ས་བཅད་གཉིས་པ།སྤུ་རྒྱལ་རིམ་བྱོན་ལས་ཆོས་ལྡན་རྒྱལ་རབས་ཀྱི་གདུང་རབས་མདོར་བསྡུས།

ཐུབ་བསྟན་ཕུན་ཚོགས།        2010-09-08

 
                                             ས་བཅད་གཉིས་པ།སྤུ་རྒྱལ་རིམ་བྱོན་ལས་ཆོས་ལྡན་རྒྱལ་རབས་ཀྱི་གདུང་རབས་མདོར་བསྡུས།
སྤུ་རྒྱལ་གཉའ་ཁྲི་བཙན་པོ་ནས་དར་མ་འུ་དུམ་བཙན་པོའི་བར་རྒྱལ་རབས་ཞེ་གསུམ་གྱི་རིང་ལ་རུས་རྒྱུད་གཅིག་གིས་དབང་སྒྱུར་བྱས་པ་ཡིན་སྟབས་འདིར་ཆོས་ལྡན་རྒྱལ་རབས་ཞེས་ཟུར་དུ་མ་ཕྱེས་པར་ཐམས་ཅད་ལ་དཀྱུས་གཅིག་ཏུ་སྤུ་རྒྱལ་གྱི་གདུང་རབས་ཞེས་བཀོད་ན་མི་འགྲིག་པ་མེད་པར་མ་ཟད།     ཁྲི་སྲོང་ལྡེའུ་བཙན་གྱི་རྒྱལ་རབས་སུ་ཆོས་བོན་གཉིས་ཀ་དར་ཡོད་ཅིང༌།      རྒྱལ་པོ་རྣམས་བོན་གྱི་སྐུ་གཤེན་ལ་བརྟེན་པའི་སྲོལ་ཡང་སྔར་བཞིན་དར་ཡོད་པ་བཅས་སངས་རྒྱས་ཆོས་ལུགས་ཁོ་ན་དར་བའི་དུས་རབས་ཤིག་ལ་སླེབས་པ་མིན་མོད།      ཡིན་ནའང་སྔར་གྱི་མཁས་པ་རྣམས་ཀྱིས་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་སངས་རྒྱས་ཆོས་ལུགས་བོད་དུ་དར་བས་བོད་ཆོས་ལྡན་གྱི་རྒྱལ་ཁམས་སུ་གྱུར་པའི་བཞེད་སྲོལ་ལྟར།      འདིར་ཡང་ཆོས་ལྡན་རྒྱལ་རབས་ཞེས་དུས་རབས་ཡན་གར་པ་ཞིག་ཏུ་དབྱེ་ནས་འཆད་པར་རིགས་སོ། 
 
1.  སྤུ་རྒྱལ་སོ་གསུམ་པ་སྟེ་ཆོས་ལྡན་རྒྱལ་རབས་དང་པོ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནི།   ཡབ་གནམ་རི་སྲོང་བཙན་དང༌།     ཡུམ་འབྲི་བཟའ་ཐོད་དཀར་གཉིས་ཀྱི་སྲས་སུ་སྤྱི་ལོ་617པའི་མེ་གླང་ལོར་མལ་གྲོ་རྒྱ་མ་ནང་གི་ཕོ་བྲང་བྱམས་པ་མི་འགྱུར་གླིང་དུ་སྐུ་བལྟམས། 
དགུང་ལོ་བཅུ་གསུམ་ལོན་པའི་སྤྱི་ལོ་629པའི་ས་གླང་ལོར་ཡབ་གཤེགས་པ་དང་རྒྱལ་སྲིད་ལ་འཁོད།     སྔ་རྗེས་སུ་མི་ཉག་རུ་ཡོང་བཟའ་དང༌།   ཞང་ཞུང་བཟའ་ལི་ཐིག་སྨན།    མོང་བཟའ་ཁྲི་ལྕམ་བཅས་བོད་ཀྱི་སྲས་མོ་གསུམ་ཁབ་ཏུ་བཞེས།     སྐུ་གཤེན་ཞང་ཞུང་ར་རིང་གིས་མཛད།   མྱང་མང་པོ་རྗེ་ཞང་སྣང་དང༌།     ཁྱུང་པོ་སྤུང་སད་ཟུ་ཙེ།   