ས་བཅད་བཞི་པ། རིག་གནས་དང་ཆོས་ལུགས་ཀྱི་སྐོར།

ཐུབ་སསྟན་ཕུན་ཚོགས།        2010-09-08

 
གཅིག  རིག་གནས་དང་ཐོན་སྐྱེད་ལག་རྩལ། 
བོད་ཀྱི་ཡུལ་དུ་སྤུ་རྒྱལ་གདུང་རབས་རིམ་བྱོན་རྣམས་ཀྱི་སྐབས་སུ་ཆོས་དང་རིག་གནས་ཀྱི་སྐོར་ལ་དར་རྒྱས་ཆེན་པོ་བྱུང་ཡོད་པར་མ་ཟད།     ཤེས་རིག་ལག་རྩལ་གྱི་སྐོར་ལ་ཡང་གསར་གཏོད་ཀྱི་རིག་པ་མང་པོ་དར་སྤེལ་བྱུང༌།      དེ་ཡང་རྒྱལ་པོ་གཉའ་ཁྲི་བཙན་པོའི་སྐབས་སུ་བྱུང་བའི་གནའ་བོའི་བོད་ཀྱི་ཤེས་རིག་གི་སྐོར་ལ་སྙན་གྲགས་ཆེ་ཤོས་བོན་ཤེས་པ་ཅན་བཅུ་གཉིས་ཞེས་པ་ཞིག་བྱུང་ཡོད་པ་ནི། 
1 མགོན་ཤེས་ལྷ་བོན།   2 གཡང་ཤེས་་བོན།  3 འགྲོ་ཤེས་གླུད་གཏོང༌།   4 འདུར་ཤེས་སྲིད་གཤེན།     5 གཙང་ཤེས་སེལ་འདེབས།    6 འགྲོལ་ཤེས་གཏད་བྱས།   7 ཕན་ཤེས་སྨན་དཔྱད།   
8 སྐོས་ཤེས་རྩིས་མཁན།    9 སྨྲ་ཤེས་གཏོ་དགུ།  10 ལྡིང་ཤེས་ཤ་བ།     11 འཕུར་ཤེས་ཇུ་ཐིག
12  སྒྲོལ་ཤེས་འཕྲུལ་བོན་བཅས་བྱུང་བ་དེ་དག་ནི་བོན་དང་རིག་གནས་གཉིས་ཀའི་ཤེས་རིག་ཡོད་པ་ཞིག་ཡིན་ལ།     བོད་མི་རྣམས་ཀྱི་འཚོ་བའི་ནང་དུ་ཤུགས་རྐྱེན་ཧ་ཅང་ཆེན་པོར་ཡོད་པའི་ཤེས་རིག་ཤ་སྟག་ཡིན། 
དང་པོ།    མགོན་ཤེས་ལྷ་བོན་ཞེས་པ་ལྷ་ཡར་གསོལ་བས་མི་ལ་མགོན་བྱེད་ཚུལ་སྟོན་པའི་ཤེས་རིག      
གཉིས་པ།     གཡང་ཤེས་བོན་ཞེས་པ་གཡང་ཚུར་བླངས་པས་ནོར་ཕྱུགས་འཕེལ་བར་སྟོན་པའི་ཤེས་རིག      
 གསུམ་པ།     འགྲོ་ཤེས་གླུད་གཏོང་ཞེས་པ་གླུད་ཕར་བཏང་བས་འདྲེ་ཚིམས་ཏེ་ལོགས་སུ་འགྲོ་བའི་ཚུལ་བཤད་པའི་ཤེས་རིག
བཞི་པ།     འདུར་ཤེས་སྲིད་གཤེན་ཞེས་པ་ཤི་བའི་བླ་འདུར་བས་བདེ་འགྲོ་ཐོབ་ཚུལ་བཤད་པའི་ཤེས་རིག
ལྔ་པ།      གཙང་ཤེས་སེལ་བྱེད་ཅེས་པ་གཙང་སྨེ་ཕྱེ་ནས་སྨེ་བཙོག་ཐམས་ཅད་སེལ་བའི་ཐབས་སུ་ཁྲུས་དང་བསངས་ལ་སོགས་པའི་སྒོ་ནས་ལྷ་སྲུང་རྣམས་བསྐངས་ཚུལ་སྟོན་པའི་ཤེས་རིག
དྲུག་པ།     འགྲོལ་ཤེས་གཏད་བྱད་ཅེས་པ་ཕ་རོལ་དགྲ་ཕྱོགས་ཀྱིས་བཏང་བའི་མཐུ་བྱད་ཀྱི་གཏད་རྒྱ་བྱུང་ན་དེ་དག་དཀྲོལ་ནས་དགྲ་བགེགས་ཀྱི་གནོད་འཚེ་སེལ་བའི་ཚུལ་བཤད་པའི་ཤེས་རིག
