང་བཙན་གྱི་སྲས་མང་སྲོང་མང་བཙན་ནི།     སྲོང་བཙན་དགུང་ལོ་ཉེར་གཉིས་པ།   ཡབ་གུང་རི་གུང་བཙན་གཤེགས་པའི་ས་ཁྱིའི་ལོ་སྤྱི་ལོ་638ལོར་སྐུ་འཁྲུངས།     དགུང་ལོ་བཅུ་གསུམ་སོན་པའི་ལྕགས་ཁྱི་སྲོང་བཙན་སྐུ་གཤེགས་པའི་ལོ་དེར་ཁྲིར་འཁོད།        མགར་གྱིས་གྲོགས་བྱས་ཏེ་ལྕགས་ཕག་ནས་མེ་ཡོས་ཀྱི་བར་ལོ་བཅུ་བདུན་དུ་སྲིད་བསྐྱངས་ནས་མེ་ཡོས་སྤྱི་ལོ་
667ལོར་བློན་པོ་མགར་འདས།     (འདི་དེབ་དཀར་དུ་དྲངས་པའི་ཏུན་ཧོང་དུམ་བུ་ལས་གསལ་)དགུང་ལོ་སོ་བཞི་པའི་ལྕགས་རྟ་སྤྱི་ལོ་670ལོར་ཐང་གི་རྒྱལ་ཁམས་ལ་དམག་བརྒྱབ།   ཡུ་གུར་གྱི་ཡུལ་ཐམས་ཅད་བླངས།     དགུང་ལོ་སོ་དགུ་པའི་མེ་བྱི་སྤྱི་ལོ་676ལོར་སྐུ་གཤེགས།   མེ་བྱི་ལ་སྐུ་འདས་པའི་སྒྲུབ་བྱེད་ལ་《དེབ་དཀར་》ལས།     “མང་སྲོང་འདི་དོན་ལ་མེ་བྱི་ལ་སྐུ་འདས་པ་ཡིན་མོད།     དེབ་སྔོན་དུ་རྒྱ་ཡི་རྒྱལ་རབས་དྲངས་པར་ས་མོ་ཡོས་ལ་འདས་ཞེས་བཤད།     རྒྱལ་རབས་ ཀ༽ པ་འདིར་གླང་དང་སྟག་གི་ལོ་ལ་ཡབ་ཀྱི་སྐུ་གདུང་སྦས་ནས་བཞག་ཅེས་བཤད།        དེས་ན་ལོ་གསུམ་གྱི་རིང་ལ་བཙན་པོ་གྲོངས་པ་གསང་རྒྱ་བྱས་ནས་བཞག་ཏེ་ས་མོ་ཡོས་ཀྱི་ལོར་གདུང་མཆོད་བཏང་ནས་བཙན་པོ་འདས་སོ་ཞེས་ཀུན་ལ་གོ་བར་བྱས་པས།    རྒྱ་ནག་ཏུ་ལོ་དེ་རང་ལ་བཙན་པོ་གྲོངས་པ་ཆ་བཞག་ནས།       རྒྱ་ཡི་རྒྱལ་རབས་སུ་ཡང་མང་སྲོང་ས་ཡོས་འདས་ཞེས་བཀོད་པ་གསལ་ལོ་”ཞེས་པ་དེ་དོན་ལ་གནས་འདུག
 
གསུམ།    འདུས་སྲོང་མང་རྗེ། 
འདུས་སྲོང་མང་པོ་རྗེ་ནི་རྒྱལ་རབས་དེབ་ཐེར་མང་ཆེ་བའི་ནང་ཡབ་འདས་པའི་ཞག་བདུན་ལོན་ནས་ཆུ་བྱི་ལོར་འཁྲུངས།         དེ་མ་ཐག་ཏུ་རྒྱལ་སར་འཁོད་གསུངས་ཀྱང༌།   འདི་ནི་སྲོང་བཙན་མེ་གླང་ལ་འཁྲུངས་པའི་དགུང་ལོ་གྱ་གཉིས་པའི་སྟེང་དུ་མང་སྲོང་གི་ཁྲི་ལོ་བཅོ་ལྔ་བསྣན་ན་ཆུ་བྱི་སྟེ་སྤྱི་ལོ་712ལོར་ཏག་ཏག་འཁེལ་འདུག་པས།    