དབའ་དབྱི་ཚབ།   མགར་སྟོང་བཙན་སོགས་ཀྱིས་བློན་པོ་མཛད   །  སྤྱི་ལོ་632པའི་ཆུ་འབྲུག་ལོར་བལ་བཟའ་ཁྲི་བཙུན་བོད་དུ་བཙུན་མོར་བསུས་ཤིང་ཇོ་བོ་མི་བསྐྱོད་རྡོ་རྗེ་སྤྱན་དྲངས།     སྤྱི་ལོ་633པའི་ཆུ་སྦྲུལ་ལོར་ཐུ་མི་སམ་བྷོ་ཊ་ལ་སོགས་པ་གཞོན་ནུ་རིག་པ་ཅན་ཁག་གཅིག་རྒྱ་གར་དུ་སློབ་སྦྱོང་ལ་མངགས།     སྤྱི་ལོ་634པ་ཤིང་རྟ་ལོར་རྒྱ་བོད་སྐྱེས་ཀྱི་འབྲེལ་བ་ཐོག་མར་བརྒྱུད་ནས་བྱུང་བའི་དམག་འཁྲུག་གི་འགོ་གཟིགས་སུ་ཕེབས་ཏེ་དམག་དཔོན་གནང་ཞིང༌།    རྒྱལ་སྲིད་གཅུང་གུང་རི་གུང་བཙན་ལ་སྐྱོང་དུ་བཅུག  སྤྱི་ལོ་638པའི་ས་ཁྱི་ལོར་སླར་ཡང་རྒྱལ་པོའི་ཁྲི་ལ་བཞུགས།       སྤྱི་ལོ་641པའི་ལྕགས་གླང་ལོར་བློན་པོ་མགར་སྟོང་བཙན་གྱིས་རྒྱ་བཟའ་ཀོང་ཇོ་བོད་དུ་བསུས།      སྤྱིལོ་644པ་ཤིང་འབྲུག་ལོར་རྒྱལ་པོ་ལིག་སྙ་ཤུབ་བརླགས་ཏེ་ཞང་ཞུང་ཐམས་ཅད་འབངས་སུ་བཀུག  སྤྱི་ལོ་650པ་ལྕགས་ཁྱི་ལོར་སྐུ་གཤེགས།   ཡར་ཀླུང་འཕྱོང་པོའི་ནང་དུ་བང་སོ་ལྷ་ཁང་ལྔ་ཡོད་པ་ཞིག་བཞེངས་པའི་རེ་མིག་དབུས་མའི་ནང་བཞུགས་སུ་གསོལ། 
 
2.  སྤུ་རྒྱལ་སོ་བཞི་པ་ཆོས་ལྡན་རྒྱལ་རབས་གཉིས་པ་རྒྱལ་པོ་གུང་རི་གུང་བཙན་ནི།    ཡབ་རྒྱལ་པོ་གནམ་རི་སྲོང་བཙན་དང༌།      ཡུམ་འབྲི་བཟའ་ཐོད་དཀར་གཉིས་ཀྱི་སྲས་སུ་སྤྱི་ལོ་621པ་ལྕགས་སྦྲུལ་ལོར་སྐུ་བལྟམས།         དགུང་ལོ་བཅུ་བཞི་སོན་པའི་ཤིང་རྟ་སྟེ་སྤྱི་ལོ་634ལོར་གཅེན་སྲོང་བཙན་སྒམ་པོ་དམག་ལ་ཕེབས་པའི་ཚབ་ཏུ་རྒྱལ་སྲིད་བསྐྱངས།     སྐུ་གཤེན་ཞང་ཞུང་ཁྱུང་སྐར་གྱིས་མཛད།     འ་ཞ་བཟའ་མོང་རྗེ་ཁྲི་དཀར་ཁབ་ཏུ་བཞེས།    མྱང་མང་པོ་རྗེ་ཞང་སྣང་དང༌།     སྣུབས་བཙན་ཏོ་རེ་གཉིས་ཀྱིས་བློན་པོ་བྱས།      སྲས་མང་སྲོང་མང་བཙན་སྐུ་བལྟམས་པའི་ས་ཁྱི་ལོ་སྟེ་སྤྱི་ལོ་638ལོར་དགུང་ལོ་བཅོ་བརྒྱད་ལ་ཕེབས་པ་དང་ནང་གི་འགལ་རྐྱེན་གྱི་དབང་གིས་སྐུ་གཤེགས་སོ།      བང་སོ་དོན་མཁར་མདའ་རུ་གནམ་རི་སྲོང་བཙན་གྱི་གཡོན་དུ་བརྩིགས་སོ། 
 