བདུན་པ།     ཕན་ཤེས་སྨན་དཔྱད་ཅེས་པ་འབྱུང་ཁམས་འཁྲུགས་པའི་ནད་རིགས་སེལ་བྱེད་དེ་ཚེ་ཡི་བར་ཆད་བསལ་བའི་ཐབས་བཤད་པའི་ཤེས་རིག
བརྒྱད་པ།    སྐོས་ཤེས་རྩིས་མཁན་ཞེས་པ་ཕྱི་ནང་གི་དངོས་པོའི་ཁམས་ལ་དཔྱད་ནས་སྔ་ཕྱིའི་ལྟས་བཟུང་བའི་རིག་པ། 
དགུ་པ།    སྨྲ་ཤེས་གཏོ་དགུ་ཞེས་པ་ཁམས་སའི་གླུད་བསྔོས་པས་འདྲེ་ལ་ཤགས་འདེབས་པའི་ཤེས་རིག
བཅུ་པ།    ལྡིང་ཤེས་ཤ་བ་ཞེས་པ་བག་ཕྱེ་ཡིས་ཤ་བ་བཅོས་ནས་བཏང་བ་ཙམ་གྱིས་ཡུལ་དུ་འཕུར་ཚུལ་བཤད་པའི་ལག་རྩལ་གྱི་ཤེས་རིག
བཅུ་གཅིག་པ།     འཕུར་ཤེས་ཇུ་ཐིག་ཅེས་པ་མོ་ལྷ་བདར་ཏེ་ཐབས་ཤེས་མི་འདྲ་བ་སྣ་ཚོགས་ཀྱི་རྟེན་འབྲེལ་ལ་བརྟགས་ནས་ལེགས་ཉེས་ཀྱི་ཚུལ་བཤད་པའི་ཤེས་རིག
བཅུ་གཉིས་པ།     སྒྲོལ་ཤེས་འཕྲུལ་བོན་ཞེས་པ་རྩི་ཤིང་བན་བུན་བསྔོས་པས་ལྷ་འདྲེའི་གནོད་པ་ལས་སྒྲོལ་བར་བྱེད་པའི་ཤེས་རིག་སྟེ་རྣམ་པ་བཅུ་གཉིས་པོ་འདི་དག་ནི་གཉའ་ཁྲི་བཙན་པོའི་སྐབས་སུ་ཤེས་རིག་གི་སྐོར་རྣམས་སྡེ་ཚན་དུ་དབྱེ་བའི་ལམ་སྲོལ་བྱུང་བ་དེ་རེད། 
དེ་ནས་རྒྱལ་རབས་རིམ་བྱུང་གི་དུས་སུ་བོད་ཀྱི་ཤེས་རིག་ལག་རྩལ་གྱི་སྐོར་ལ་ཡར་རྒྱས་དང་གསར་གཏོད་བྱུང་བའི་སྐོར་ལ། 
 

  1.   གསོ་བ་རིག་པ་ནི།     སྟོན་པ་གཤེན་རབ་མི་བོ་ཆེའི་གདམས་ངག་རྣམས་རང་གི་སྲས་
དཔྱད་བུ་ཁྲི་ཤེས་བརྒྱུད་ནས་སྨན་གྱི་མདོ་དགུ་འབུམ་བཞི་ལ་སོགས་པ་རིམ་བཞིན་དར་རྒྱས་བྱུང་བ་དེ་དག་གཉའ་ཁྲི་བཙན་པོའི་སྐབས་སུ་ཆེད་གཉེར་གྱི་སྡེ་ཚན་ཞིག་ཏུ་ཆགས་ཏེ་ཕན་ཤེས་སྨན་དཔྱད་ཅེས་པའི་སྡེ་ཚན་དེ་བྱུང་ཡོད།      སྨན་དཔྱད་ལག་ལེན་བྱེད་པའི་མི་ལ་སྨན་པ་དང༌།    ལྷ་རྗེ་ཞེས་ཟེར་ཅིང༌།     དེའི་དོན་ནི་སྐབས་དེར་སྨན་པ་ལ་སྤྱི་ཚོགས་ཐོག་བརྩི་མཐོང་ཆེ་ལ།      རྒྱལ་པོ་རྣམས་ལ་མིང་གཞན་ལྷ་ཞེས་འབོད་སྲོལ་ཡོད་ལ་དེ་དག་གིས་ཀྱང་བླ་སྨན་བསྟེན་ཞིང་རྗེ་བོར་བཀུར་བའི་ཕྱིར་ལྷ་རྗེ་ཞེས་བྱ་སྟེ《བཤད་རྒྱུད་》ལས།   
དེ་ཡང་ངེས་ཚིག་ལུས་ལ་ཕན་ཕྱིར་སྨན།   ། 
ནད་སྟེང་དཔྱད་དཔའ་འགྲོ་ལ་ཕ་ལྟར་སྐྱོབ།    ། 
རྒྱལ་པོ་རྣམས་ཀྱིས་རྗེ་རུ་འཁུར་བ་ཡིས།   ། 