སྲོང་བཙན་གྱ་གཉིས་བཞུགས་པའི་དབང་དུ་བྱས་ནས།     འཁྲུངས་ལོ་བྱི་བ་ཞེས་གསལ་བ་དེ་འབྱུང་རྩིས་ཀྱི་རིག་པས་འདེད་ཁུལ་བྱས་པས་ནོར་བ་ལས་འོས་མེད་ལ།    དེ་ནི་ལོ་རྒྱུས་ཀྱི་དོན་དངོས་དང་འགྲིག་ཐབས་མེད་པས།      དེབ་དཀར་དུ་གསུངས་པ་ལྟར་མེ་བྱི་སྟེ་སྤྱི་ལོ་676ལོར་ཡབ་འདས་རྗེས་སུ་ཞག་བདུན་ལོན་པ་དང་འཁྲུངས།     ལོ་ངོ་བཞི་ལ་ཟིན་པའི་ས་ཡོས་སྤྱི་ལོ་679ལོར་རྒྱལ་སར་མངའ་གསོལ།      ལྕགས་འབྲུག་སྤྱི་ལོ་680ལོར་རྒྱ་བཟའ་ཀོང་ཇོ་བོད་དུ་ལོ་བཞི་བཅུ་བསྡད་ནས་གྲོངས།     དགུང་ལོ་ཉེར་བརྒྱད་ལོན་པའི་ཤིང་འབྲུག་སྟེ་སྤྱི་ལོ་704ལོར་
འདས་ཞེས་《དེབ་སྔོན་》དང༌།  《ཏུན་ཧོང་ཡིག་རྙིང་》    རྒྱ་ནག་ཡིག་ཚང་བཅས་གཅིག་མཐུན་དུ་སྣང༌།      གཞན་ཡང་《དེབ་དཀར་》དུ་དྲངས་པའི་མང་སྲོང་མང་བཙན་གྱི་སྐོར་ཏུན་ཧོང་ཡིག་རྙིང་གི་དུམ་བུ་ཞིག་ལས་ “ཅའོ་ལུན་(调露)གྱི་ལོ་དང་པོ་ལ་བོད་ཀྱི་བཙན་པོ་སྐུ་འདས་ཤིང༌།    སྲས་ཁྲི་འདུས་སྲོང་དགུང་ལོ་བརྒྱད་ལོན་པ་ཞིག་ཁྲི་ལ་འཁོད་དོ་”ཞེས་ཏའེ་ལུན་ཁྲི་ལོ་དང་པོ་སྤྱི་ལོ་679ལོར་འདུས་སྲོང་ཁྲིར་འཁོད་པའི་སྐབས་སུ་དགུང་ལོ་བརྒྱད་ཡིན་ཚུལ་ཞིག་ཀྱང་གསལ་ཡང༌།     སྔ་མ་འདི་ཉིད་དག་པར་སེམས།    རྒྱ་ཡི་ཡིག་ཚང་ལས།   703ལོར་འཇང་ཡུལ་དུ་ཕེབས་ནས་འཇང་ཕབ།     དེའི་ཕྱི་ལོ་ཤིང་འབྲུག་ལོར་བཙན་པོ་རང་ཡང་འཇང་ཡུལ་དུ་དམག་ཐོག་ཏུ་གྲོངས།     སྲས་རྣམས་རྒྱལ་ས་ལ་བརྩད།     དེའི་ཕྱི་ལོ་ཤིང་སྦྲུལ་ལོར་སྲས་ཁྲི་ལྡེའུ་གཙུག་བརྟན་ཁྲིར་འཁོད།     ཅེས་པ་ལ་དཔྱད་ན།    སྲས་ཆེ་བ་ལྗང་ཚ་ལྷ་དབོན་ལ་རྒྱ་བཟའ་གྱིམ་ཤིང་ཀོང་ཇོ་བཙུན་མོར་བསུས་ཀྱང་བོད་དུ་མ་འབྱོར་གོང་དུ་ལྗང་ཚ་འདས།     