3.  སྤུ་རྒྱལ་སོ་ལྔ་པ་ཆོས་ལྡན་རྒྱལ་རབས་གསུམ་པ་རྒྱལ་པོ་མོང་སྲོང་མང་བཙན་ནི།     ཡབ་རྒྱལ་པོ་གུང་རི་གུང་བཙན་དང༌།    ཡུམ་འ་ཞ་བཟའ་མོང་རྗེ་ཁྲི་དཀར་གཉིས་ཀྱི་སྲས་སུ་སྤྱི་ལོ་638པ་ས་ཁྱི་ལོར་སྐུ་བལྟམས།     སྤྱིལོ་650པའི་ལྕགས་ཁྱི་ལོར་དགུང་ལོ་བཅུ་གསུམ་ལོན་པ་དང་རྒྱལ་སྲིད་ལ་འཁོད།     སྐུ་གཤེན་ཁྱུང་པོ་སྟག་སྒྲས་མཛད།    འབྲོ་བཟའ་ཁྲི་ལོད་ཁབ་ཏུ་བཞེས།     མགར་སྟོང་བཙན་ཡུལ་སྲུང་དང༌།    མཆིམས་མང་གཉེར་གྱིས་བློན་པོ་མཛད།  སྤྱི་ལོ་659པ་ས་ལུག་ལོར་བཙན་པོ་མང་སྲོང་མང་བཙན་སྦྲགས་ཀྱི་ཤར་ན་བཞུགས་ཤིང༌།   བློན་ཆེན་མགར་སྟོང་བཙན་གྱིས་བོད་དམག་ཆིག་སྟོང་ཙམ་ཁྲིད་ནས་འ་ཞའི་ཡུལ་དུ་སླེབས།      དེང་སང་ཨ་མདོ་རྡོ་སྦིས་ཀྱི་སྟོང་རུ་མཚོ་ནག་ཏུ་གྲགས་པའི་ཡུལ་དེར་དམག་འཁྲུག་བྱས་པས།      བོད་དམག་ཆིག་སྟོང་གིས་ཐང་དམག་བརྒྱད་ཁྲི་ཕམ་དུ་བཅུག་སྟེ་རྒྱལ་ཁ་ཐོབ།      སྤྱི་ལོ་662པ་ཆུ་ཁྱི་ལོར་བློན་པོ་མགར་སྟོང་བཙན་གྱིས་གྲུ་གུའི་ཡུལ་དུ་དམག་དྲངས།     སྤྱི་ལོ་667པའི་མེ་ཡོས་ལོར་བཙན་པོ་འོར་མང་དུ་གཤེགས་ཏེ།     བློན་པོ་མགར་སྟོང་བཙན་འབྲས་ནད་ཀྱི་འདས།     སྤྱི་ལོ་676པ་མེ་བྱི་ལོར་མང་སྲོང་མང་བཙན་སྐུ་གཤེགས།     བང་སོ་གུང་རི་གུང་བཙན་གྱི་གཡོན་དུ་བརྩིགས་སོ།   ། 
 
4.  སྤུ་རྒྱལ་སོ་དྲུག་པ་ཆོས་ལྡན་རྒྱལ་རབས་བཞི་པ་འདུས་སྲོང་མང་རྗེའམ་རླུང་ནམ་འཕྲུལ་གྱི་རྒྱལ་པོ་ནི།      ཡབ་མང་སྲོང་མང་བཙན་དང༌།     ཡུམ་འབྲོ་བཟའ་ཁྲི་ལོད་གཉིས་ཀྱི་སྲས་སུ་སྤྱི་ལོ་676པ་མེ་བྱི་ལོར་འཁྲུངས།     ལོ་ངོ་བཞི་ལ་ཐོན་པའི་ས་ཡོས་ཏེ་སྤྱི་ལོ་679པའི་ལོར་རྒྱལ་པོའི་ཁྲི་ལ་འཁོད།    སྐུ་གཤེན་སྤེ་ནེ་གུ་ཡིས་མཛད།      ཆབ་སྲིད་ཀྱི་འགན་དབང་གཙོ་བོ་མ་ཡུམ་ཁྲི་མ་ལོད་ཀྱིས་བསྐྱངས།       མགར་བཙན་སྙ་ལྡོམ་བུ་དང༌།   དབས་ཏ་ར་ཁོང་ལོད་གཉིས་ཀྱིས་བློན་པོ་མཛད།      ལྗང་མོ་ཁྲི་བཙུན་དང༌།   མཆིམས་བཟའ་བཙན་མོ་ཏོག་གཉིས་ཁབ་ཏུ་བཞེས།       ལྗང་མོ་ཁྲི་བཙུན་ལ་སྲས་ཆེ་བ་ལྗང་ཚ་ལྷ་དབོན་འཁྲུངས། 