ཞེས་གསུངས་པ་བཞིན་ནོ།        དོན་དེས་སྐབས་དེའི་བོད་ཀྱི་ཡུལ་དུ་གསོ་བ་རིག་པའི་རིན་ཐང་ཡང་མཚོན་ནུས་པ་ཡིན།    གཞན་ཡང་ས་ཡི་ལེགས་དྲུག་གི་སྐབས་སུ་རིག་པའི་གནས་ལྔ་ཞེས་པའི་སྡེ་ཚན་ཕྱེ་བའི་སྲོལ་བྱུང་ཞིང་དེའི་སྐབས་སུ་ཡང་གསོབ་རིག་པ་འདི་སྡེ་ཚན་གྱི་གཙོ་བོར་བཞག་ཡོད་པ་བོན་གྱི་དཔེ་རྙིང་《ལུང་གི་སྙིང་པོ་》ལས། 
ནད་ཀྱིས་གདུང་བ་སྨན་གྱིས་གསོ།   ། 
གདོན་གྱིས་གཙེས་པ་སྔགས་ཀྱིས་བཅོམ།   ། 
རྒས་རྒུད་འཆི་འཕོ་རྩིས་ཀྱིས་བཏུལ།   ། 
ཕས་ཀྱི་རྒོལ་བ་སྒྲས་ཚར་གཅོད།   ། 
ཐར་པའི་ལམ་སྣ་བོན་གྱིས་སྟོན།   ། 
ཅེས་གསལ་བ་ལྟར་རོ།        དེ་ལྟར་རྒྱལ་རབས་རིམ་བྱུང་གི་སྐབས་སུ་གསོ་བ་རིག་པ་ལ་རྒྱུན་འཛིན་དང་འཕེལ་རྒྱས་བྱུང་ཡོད་པ་དང༌།      རྒྱལ་པོ་རེ་ལ་བོན་གྱི་སྐུ་གཤེན་རེ་ཡོད་པ་འདི་དག་ཀྱང་མཆོད་གནས་དང་བླ་སྨན་གཅིག་ལྕོགས་ཡིན་པར་ངེས།      སྤུ་རྒྱལ་གདུང་རབས་སོ་གཅིག་པ་སྟག་རི་གཉན་གཟིགས་དམུས་ལོང་མ་བཅོས་པར་ཡོད་པའི་སྐབས།     འ་ཞའི་ཡུལ་ནས་སྨན་པ་བོས་ཏེ་མིག་ཕྱེས་པའི་ལོ་རྒྱུས་ཡོད་པ་ལ་གཞིགས་ན།     སྐབས་དེར་བོད་ཀྱི་གསོ་བ་རིག་པའི་ལག་རྩལ་དེ་ཚད་མཐོན་པོ་ཞིག་ཏུ་སླེབས་ཡོད་ལ།     ཡུལ་གྲུ་སོ་སོའི་སྨན་པ་རྣམས་ལ་ཐུན་མིན་གྱི་ལག་རྩལ་ཁྱད་ཆོས་རེ་ཡོད་པའང་ཤེས་ཐུབ།     སྐབས་དེར་བོད་ཀྱི་ལོ་རྒྱུས་དང་འཚོ་བའི་ཆ་རྐྱེན་ལ་རྒྱུས་མེད་པའི་རྟོག་གེ་པ་འགའ་ཞིག་གིས།     འོ་ན་སྤུ་རྒྱལ་གདུང་རབས་སུམ་ཅུ་པ་འབྲོང་གཉན་ལྡེའུ་མཛེ་ནད་ཀྱིས་ཟིན་སྐབས་སྨན་བཅོས་མི་བྱེད་པ་ཡུལ་མི་རྣམས་དང་གསོན་བྲལ་བྱས་ཏེ་དུར་ས་ལ་སྡོད་གནས་བརྩིགས་ཏེ་བཞུགས་པའི་ལོ་རྒྱུས་སྐོར་ལ་མཁས་རློམ་འགའ་ཞིག་གིས་གནའ་བོའི་བོད་ཀྱི་ཡུལ་སྲོལ་ཞིག་ཡིན་མིན་སྐོར་ལ་དཔྱད་པ་གཏོང་ཁུལ་བྱས་འདུག་ཀྱང་།    དེ་ནི་བོད་ཀྱི་རིག་གནས་ལ་སྐྱོན་ཆ་བཙལ་བའི་སྐུལ་སློང་གིས་བཤད་པ་ཞིག་ཡིན་པ་ཤེས་སླ།        མཛེ་ནད་ཀྱིས་ཟིན་པའི་ནད་པ་རྣམས་ལ་བཅོས་པའི་ཐབས་ཀྱི་རྡུགས་ཏེ།     ཡུལ་མི་དང་གཉེན་ཉེ་གཞན་ལ་མི་འགོས་པའི་སྔོན་འགོག་བྱེད་པའི་ཆེད་དུ་དུར་སའམ།      ལུང་སྟོང་གི་ནང་དུ་ཁང་པ་བརྩིགས་ཏེ།     དེར་ནད་པ་སྡོད་དུ་བཅུག  