དེ་ནས་མེས་ཨག་ཚོམ་མམ་ཁྲི་ལྡེའུ་གཙུག་བརྟན་དང་འདུས་ཞེས་པ་དེ་བདེན་པར་ངེས་ཏེ་ཡབ་འདས་པའི་རྗེས་སུ་ལྗང་དང་མཆིམས་ཕྱོགས་གཉིས་སུ་གྱེས་ནས་སྲས་རྣམས་སྲིད་ལ་རྩོད་པའི་རྐྱེན་གྱིས་མཐར་ལྗང་ཚ་འདས་ཏེ་མེས་ཨག་ཚོམ་གྱི་ཁབ་ཏུ་བཞེས་ཡོད་པ་དོན་ལ་གནས།      འོན་ཀྱང་ལྗང་ཚ་ལྷ་དབོན་ནི་མེས་ཨག་ཚོམ་གྱི་གཅེན་པོ་ཡིན་པ་ལས་སྲས་ཡིན་མི་སྲིད་པ་ཤེས་སླ། 
 
བཞི།    ཁྲི་ལྡེ་གཙུག་བརྟན་ནམ་མེས་ཨག་ཚོམ། 
     འདིར་དེབ་ཐེར་ཕལ་ཆེར་ལ་འཁྲུངས་ལོ་དང་ཁྲི་ལོ་གཅིག་ཏུ་བཞེད་ནས་ལྕགས་འབྲུག་ལོར་ཕོ་བྲང་ལྡན་དཀར་དུ་འཁྲུངས་ཞེས་གསལ་ཡང་གོང་དུ་སྲོང་བཙན་ནས་དགུང་ཚད་ནོར་བས་ལྕགས་འབྲུག་ལ་སྦྱར་བ་ཡིན་འདུག་སྟེ།      འདིའི་འཁྲུངས་ལོ་དངོས་ནི།     
《དེབ་སྔོན་》དུ་ “ཤིང་འབྲུག་ལོར་ཡབ་འདས།   དེའི་ཕྱི་ལོ་ཤིང་མོ་སྦྲུལ་ལ་ཆི་ཀ ་ཛུང་དང༌།    རྒྱལ་མོའི་བུ་ཛུང་ཛུང་རྒྱལ་སར་བཏོན།       ལོ་དེ་ཉིད་འདུས་སྲོང་གི་སྲས་ཁྲི་ལྡེའུ་གཙུག་བརྟན་ཡབ་ཀྱི་རྒྱལ་སར་བཏོན་”ཞེས་གསུངས་འདུག་པས་ཀྲུང་ཛུང་(中宗)ཁྲི་ལ་འཁོད་པའི་ཤིང་སྦྲུལ་ སྤྱི་ལོ་705ལོར་ཡིན།    འོན་ཀྱང་རྒྱལ་སར་བཞུགས་སྐབས་དགུང་ལོ་གང་ཟིན་དང་འཁྲུངས་ལོ་སོགས་ནི་མ་གསལ་ཡང༌།     རྒྱ་ནག་གི་ཡིག་ཚང་《ཐང་ཡིག་གསར་རྙིང་》ཞེས་པ་དེའི་ནང་དུ་ཐུ་བྷོད་ཀྱི་འབྲེལ་བའི་སྐོར་ལས།      ཁྲི་ལྡེའུ་གཙུག་བརྟན་ཁྲིར་བཞུགས་སྐབས་དགུང་ལོ་བདུན་ཟིན་ཡོད་པ་དང༌།      ལྕགས་ཁྱི་ལོ་སྤྱི་ལོ་710ལོར་དེའི་ཕྱི་མོ་འབྲོ་བཟའ་ཁྲི་མ་ལོད་ཀྱིས་རྒྱ་ནག་ཏུ་ཕོ་ཉ་བཏང་སྟེ་རྒྱ་བཟའ་གྱིམ་ཤིང་ཀོང་ཇོ་བོད་དུ་བསུས་ཚུལ་འཁོད་པ་དེ་བདེན་དོན་ཆེ་སྙམ་སྟེ།      དེ་ཡང་གལ་ཏེ་ཡབ་འདས་པའི་ལོ་དེར་འཁྲུངས་པ་དང་ཁྲིར་འཁོད་པ་ཡིན་ན།      