མཆིམས་བཟའ་ལ་སྲས་ཆུང་བ་མེས་ཨག་ཚོམ་འཁྲུངས།    སྤྱི་ལོ་703པ་ཆུ་ཡོས་ལོར་བཙན་པོ་སྐུ་དངོས་ཀྱིས་འཇང་ཡུལ་དུ་དམག་དྲངས་ཏེ་འཇང་པ་རྣམས་ཆམ་ལ་ཕབ།         སྤྱི་ལོ་704པ་ཤིང་འབྲུག་ལོར་འཇང་ཡུལ་དུ་སྐུ་གཤེགས།      བང་སོ་ཡབ་ཀྱི་བང་སོའི་གཡོན་དུ་བརྩིགས་སོ།       རྒྱལ་པོ་འདིའི་སྐབས་སུ་རྩལ་པོ་ཆེའི་བློན་འབངས་བདུན་བྱུང་བ་ནི།   1 རྔོག་རིང་ལ་ནག་པོས་གླང་པོ་ཆེ་ཐེག  2 རྔོག་གླིང་ཁམས་ཀྱིས་གཡག་བྲུས་པོ་ཆེ་ཐེག  3 གནོན་རྒྱལ་མཚན་གྱིས་མདའ་སྟོང་ཁ་མས་བྱ་ཁྲ་རྐེད་པ་བཅད།       4སྦས་རྒོད་གདོང་ཅན་གྱིས་མིག་རྒྱང་གསུམ་ལ་མདའ་རྒྱང་རེས་སླེབས།      5མགོས་གཡག་ཆུང་གིས་ཤ་བའི་བླུད་བུ་བྱེ་མས་བཀང་སྟེ་ཀླད་ལ་སྐོར།        6 ཅོག་རོ་འབྲོང་གཤེར་གྱིས་འབྲོང་ཐུར་དུ་རྒྱུག་པ་གྱེན་དུ་འཐེན་ནུས།        7 གནོན་ཁྲི་བདུན་གཡུ་བྱིན་གྱིས་རྟ་བཟང་པོ་གཡང་ལ་མཆོངས་པ་གྱེན་ལ་འདྲེན་ནུས་པ་བཅས་སོ། 
 
5.    སྤུ་རྒྱལ་སོ་བདུན་པ་ཆོས་ལྡན་རྒྱལ་རབས་ལྔ་པ་རྒྱལ་པོ་ཁྲི་ལྡེའུ་གཙུག་བརྟན་ནམ་མེས་ཨོག་ཚོམ་ནི།       ཡབ་རྒྱལ་པོ་འདུས་སྲོང་མང་རྗེ་དང༌།   ཡུམ་མཆིམས་བཟའ་བཙན་མོ་མེ་ཏོག་གཉིས་ཀྱི་སྲས་སུ་སྤྱི་ལོ་698པའི་ས་ཁྱི་ལོར་ཕོ་བྲང་ལྡན་དཀར་དུ་སྐུ་འཁྲུངས།     སྤྱི་ལོ་705པ་ཤིང་སྦྲུལ་ལོར་རྒྱལ་པོའི་གསེར་ཁྲི་ལ་མངའ་གསོལ།         སྐུ་གཞོན་ནུའི་སྐབས་དེར་ཆབ་སྲིད་གཙོ་བོ་ཕྱི་མོ་འབྲོ་བཟའ་ཁྲི་མ་ལོད་ཀྱིས་བསྐྱངས།      སྤྱི་ལོ་712པ་ཆུ་བྱི་ལོར་རྒྱ་བཟའ་གྱིམ་ཤིང་ཀོང་ཇོ་ཁབ་ཏུ་བཞེས།  དེ་རྗེས་སྣ་ནམ་བཟའ་ཁབ་ཏུ་བཞེས།  སྦས་སྐྱེས་བཟང་སྟོང་བཙན་དང༌།       མཆིམས་རྒྱལ་གཟིགས་ཤུ་ཏིང༌།      འབྲོ་ཆུ་བཟང་འོར་མ་བཅས་ཀྱིས་བློན་པོ་བྱས།      ཆབ་སྲིད་མཐའ་བཞིར་བསྐྱེད།      སྤྱི་ལོ་739པ་ས་ཡོས་ལོར་རྒྱ་བཟའ་གྲོངས།    སྤྱི་ལོ་742པ་ཆུ་རྟ་ལོར་སྲས་ཁྲི་སྲོང་ལྡེའུ ་བཙན་འཁྲུངས།         སྤྱི་ལོ་755པ་ཤིང་ལུག་ལོར་ཡར་འབྲོག་སྦྲ་ཚལ་དུ་བློན་པོ་འབལ་ལྡོང་ཙབ་དང་ལང་མྱེས་གཟིགས་གཉིས་ཀྱིས་ལྐོག་ཏུ་བཀྲོངས་ཞེས་གྲགས།       བང་སོ་མུ་ར་རི་ཞེས་པ་འཕྲུལ་གྱི་རྒྱལ་པོའི་གཡོན་དུ་བརྩིགས། 
 