སྒེའུ་ཁུང་བརྒྱུད་དེ་འཚོ་བའི་ཉེར་སྤྱོད་སྐོར་ཉིན་ལྟར་སྤྲོད་པའི་སྲོལ་དེ་འགྲོ་བ་མིའི་ལོ་རྒྱུས་ཐོག་རྒྱུན་རིང་བར་གནས་ཡོད་པ་མ་ཟད།   སྤྱི་ལོ་༡༩༧༠ལོ་ནང་ཙམ་ལ་ཡང་དེ་བཞིན་གནས་ཡོད་པ།       ཁོ་བོའི་མཐོང་ཐོས་ཀྱི་གནས་སུ་ བྱུང་སོང༌།     དེས་ན་གནད་དོན་འདི་ལ་སྤྱི་ཚོགས་ཀྱི་ལམ་ལུགས་དང་འབྲེལ་བའི་དཔྱད་གཞིའི་རིན་ཐང་སྤུ་རྩེ་ཙམ་ཡང་མེད་དོ། 
 
2.  རྩིས་ཀྱི་རིག་པ་ནི།      སྟོན་པ་གཤེན་རབ་མི་བོ་ཆེས་རང་གི་སྲས་འཕྲུལ་བུ་ཆུང་སོགས་ལ་མན་ངག་ཏུ་བསྟན་པའི་ཕྱི་ཉི་ཟླ་སྐར་གསུམ་གྱི་གོ་ལའི་འགྲོས་ལ་བརྟེན་ནས་དུས་བཞིའི་འགྱུར་ལྡོག་སོགས་གནམ་གཤིས་དུས་རྟགས་ལ་དཔྱད་པའི་སྐར་རྩིས་དང༌།     ནང་འབྱུང་བཞིའི་བྱེད་ལས་ལ་བརྟེན་ནས་སྐྱེ་འགྲོའི་ལུས་ཁམས་བདེ་ཐང་སྐོར་ལ་དཔྱད་པའི་འབྱུང་རྩིས་ཀྱི་རིག་པ་དེ་དག་རིམ་བཞིན་རྒྱུན་འཛིན་དང་འཕེལ་རྒྱས་བྱུང་བ་ལ་བརྟེན།    རྒྱལ་པོ་གཉའ་ཁྲི་བཙན་པོའི་སྐབས་སུ་བོན་ཤེས་པ་ཅན་བཅུ་གཉིས་དབྱེ་བའི་ནང་དུ་སྐོས་ཤེས་རྩིས་མཁན་ཞེས་པ།       རྩིས་ཀྱི་རིག་པ་གཙོ་གཉེར་བྱེད་པའི་སྡེ་ཚན་ཞིག་བྱུང་ཡོད་པ་དེས། 
གནམ་གྱི་སྐར་མ་བརྟགས་པ་དང༌།     བར་སྣང་གི་སྤྲིན་དང་རླུང་ལ་བརྟགས་པ།  ས་གཞིའི་རྩི་ཤིང་ལ་བརྟགས་པ་བཅས་ཀྱི་སྒོ་ནས་སོ་ནམ་ལས་ཀའི་སྔོན་བརྡ་གཏོང་བ་དང༌།    འབྱུང་ཁམས་འཕྲོད་སྦྱོར་གྱི་ནུས་པ་ལ་བརྟགས་ནས་ཕྱི་རོལ་གྱི་ཆར་རླུང་དང༌།        ནང་གི་ལུས་ཁམས་ཀྱི་ནད་རིགས་ལ་སྔོན་འགོག་བྱེད་རྒྱུའི་བརྡ་གཏོང་ཐུབ་ཀྱིན་ཡོད།      དེ་ལྟར་རྒྱལ་རབས་རིམ་བྱུང་རྣམས་ཀྱི་སྐབས་སུ་རིག་པ་འདི་ལ་མཐོང་སྣང་དང་བེད་སྤྱོད་བྱེད་རྒྱུ་ཆེ་རུ་ཕྱིན་ཏེ།     དུས་རྒྱུན་གྱི་འཚོ་བ་དང་ལས་ཀའི་ནང་དུ་རྟེན་འབྲེལ་བརྟགས་པ་དང༌།     གཟའ་སྐར་བརྟགས་པ་སོགས་ཀྱི་རིག་པ་བེད་སྤྱོད་བྱེད་ཀྱིན་ཡོད་པ་ནི།      གཙང་གི་རྒྱལ་ཕྲན་བློན་པོ་ལོ་ངམ་གྱིས་སྤུ་རྒྱལ་གྲི་གུམ་བཙན་པོ་གཡོ་ཐབས་ཀྱིས་གདན་དྲངས་ཏེ་བཀྲོངས་པའི་སྐབས་སུ་རྩིས་ཀྱི་རིག་པ་ལ་བརྟེན་པའི་ཚུལ《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས།   “སྐར་མ་ས་རི་དང་ས་ག་ལ་འཐབ་པའི་དུས་བཏབ་ཅེས་དང༌།     ས་རི་ས་ག་རླུང་སྐར་དུ་སོང་བས་རླུང་དམར་ཆེན་པོ་བྱུང་”ཞེས་སོགས་འཁོད་ཡོད་པ་ལྟར་རོ། 
 