ཀོང་ཇོ་བོད་དུ་ཕེབས་པའི་ལྕགས་ཁྱིའི་བར་ལོ་ངོ་བདུན་ལས་མ་སོང་བས།       དེ་འདྲའི་ཁྱེ་ཞིག་ལ་གཉེན་སྒྲིག་གི་འདུན་མ་ཡོང་སྲིད་ཀྱང༌།     གཉེན་བསྒྲིགས་པའི་མཛད་སྒོ་སྤེལ་བ་ནི་གནའ་ནས་ད་བར་རྒྱ་བོད་གང་དུའང་དར་བའི་སྲོལ་ཞིག་མ་ངེས་ན་རྒྱ་བོད་མཛའ་མཐུན་ཇི་ལྟར་ཆེ་ཡང་འབྱུང་མི་སྲིད་པ་ཞིག་ཡིན་ཞིང༌།     ལོ་རྒྱུས་ཀྱི་དེབ་ཐེར་རྣམས་ལས་རྒྱལ་པོ་རྣམས་ཀྱི་འཁྲུངས་ལོ་དང་ཁྲི་ལོ་ནོར་བ་ཡིན་པའི་སྒྲོས་མང་པོ་ཞིག་བྱུང་འདུག་སྟེ།     མང་སྲོང་དགུང་ལོ་བཅུ་གསུམ་པར་ཁྲིར་འཁོད་པ་ཡོངས་སུ་གྲགས་ཀྱང༌།   འགའ་ཞིག་ལས་སྲོང་བཙན་འདས་པོའི་ལོ་ལ་མང་སྲོང་འཁྲུངས་ཤིང་ཁྲིར་འཁོད་པ་དང༌།    མང་སྲོང་འདས་ནས་ཞག་བདུན་པ་ན་འདུས་སྲོང་འཁྲུངས་ཤིང་ཁྲིར་འཁོད་པ།   འདུས་སྲོང་འདས་པའི་ལོར་ཁྲི་ལྡེའུ་གཙུག་བརྟན་འཁྲུངས་ཤིང་ཁྲིར་འཁོད་པ་སོགས་བསྟུད་མར་ཕ་མེས་འདས་པའི་ལོར་བུ་སྐྱེས་པའི་ལོ་རྒྱུས་མང་པོ་ཞིག་བྱུང་བ་ནི་ཁྲི་ལོ་དང་འཁྲུངས་ལོ་ནོར་བ་ལས་འོས་མེད་དོ་སྙམ།     དེབ་དམར་དང༌།      དེབ་སྔོན་སོགས་ཚད་ལྡན་གྱི་ལོ་རྒྱུས་དེབ་ཐེར་རྣམས་ལས།      བཙན་པོ་འདི་ཤིང་སྦྲུལ་ལ་ཁྲིར་འཁོད་པ་ལས།  འཁྲུངས་པའི་ཚིག་སྒྲོས་ཙམ་ཡང་མི་སྣང་ཞིང༌།    《ཏུན་ཧོང་ཡིག་རྙིང་》ལས།    “སྦྲུལ་གྱི་ལོ་ལ་བབ་སྟེ།    བཙན་པོ་སྲས་རྒྱལ་གཙུག་རུ་དང༌།       པྱྀ་ཁྲྀ་མ་ལོད་དྲོན་ན་བཞུགས་”ཞེས་ཁྲི་ལ་བཞུགས་ཡོད་པ་ལས།   འཁྲུངས་པའི་ཚིག་སྒྲོས་ཙམ་མི་སྣང་ལ་རྒྱ་བཟའ་བོད་དུ་ཕེབས་པའི་དུས་ཚོད་ཀྱང་རྒྱ་བོད་ཡིག་ཚང་སོ་སོར་ལྕགས་ཁྱི་ 710དང་ཆུ་བྱི་712གཉིས་སུ་སྣང་ཡང་ལྕགས་ཁྱི་ལོར་རྒྱ་ནས་ཡོང་བའི་འགོ་ཚུགས།  བོད་དུ་ཕེབས་བསུའི་གྲ་སྒྲིགཆུ་བྱི་ལོར་དངོས་སུ་བོད་དུ་འབྱོར་བ་ལ།   རྒྱ་ནས་ཕེབས་པའི་ལོར་ཡི་གེར་བཀོད་པ་དང་བོད་དུ་འབྱོར་བའི་ལོར་ཡི་གེར་བཀོད་པ་གཉིས་བྱུང་བར་རྗེས་སུ་དབྱེ་བསལ་མེད་པ་ཡི་གེ་གང་མཐོང་བྲིས་ནས་བཤད་སྲོལ་གཉིས་བྱུང་ཡོད་པ་འདྲ།     