6.   སྤུ་རྒྱལ་སོ་བརྒྱད་པ་ཆོས་ལྡན་རྒྱལ་རབས་དྲུག་པ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ནི།   ཡབ་རྒྱལ་པོ་ཁྲི་ལྡེའུ་གཙུག་བརྟན་དང༌།      ཡུམ་སྣ་ནམ་བཟའ་གཉིས་ཀྱི་སྲས་སུ་སྤྱི་ལོ་742པའི་ཆུ་རྟ་ལོར་སྐུ་བལྟམས།     སྤྱི་ལོ་755པའི་ཤིང་ལུག་ལོར་རྒྱལ་པོའི་ཁྲི་ལ་འཁོད།     སྣང་བཞེར་ཟླ་བརྩན་དང༌།    ཞང་མཆིམས་རྒྱལ་གཟིམས་ཤུ་ཐེང༌།    བློན་སྐྱེས་བཟང་རྒྱལ་ཀོང༌།   ཞང་སྟོང་རྩན།    སྦྲང་རྒྱལ་སྒྲ་ལེགས་གཟིགས།        དབས་བཙན་བཞེར་མདོ་ལོད།    བློན་ཁྲི་སྒྲ་སྟག་ཚབ།     སྟག་སྒྲ་ཀླུ་ཁོང་ལ་སོགས་པ་རྣམས་ཀྱིས་བློན་པོ་བྱས།     མཆིམས་བཟའ་ལྷ་མོ་བཙན་དང༌།     མཁར་ཆེན་བཟའ་མཚོ་རྒྱལ།   འབྲོ་བཟའ་ཁྲི་རྒྱལ་མོ་བཙན།     ཚེ་སྤོང་བཟའ་མེ་ཏོག་སྒྲོན།    ཕོ་ཡོངས་བཟའ་རྒྱལ་མོ་བཙུན་བཅས་བཙུན་མོ་ལྔ་ཁབ་ཏུ་བཞེས།     སྤྱི་ལོ་761པའི་ལྕགས་གླང་ལོར་བསམ་ཡས་གཙུག་ལག་ཁང་གི་རྨང་བཏིང༌།     སྤྱི་ལོ་763པ་ཆུ་ཡོས་ལོར་སློབ་དཔོན་པད་མ་འབྱུང་གནས་བོད་དུ་ཕེབས།        བོད་དམག་གིས་ཐང་ཕམ་པར་བྱས་ཏེ་རྒྱལ་ས་ཞི་ཨན་དུ་སླེབས།      ཏེ་ཙང་རྒྱལ་པོ་ཤིན་ཅུང་དུ་བྲོས།     དགུང་ལོ་སོ་དགུ་པ་ལྕགས་སྤྲེལ་སྤྱི་ལོ་780ལོར་སྲས་ཆེ་བ་མུ་ནེ་བཙན་པོ་རྒྱལ་སར་བཀོད་ནས་བཙན་པོ་འདི་ཉིད་སྒོམ་སྒྲུབ་སོགས་དམ་ཆོས་ཉམས་ལེན་གྱི་མཛད་པ་གཙོ་བོར་གནང་སྟེ་བཞུགས།      དགུང་ལོ་ང་ལྔ་པའི་མེ་བྱི་སྤྱི་ལོ་796ལོའི་ལོ་གསར་མཚན་མོར་རྟ་རྒྱུགས་པས་ཆིབས་ཀྱིས་བསྐྱུར་ནས་འདས།    དེབ་ཐེར་འགའ་ཞིག་ཏུ་མཚན་མོ་ལྐོག་མདའ་ཕོག་ནས་བཀྲོངས་ཡང་ཟེར།    བང་སོ་མུ་ར་རི་ལ་ཡབ་ཀྱི་བང་སོའི་རྒྱབ་ངོས་ཀྱི་གཡས་ཕྱོགས་སུ་བརྩིགས། 
 