3.   བཟོ་རིག་ལག་རྩལ་གྱི་སྐོར་ལ།    བོན་ཤེས་པ་ཅན་བཅུ་གཉིས་ལས་ལྡིང་ཤེས་ཤ་བ་ཅན་ཞེས་པའི་སྡེ་ཚན་དེས།      ས་འདག་དང་བག་ཕྱེ་སོགས་ཀྱིས་སེམས་ཅན་གྱི་གཟུགས་བརྙན་བཅའ་བཟོ་བྱེད་ཀྱིན་ཡོད་པ་དང༌།      སྐུ་མཁར་ཡུམ་བུ་བླ་སྒང་སོགས་སྐུ་མཁར་དང་གསས་ཁང་བརྩིགས་པའི་ལག་རྩལ་དར་རྒྱས་སུ་ཕྱིན་ཡོད་པ།     སྤུ་རྒྱལ་དགུ་པ་སྤུ་ལྡེའུ་གུང་རྒྱལ་གྱི་སྐབས་སུ་བློན་པོ་རུ་ལས་སྐྱེས་ཀྱིས་བློ་རིག་གི་འཕྲུལ་ལས་སྐྱེས་པའི་ལག་རྩལ་སྐོར་མང་པོ་ཞིག་གསར་གཏོད་དང་འཕེལ་རྒྱས་བྱུང་ཡོད་དེ《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས།   བོད་ཡུལ་འཕྲུལ་བློན་མཛངས་པའི་མི་བདུན་གྱི།   ། 
ཐོག་མར་གྱུར་པ་རུ་ལས་སྐྱེས་འདི་ཡིན།   ། 
མཛངས་པའི་ལས་སུ་ཤིང་བསྲེགས་སོལ་བ་བྱུང༌།    ། 
དེ་ཡིས་རྡོ་བཞུས་གསེར་དངུལ་ཟངས་ལྕགས་ཕྱུང༌།    ། 
ཤིང་ལ་མིག་ཕུག་གཤོལ་དང་གཉའ་ཤིང་བྱས།   ། 
ས་གཞི་བརྐོས་ནས་ཕུ་ཆུ་ཡུར་དུ་དྲངས།   ། 
རྨོན་པ་དོར་བསྡེབས་སྤང་ཐང་ཞིང་དུ་རྨོས།   ། 
བརྒལ་བས་མི་ཐར་ཆུ་ལ་ཟམ་པ་བཙུགས།    ། 
ཞེས་གསལ་བ་ལྟར།   བློན་པོ་འདི་ཡིས་ཤིང་བསྲེགས་ཏེ་ཆེད་གཏད་དུ་སོལ་བ་བཟོས་ཏེ་སོལ་བའི་མེ་ཤུགས་ལ་བརྟེན་ནས་རྡོ་རིགས་མི་འདྲ་བ་རྣམས་བཞུས་ཤིང་དེ་དག་གི་སྙིང་པོ་གསེར།     དངུལ།   ཟངས།     ལྕགས་རྣམས་བཏོན་ཏེ་བོད་ཀྱི་ཡུལ་དུ་གསེར་དངུལ་ཟངས་ལྕགས་ཀྱི་དངོས་པོ་རྣམས་བེད་སྤྱོད་བྱེད་རྒྱུའི་གྲངས་འབོར་དང་རྒྱ་ཁྱོན་ཆེས་ཆེར་ཕྱིན་ཏེ།   དངོས་རྫས་བརྗེ་ལེན་སྐབས་ཀྱི་རིན་ཐང་འཇལ་བྱེད་དང༌།     མཛེས་བྱེད་ཀྱི་རྒྱན་ཆ།   ཉེར་མཁོའི་སྣོད་སྤྱད།     ཐོན་སྐྱེད་ལག་ཆ།     དྲག་པོའི་མཚོན་ཆ་སོགས་བོད་འབངས་ཀྱི་འཚོ་བའི་ཡོ་བྱད་རྣམས་ཡར་རྒྱས་ཕྱིན་པའི་དུས་རབས་གསར་པ་ཞིག་ཏུ་སླེབས་ཡོད།       སྤྱིར་བོད་འདིར་གསེར་དངུལ་ཟངས་ལྕགས་སོགས་ཀྱི་དངོས་པོ་བེད་སྤྱོད་བྱས་པའི་ལོ་རྒྱུས་དེ་སྔ་མ་ཞིག་ནས་ཡོད་པ་གོང་དུ་བཤད་པ་ལྟར་དང༌།     