 གཞན་ཡང་གཙན་པོ་འདི་ལ་སྲས་ལྗང་ཚ་ལྷ་དབོན་ཞེས་པ་འཁྲུངས་ཏེ་དེ་ལ་ཀོང་ཇོ་བསུས།     ལམ་བར་རྒྱལ་བུ་འདས་ནས་ཀོང་ཇོ་ཁྲི་ལྡེའུ་གཙུག་བརྟན་རང་ཉིད་དང་བཤོས་ཞེས་པའི་བཤད་སྲོལ་འདི་ནི་འཐད་པར་མ་མཐོང་སྟེ།     ཁྲི་ལྡེའུ་གཙུག་བརྟན་ཡབ་འདས་པའི་ལོ་དེར་འཁྲུངས་པ་ཡིན་ན།     ཀོང་ཇོ་བོད་དུ་ཕེབས་ལོ་ཁྱི་དང་བྱི་བ་གང་ལ་བྱས་ཀྱང་རིང་ན་ལོ་དགུ་དང༌།     ཐུང་ན་ལོ་བདུན་ལས་ཟིན་མེད་པ་དང༌།      ཡབ་འདས་པའི་སྐབས་དགུང་ལོ་བདུན་ལ་སླེབས་པ་ནའང༌།     རིང་ན་ལོ་བཅོ་ལྔ་དང༌།   ཐུང་ན་བཅུ་གསུམ་ལས་མ་སོང༌།     གང་ལྟར་དེའི་བར་ན་སྲས་ཤིང་འཁྲུངས་པ་དང་།     དེ་ལ་བག་མ་ལེན་རྒྱུའི་སྤྲོས་པ་འབྱུང་ཐབས་མེད་པ་ཟུར་བལྟས་ལེབ་མཐོང་ཡིན།     རྒྱ་བཟའ་འདས་ལོ་ལ་ཡང༌།    དེབ་སྔོན་དང༌།      རྒྱ་ཡིག་སོགས་སུ་ལྕགས་སྦྲུལ་སྤྱི་ལོ་741ལོར་འདས་ཞེས་དང༌《ཏུན་ཧོང་གི་ཡིག་རྙིང་》ལས་ས་ཡོས་ སྤྱི་ལོ་739ལོར་ཞེས་མི་འདྲ་བ་གཉིས་བྱུང་བ་ལས་ཕལ་ཆེར་རྗེས་མ་འདི་བདེན་ཆེར་སྙམ་སྟེ།      རྒྱ་བཟའ་གྲོངས་ནས་སྣ་ནམ་བཟའ་དང་བཤོས་པ་ལས་སྲས་འཁྲུངས་པ་ལ་དུས་ཡུན་ཅུང་ཞིག་འགོར་དགོས་ཏེ།     རྒྱ་བཟའ་ལྕགས་སྦྲུལ་ལོར་འདས་པ་ཡིན་ན་དེའི་ཕྱི་ལོ་ཆུ་རྟ་ལ་ཁྲི་སྲོང་འཁྲུངས་པས་དུས་མི་འཚམ་པའི་དོགས་གཞི་ཅུང་ཟད་ཡོད། 