7.  སྤུ་རྒྱལ་སོ་དགུ་པ་ཆོས་ལྡན་རྒྱལ་རབས་བདུན་པ་མུ་ནེ་བཙན་པོ་ ནི།    ཡབ་ཁྲི་སྲོང་ལྡེའུ་བཙན་དང༌།        ཡུམ་ཕོ་ཡོངས་བཟའ་སྣ་ནམ་པ་གཉིས་ཀྱི་སྲས་སུ་སྤྱི་ལོ་762པའི་ཆུ་སྟག་ལོར་སྐུ་འཁྲུངས།      རུ་ཡོང་བཟའ་མདོ་རྒྱལ་ཁབ་ཏུ་བཞེས།       དགུང་ལོ་བཅུ་དགུ་པའི་ལྕགས་སྤྲེལ་སྤྱི་ལོ་780ལོར་ཡབ་ཀྱིས་དམ་ཆོས་སྒོམ་སྒྲུབ་གནང་སྟབས་རྗེ་འདི་ཉིད་རྒྱལ་སྲིད་ཀྱི་ཁྲི་ལ་འཁོད།      སྐབས་དེའི་རིང་ལ་བོད་འབངས་རྣམས་དབུལ་ཕྱུག་ལན་གསུམ་སྙོམས་པར་བྱས།       དགུང་ལོ་སོ་དགུ་པའི་མེ་གླང་སྤྱི་ལོ་797ལོར་ཡབ་འདས་ནས་ལོ་གཅིག་དང་ཟླ་བ་བདུན་ལ་སོན་སྐབས་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གྱིས་ཟས་དུག་སྦྱར་ནས་བཀྲོངས་སོ། 
 
8.  སྤུ་རྒྱལ་བཞི་བཅུ་པ་ཆོས་ལྡན་རྒྱལ་རབས་བརྒྱད་པ་མུ་ཏིག་བཙན་པོ་ནི།     ཡབ་ཁྲི་སྲོང་ལྡེའུ་བཙན་དང༌།       ཡུམ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གཉིས་ཀྱི་སྲས་སུ་སྤྱི་ལོ་763པའི་ཆུ་ཡོས་ལོར་སྐུ་འཁྲུངས།    དགུང་ལོ་བཅོ་བརྒྱད་པར་གཅེན་མུ་ནེ་བཙན་པོ་རྒྱལ་སར་འཁོད།    ལོ་དེར་ཞང་གི་བུ་དབུ་རིང་བསད་པའི་རྐྱེན་གྱིས་ལོ་དགུའི་རིང་ཞང་སྟོད་དུ་ཡུལ་ཕུད་པའི་ཆད་པ་བཅད།      དགུང་ལོ་སོ་ལྔ་པའི་སྤྱི་ལོ་797པའི མེ་གླང་ལོར་གཅེན་པོ་སྐུ་གཤེགས་པ་དང་མུ་ཏིག་བཙན་པོ་རྒྱལ་སར་འཁོད།      སྐབས་དེར་དམག་ཤུགས་ཧ་ཅང་ཆེ་བས་ཕྱོགས་བཞིའི་རྒྱལ་ཁབ་རྣམས་ལ་དཔུང་འཇུག་བྱས།        རྒྱ་གར་གྱི་རྒྱལ་པོ་དྷརྨ་པ་ལ་བོད་དུ་ཁྲིད་དེ་བཟང་བཙོན་བྱས་ཟེར་བའང་གྲགས།      དགུང་ལོ་ཞེ་གཉིས་པའི་ཤིང་སྤྲེལ་སྤྱི་ལོ་804ལོར་ཕོ་ཡོངས་བཟའ་འམ་སྣ་ནམ་པས་ཇུས་ངན་བཏོན་ནས་བཀྲོངས་སོ། 
 