ལྷག་པར་དུ་ལོ་ངམ་གྱིས་རྒྱལ་པོ་གྲི་གུམ་བཙན་པོ་བཀྲོངས་སྐབས་སྤུར་ཟངས་ཀྱི་གའུ་ནང་དུ་བཅུག་སྟེ།    ལྕགས་ཀྱི་གཟེར་མ་བཏབ་ནས་མྱང་ཆུའི་ནང་དུ་དབྱུགས་པའི་ལོ་རྒྱུས་ལ་གཞིགས་ན་གྲི་གུམ་བཙན་པོ་ཡན་ཆད་དུ་ལྕགས་དང་ཟངས་ཀྱི་རིགས་རྣམས་མགར་བའི་ལག་རྩལ་གྱི་ཚད་མཐོན་པོ་ཞིག་ཏུ་སླེབས་ཡོད་པ་ཤེས་ཐུབ།      ཞིང་ལས་དང་འབྲོག་ལས་སོགས་ཀྱི་ཐོན་སྐྱེད་ལག་རྩལ་སྐོར་ལའང་ཡར་རྒྱས་བྱུང་ཡོད་པ་《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས།   
ལེགས་དྲུག་ཐོག་མ་ཨེ་ཤོ་ལེགས་ཞེས་བྱ།    ། 
དེ་ཡི་བློན་པོ་ལྷ་བུ་མགོ་དཀར་ཞེས།    ། 
ཁུ་ཁུ་རུ་ལས་སྐྱེས་ཀྱི་བུ་ཡིས་བྱས།   ། 
འཕྲུལ་བློན་མཛངས་མི་བདུན་གྱི་གཉིས་པ་ཡིན།    ། 
མཛངས་པའི་ལས་སུ་ཞིང་ལ་དོར་ཁ་བརྩིས།    ། 
འབྲོག་ལ་ཐུལ་རྩིས་ཕུ་ཆུ་ཡུར་དུ་དྲངས།   ། 
མདའ་རུ་ཆུ་མ་རྨོ་བ་འདི་ནས་དར།    
ཞེས་གསལ་བ་ལྟར།    སྐབས་དེར་ཞིང་འབྲོག་གི་ལས་ཀ་ལ་ཧ་ཅང་ཡར་རྒྱས་ཆེན་པོ་ཞིག་བྱུང་ཡོད་དེ།     རང་གི་འཁོར་གཡོག་རྣམས་ལ་ལས་བགོ་བགྱིས་པའི་སྐབས་སུ་ཞིང་ཁའི་ཚད་ལ་དོར་ཁ་བརྩི་བ་དང༌།        ཞིང་ལ་ཆུ་དྲངས་ཏེ་ཆུ་མ་རྨོ།     འབྲོག་ལ་ཐུལ་རྩིས་ཞེས་པ་བཞོན་མའི་གྲངས་དང་བསྟུན་ནས་ཤེ་བབ་བརྩི་བའི་སྲོལ་བཏོད་ཡོད།      དེས་ན་སྐབས་དེ་དུས་ནས་བྲན་གཡོག་ལམ་ལུགས་ཀྱི་མཇུག་རྫོགས་ཏེ་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་སུ་སླེབས་ཡོད་པ་ཤེས་སླ།     །  གཞན་ཡང་ས་ཞིང་རྨོ་རྐོའི་ལག་ཆའི་སྐོར་ལ་གཉའ་ཤིང་དང་ཐོང་གཤོལ་བཟོས་པ་དང༌།       ཆུ་ལ་ཟམ་པ་འཛུགས་པ་སོགས་ཤིང་བཟོའི་ལག་རྩལ་ལ་ཡར་རྒྱས་བྱུང་བ་དང༌།      ས་ལ་ཡུར་བ་བརྐོས་ནས་ཆུ་དྲངས་ཤིང་ཆུ་ཤུགས་བེད་སྤྱོད་བྱས་ཏེ་མཆིག་སྐོར་ཞིང་ཡོས་འཐག་པ་ལ་རང་འཐག་ཅེས་ཟེར་བ་དེ་ཡང་དུས་རབས་དེའི་སྐབས་ཙམ་ན་བྱུང་ཡོད་པར་གྲགས།     མགར་གྱི་ལག་རྩལ་ལ་དེང་དུས་ཀྱང་ཡིད་སྨོན་བྱེད་དགོས་པ་ཞིག་སྟེ།     བོད་ཀྱི་མི་རྣམས་གྲི་དང་མེ་མདའ་བཅས་མཚོན་ཆ་ལ་དགའ་ཞིང༌།       རྟག་ཏུ་མཚོན་ཆ་ལུས་དང་འབྲལ་མེད་བྱས་ཏེ་འགྲོ་བའི་སྲོལ་ཡོད་སྟབས།     