        དེས་ན་རྒྱའི་ཡིག་ཚང་དུ་རྒྱ་བཟའ་ལྕགས་སྦྲུལ་ལ་འདས་ཚུལ་འཁོད་པ་ནི་ལོ་གཉིས་རིང་གསང་རྒྱ་བྱས་པར་མངོན་པས་སོ།      ཁྲི་སྲོང་ལྡེའུ་བཙན་རྒྱ་བཟའི་སྲས་ངོ་མ་ཡིན་ནམ་ཞེ་ན།     དེ་ནི་འཐད་པ་མ་མཐོང་སྟེ།    སྤྱིར་ཁྲི་སྲོང་འཁྲུངས་ལོ་རྟ་ལ་ཡིན་པ་བོད་ཀྱི་དེབ་ཐེར་ཀུན་ཁ་མཐུན་ཀྱང༌།      ལོ་ཁམས་དང་སྦྱར་ཚེ་ས་རྟ་དང༌།    ལྕགས་རྟ།     ཆུ་རྟ་བཅས་འདོད་ཚུལ་མི་འདྲ་བ་འགའ་ཞིག་བྱུང་འདུག་པ་དེ་དག་ལས་དང་པོ་བུ་སྟོན་སོགས་ཀྱིས་འདོད་པའི་ས་རྟ་ནི་སྤྱི་ལོ་དང་སྦྱར་ཚེ་778ལོར་ཡིན།   དེ་ནི་མེས་ཨོག་ཚོམ་སྐུ་གཤེགས་ནས་ལོ་ངོ་ཉེར་གསུམ་ཕྱིན་པའི་ལོ་ཡིན་པས་སྲས་ཇི་ལྟར་འཁྲུངས།     གཉིས་པ་ལྕགས་རྟ་ལའང་སྔ་ཕྱི་གཉིས་ཏེ།     དང་པོ་བཻ་དཀར་སོགས་ཀྱིས་འདོད་པའི་ལྕགས་རྟ་དེ་མི་འཐད་དེ།     དེ་མེས་ཨག་ཚོམ་གྱི་ཁྲི་ལོ་ཉེར་དྲུག་པ་སྤྱི་ལོ་དང་སྦྱར་ན་730ལོར་བབས་པས་མེས་ཨག་ཚོམ་ལོ་ངོ་ང་གཅིག་ཁྲིར་བཞུགས་ཏེ་ཤིང་ལུག་སྤྱི་ལོ་755ལོར་སྐུ་གཤེགས་པ་དེབ་དམར་དང༌།    དེབ་སྔོན་སོགས་བོད་ཀྱི་དེབ་ཐེར་རྣམས་ལས་གསལ་བ་ལྟར་ན་ཁྲི་སྲོང་ལྡེའུ་བཙན་ཁྲིར་འཁོད་པའི་སྐབས་དགུང་ལོ་ཉེར་དྲུག་ལ་ཟིན་ཡོད་པས།      དེ་ལྟར་ཡིན་པ་ལོ་རྒྱུས་དེབ་ཐེར་གང་དུའང་མ་གསལ་བས་གཞི་འཛིན་གྱི་དཔྱད་གཞིས་སྟོང་པར་གྱུར་ལ་རིགས་པས་ཀྱང་མ་གྲུབ་སྟེ།     ཁྲི་སྲོང་ལྡེའུ་བཙན་ལྟ་བུ་ལུགས་གཉིས་ཀྱི་བྱ་བ་གང་ལའང་འགྲན་ཟླ་བྲལ་བ་ཀུན་གསལ་ལགས་ན་སྐུ་གཞོན་པའི་དུས་སུ་ཆབ་སྲིད་ཀྱི་ཁུར་མ་བཞེས་པར་རང་གར་བཞུགས་མི་སྲིད་པ་མ་ཟད།     བསམ་ཡས་གཙུག་ལག་ཁང་བཞེངས་པའི་གླང་ལོ་དེ་དགུང་ལོ་ཉི་ཤུ་ཡིན་པ་ལྡེའུ་ཆོས་འབྱུང་སོགས་སུ་གསལ་བའི་ཕྱིར་རོ།   
  • ལེ་ཚན་སྔོན་མ།:ས་བཅད་གཉིས་པ།སྤུ་རྒྱལ་རིམ་བྱོན་ལས་ཆོས་ལྡན་རྒྱལ་རབས་ཀྱི་གདུང་རབས་མདོར་བསྡུས།
  • ལེ་ཚན་རྗེས་མ།:ས་བཅད་གསུམ་པ། ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་གླང་དར་མའི་བར་གྱི་རྒྱལ་རབས་ལོ་ཚིགས།