9.  སྤུ་རྒྱལ་ཞེ་གཅིག་པ་ཆོས་ལྡན་རྒྱལ་རབས་དགུ་པ་མུ་རུག་བཙན་པོའམ་ཁྲི་ལྡེའུ་སྲོང་བཙན་ནི།    ཡབ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང༌།     ཡུམ་མཆིམས་བཟའ་ལྷ་མོ་བཙན་ གཉིས་ཀྱི་སྲས་སུ་སྤྱི་ལོ་776པའི་མེ་འབྲུག་ལོར་སྐུ་འཁྲུངས།    མཚན་གཞན་སད་ན་ལེགས་མཇིང་ཡོན་ཡང་ཟེར།     དགུང་ལོ་ལྔ་པར་གཅེན་མུ་ནེ་བཙན་པོ་རྒྱལ་སར་འཁོད།     ཉེར་གཉིས་པ་ལ་མུ་ཏིག་བཙན་པོ་རྒྱལ་སར་བཞུགས།       དགུང་ལོ་ཉེར་དགུ་པའི་ཤིང་སྤྲེལ་སྤྱི་ལོ་804 ལོར་གཅེན་མུ་ཏིག་བཙན་པོ་སྐུ་གཤེགས་པ་དང་འདི་ཉིད་རྒྱལ་པོའི་ཁྲི་ལ་བཞུགས་ནས་སྲིད་བསྐྱངས།     འབྲོ་བཟའ་ཁྲི་མ་ལེགས་དང༌།    མཆིམས་རྒྱལ་བཟའ་ལེགས་མོ་བཙན།     ཅོག་རོ་བཟའ་བརྩན་རྒྱལ་རྣམས་ཁབ་ཏུ་བཞེས།     བཙུན་མོ་ཆེ་བ་ལ་སྲས་ཁྲི་རལ་པ་ཅན་དང༌།     གཙང་མ།    དར་མ་གསུམ་དང༌།     བཙུན་མོ་ཆུང་བ་ལ་ལྷ་རྗེ་དང༌།      ལྷུན་གྲུབ་གཉིས་བཅས་ལྔ་འཁྲུངས།     དགུང་ལོ་བཞི་བཅུ་པ་སྤྱི་ལོ་815པའི་ཤིང་ལུག་ལོར་སྐུ་གཤེགས།     བང་སོ་འཕྲུལ་རྒྱལ་གྱི་མདུན་དུ་བརྩིགས་པ་དང༌།     བང་སོའི་མིང་ལ་རྒྱལ་ཆེན་འཕྲུལ་གྱི་རི་བོ་ཞེས་ཟེར། 
 
10.  སྤུ་རྒྱལ་ཞེ་གཉིས་པ་ཆོས་ལྡན་རྒྱལ་རབས་བཅུ་པ་ཁྲི་གཙུག་ལྡེའུ་བཙན་ནམ་ཁྲི་རལ་པ་ཅན་ནི།    ཡབ་ཁྲི་ལྡེའུ་སྲོང་བཙན་དང༌།     ཡུམ་འབྲོ་བཟའ་ཁྲི་མ་ལེགས་གཉིས་ཀྱི་སྲས་སུ་སྤྱི་ལོ་806པའི་མེ་ཁྱི་ལོར་སྐུ་འཁྲུངས།    དགུང་ལོ་བཅུ་པའི་ཤིང་ལུག་སྤྱི་ལོ་815ལོར་རྒྱལ་སར་འཁོད།    ཅོག་རོ་བཟའ་དཔལ་གྱི་ངང་ཚུལ།    མཆིམས་བཟའ་ཁྱུང་དཀར་མ་དང༌།   སྣ་ནམ་བཟའ་ཨ་རྗེ་ཕོ་ལེགས།       ཚེ་སྤོང་བཟའ་ལྷུན་གྱི་བུ་མོ།   ལྷ་ལུང་མེ་ཏོག་མ་བཅས་ཁབ་ཏུ་བཞེས་ཀྱང་སྲས་མ་བྱུང་བར་གྲགས།       དགུང་ལོ་བཅུ་དྲུག་པའི་ལྕགས་གླང་སྤྱི་ལོ་821ལོར་ཐང་དང་འདུམ་བྱས་ནས་རྒྱ་ནག་ཏུ་རྡོ་རིང་བཙུགས།        དགུང་ལོ་བཅུ་བདུན་པའི་ཆུ་སྟག་སྤྱི་ལོ་822ལོར་བོད་དུ་རྡོ་རིང་བཙུགས།    དེའི་ཕྱི་ལོར་རྡོ་རིང་ལ་ཡི་གེ་བྲིས།    རྒྱལ་པོ་འདིའི་རིང་ལ་དབུས་སུ་ནང་པའི་གྲྭ་བཙུན་སུམ་སྟོང་ཙམ་བྱུང་།   གྲྭ་བཙུན་རྣམས་ལ་འཚོ་བ་བླ་ནས་སྦྱར་ཞེས་པ་གྲྭ་བཙུན་རེ་རེ་ལ་ཡོན་བདག་མི་ཚང་བདུན་རེ་གནང་ནས་བཀུར་བསྟི་ཞུ་སྲོལ་གཏོད།      