དུས་རབས་རིམ་བྱུང་གི་ནང་དུ་བོད་རང་གིས་མགར་བའི་གྲི་དང༌།      ཡུལ་གྲུ་གཞན་དང་མི་རིགས་གཞན་གྱིས་བྱས་པའི་གྲི་བཅས་རལ་གྲིའི་རིགས་མི་འདྲ་བ་མང་པོ་ཞིག་བོད་ཀྱི་ཡུལ་འདིར་བྱུང་ཡོད་ལ།         ལོ་ངོ་སྟོང་ཕྲག་ལ་ཉེ་བའི་ལོ་རྒྱུས་དང་ལྡན་པའི་རལ་གྲི་འགའ་ཞིག་ནི་དེང་སང་ཡང་མཐོང་རྒྱུ་ཡོད་པ་དེ་རིགས་གནའ་རྫས་རིག་དངོས་ཀྱི་རིན་ཐང་དང་ལྡན་པ་ལྟ་ཅི།       གྲི་ལྕགས་ཀྱི་རུས་དང་ལག་རྩལ་གྱི་ཚད་ལ་དེང་རབས་ཅན་གྱི་ཚན་རིག་གི་ལག་རྩལ་གྱིས་ཀྱང་གདེང་འཇོག་བྱེད་དཀའ་བ་ཞིག་རེད།      དེ་ལས་དགུ་ཟི་ཞེས་པའི་རལ་གྲི་འདི་ནི་རྣོ་ངར་ཆེ་ལ་རིན་ཐང་ལྡན་པའི་མཚོན་ཆ་ཞིག་གི་གྲས་སུ་རྩི་ཞིང་ཡོད་ལ།      གྲི་འདི་ཐོག་མར་སྤུ་རྒྱལ་བརྒྱད་པ་གྲི་གུམ་བཙན་པོའི་སྐབས་སུ་མགར་ཡོད་དེ།   《རྒྱ་བོད་ཡིག་ཚང་ཆེན་མོ་》ལས།   
དགུ་ཟི་འདི་བོད་ཀྱི་གྲི་རུ་འདུག  ། 
གྲི་གུམ་བཙན་པོའི་རིང་ནས་དར།    ། 
ཡུལ་ཟི་འདུ་བྱ་བའི་ས་ངན་དུ།   ། 
མིག་ཟིམ་བུ་སྤུན་དགུས་བརྡུངས་པ་ཡིན།    ། 
ཆེ་ཤོས་ཀྱིས་གནམ་གྱི་དམུ་ཐག་ཆོད།   ། 
དེ་འོག་བརྒྱད་ལའང་རྣོ་རྟགས་ཡོད།   ། 
དེ་དགུའི་སློབ་མ་ཁ་དགུར་གྱེས།    ། 
བོད་ལ་རལ་གྲི་མང་བ་དེ་ལྟར་རེད།   ། 
མི་སྤུན་དགུས་བརྡུངས་པས་དགུ་ཞེས་ཏེ།    ། 
མིག་ཟིམ་པོ་ཡོད་པས་ཟི་ཞེས་པས།   ། 
དེ་དང་དེ་རྒྱུད་ལ་དགུ་ཟི་ཟེར།   ། 
ཁོང་དགུ་ལ་བདག་ཅིག་ཡོད་པ་དེས་ཀྱང་ཤེས།    ། 
དེ་དང་དེ་རྒྱུད་ལ་དགུ་བདག་ཟེར།   ། 
ཞེས་རལ་གྲི་དགུ་ཟིའི་འབྱུང་ཁུངས་བཤད་ཡོད་པ་དང༌།      ཡང་དེ་ཉིད་ལས། 
“དགུ་ཟི་གྱེས་པ་རྣམ་དགུ་ནི།     ནམ་མཁའ་སྤུ་ཆོད།   དགྲ་ལྷའི་གར་ཆོད་དང༌།    གོང་ཁྲ་དགུ་ཆོད།   ཆུ་ནང་ཉ་ཆོད་དང༌།    གལ་རྒེའི་ཇོ་ཆོད་དང༌།   ངན་ཐོའི་སྐས་ཆོད།    ཨོ་ཚའི་བསམ་ཆོད་དང༌།    གོང་གོའི་ཕག་ཆོད་བྱ་བ་དེ་དང་དགུ    དེ་རྣམས་གྱེས་པའང་གཉིས་འགྱུར་ཡོད།      དགུ་བདག་གྱེས་པ་རྣམ་གསུམ་ནི།    ཤང་དཀར་ཤང་ནག   ཟ་འུག་ཅན་དང་གསུམ།     དགུ་ཟིའི་སྡེ་ཚན་དེ་ལས་མེད།  ”   ཅེས་དགུ་ཟིའི་རིགས་དང་རྣོ་ཚད་བཅས་བཤད་ཡོད་པ་དེ་ལྟར་རེད།       སྤུ་རྒྱལ་གདུང་རབས་བཅུ་པ་ཨེ་ཤོ་ལེགས་ཀྱི་དུས་སུ།     