དགུང་ལོ་སོ་གཅིག་པའི་མེ་འབྲུག་སྤྱི་ལོ་836   ལོར་མལ་གྲོ་ཞམ་པའི་ཕོ་བྲང་ན་རྒུན་ཆང་མྱོས་པར་བཞེས་ཏེ་གསེར་ཁྲི་ལ་གཟིམས་པའི་ཚེ།    དབས་སྟག་རྣ་ཅན་དང༌།   ཅོག་རོ་ལྷ་ལོད།       ལེགས་སྡུག་བཙན་གསུམ་གྱིས་དབུ་ལྟག་ཏུ་བསྐོར་ནས་བཀྲོངས། 
བང་སོ་ནི་དོན་མཁར་མདའི་གཡོན་ཕྱོགས་སུ་བརྩིགས་སོ།   ། 
 
11.  སྤུ་རྒྱལ་ཞེ་གསུམ་པ་ཆོས་ལྡན་རྒྱལ་རབས་བཅུ་གཅིག་པ་གླང་དར་མ་འུ་དུམ་བཙན་པོ་ནི།   ཡབ་ཁྲི་ལྡེའུ་སྲོང་བཙན་དང༌།     ཡུམ་འབྲོ་བཟའ་ཁྲི་མ་ལེགས་གཉིས་ཀྱི་སྲས་སུ་སྤྱི་ལོ་815པའི་ཤིང་ལུག་ལོར་སྐུ་འཁྲུངས།    སྤྱི་ལོ་836པའི་མེ་འབྲུག་ལོར་གཅེན་མངའ་བདག་ཁྲི་རལ་འདས་པ་དང་རྒྱལ་སྲིད་ལ་བསྐོས།     བཙུན་མོ་ཆེ་བ་སྣ་ནམ་བཟའ་དང༌།     ཆུང་བ་ཚེ་སྤོང་བཟའ་བཙུན་མོ་འཕན་གཉིས་ཁབ་ཏུ་བཞེས།      དེ་ནས་ལོ་ངོ་ལྔའི་རིང་སྔར་སྲོལ་ལྟར་སངས་རྒྱས་ཆོས་ལུགས་ལ་དད་པ་བྱས།      ལོ་ངོ་དྲུག་པ་ནས་རྒྱལ་སྲིད་དང་།    དམག་དོན་ལ་ཤུགས་སྣོན་བྱ་བའི་ཆེད་དུ་གྲྭ་བཙུན་རྣམས་ལ་འཚོ་བ་བླ་ནས་སྦྱོར་བའི་སྲིད་ཇུས་དེ་མེད་པར་བཟོས་ཤིང་།    དེ་དག་རྣམས་ཀྱིས་འཚོ་བ་རང་ཁ་རང་གསོ་བྱ་དགོས་རྒྱུ་དང་།     ཡོན་བདག་དེ་དག་རྒྱལ་པོའི་སྲིད་ཀྱི་ཞབས་ཞུས་ཆེད་དུ་ཕྱིར་འཐེན་བྱ་རྒྱུ་གཏན་འབེབས་གནང་སྟབས།    དབུས་ཀྱི་གྲྭ་བཙུན་རྣམས་ཚོང་དང་།     སོ་ནམ།     རི་དྭགས་རྔོན་པ་སོགས་ཀྱི་ལས་ལ་མ་ཞུགས་ཐབས་མེད་ཆགས་པས་ནང་ཆོས་ལ་དད་མཁན་རྣམས་མ་དགའ་བར་གྱུར།     སྲིད་ཇུས་དེ་སྤེལ་ནས་ཟླ་བ་དྲུག་ཕྱིན་པའི་ལྕགས་བྱ་སྤྱི་ལོ་841ལོར་རྒྱལ་པོ་ཕོ་བྲང་གི་ཕྱི་རོལ་ཏུ་སྐྱོ་སངས་ལ་ཕེབས་སྐབས།     ལྷ་ལུང་དཔལ་རྡོར་ཞེས་པའི་གྲྭ་བཙུན་ཞིག་གིས་ལྐོག་མདའ་བརྒྱབས་ཏེ་བཀྲོངས་སོ། 
  • ལེ་ཚན་སྔོན་མ།:ལེའུ་བཞི་པ། ཆོས་ལྡན་རྒྱལ་རབས།
  • ལེ་ཚན་རྗེས་མ།:ས་བཅད་གསུམ་པ། ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་གླང་དར་མའི་བར་གྱི་རྒྱལ་རབས་ལོ་ཚིགས།