བློན་པོ་ལྷ་བུ་མགོ་དཀར་ཞེས་པས་ཞིང་ལ་དོར་ཁ་བརྩི་བ་དང༌།     འབྲོག་ལ་ཐུལ་རྩིས་བྱེད་པའི་རིག་པ་གསར་གཏོད་བྱས་པའི་ལོ་རྒྱུས་ཞིབ་པ་འོག་ཏུ་འཆད་པར་བྱ།     སྤུ་རྒྱལ་སུམ་ཅུ་བ་འབྲོང་གཉན་ལྡེའུའི་རིང་ལ་བོད་དུ་དཀར་ཡོལ་བཟོ་རྒྱུའི་ལག་རྩལ་དར་ཡོད་པ་《རྒྱ་བོད་ཡིག་ཚང་ཆེན་མོ་》ལས།   
དེའི་རྗེས་སུ་བྱུང་བའི་དཀར་ཡོལ་གཉིས།    ། 
འབྲོ་བརྙན་ལྡེའུ་གུའི་རིང་ལ་བོད་དུ་དར།   ། 
རྒྱལ་པོའི་གསོལ་ཞལ་དབང་པོའི་གཏེར་དུ་སྦས།   ། 
དེ་ཡི་རྟིང་ལ་རླུང་ནམ་འཕྲུལ་རྒྱལ་དུས།   ། 
མཁས་པའི་བཟོ་བོས་སོ་ནག་ཐང་པོ་ཆེར།    ། 
འཆིང་བུའི་རྒྱུ་ལ་རྣ་ཐོས་དཔེ་བྱས་ནས།   ། 
སུམ་ཅུ་རྩ་གཉིས་ཆེ་ཆུང་འབྲིང་གསུམ་སྟོན།   ། 
རབ་དང་འབྲིང་དཀར་ཐ་མ་སྔོ་ཤས་ཆེ།    ། 
བོད་ཡུལ་དབུས་གཙང་མཐིལ་ན་ནོར་བུ་ལས།   ། 
གྲུབ་པའི་འབྲུག་རྒྱབ་གྲགས་པ་དེ་རྩལ་ལོ།    ། 
འདི་ལ་ཡོན་ཏན་དཔག་མེད་ལྡན།    ། 
སྐལ་ལྡན་རྣམས་ཀྱིས་འདི་ཟུངས་ཤིག ། 
དེ་ལ་ཟླ་བོ་གསུམ་ཡོད་དར་རྩེ་དང༌།    ། 
འདོལ་པ་བྱང་སྐྱ་གསུམ་དུ་གྲགས་པ་ཡིན།    ། 
དེ་རྣམས་བོད་དུ་བྱུང་བའི་དཀར་ཡོལ་ཡིན།   ། 
ཞེས་སོགས་བོད་དུ་དཀར་ཡོལ་བྱུང་བའི་དུས་ཚོད་དང༌།     དཀར་ཡོལ་བཟང་ངན་བརྟག་ཐབས་སོག་གསལ་པོ་གསུངས་ཡོད་དོ།        སྤུ་རྒྱལ་སོ་གཅིག་པ་སྟག་རི་གཉན་གཟིགས་ཀྱི་སྐབས་སུ།     བློན་པོ་མོང་གི་བུ་ཞེས་པས་དངོས་རྫས་རྣམས་ཚད་ལ་གཞལ་བྱེད་བྲེ་དང༌།      སྲང་ལ་སོགས་པའི་ཚད་གཞི་གསར་དུ་བཟོས་ཏེ་འབྲུ་རིགས་བྲེ་ལ་འཇལ་ཞིང༌།    མར་སྲང་ལ་བཏེགས་སྟེ་གཉིས་མཐུན་དགའ་བསྡེབས་ཀྱི་ཚོང་ལས་ཀྱི་འགྲོ་ལམ་གསར་པ་ཞིག་ཏུ་བསྐྱོད་པའི་དབུ་བརྙེས་ཡོད་པ་《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས།   
འདི་དུས་ཁྲི་ངོར་སྣང་བཙུན་མོང་གི་བུས།   ། 
བྲེ་ཕུལ་སྲང་བཅོས་འབྲུ་མར་ཚད་ཀྱིས་བཅལ།    ། 
དགའ་གཉིས་ཚོང་བྱས་མཐུན་གཉིས་ལ་ལུང་བསྡེབས།    ། 
དེ་གོང་བོད་ན་ཚོང་དང་བྲེ་སྲང་མེད།   ། 
དེ་ཕྱིར་མཛངས་མི་བདུན་གྱི་གསུམ་པར་གྲགས།    ། 
ཞེས་གསུངས་པ་ལྟར་རོ།     དེ་ལྟར་གསེར་དངུལ་ཟངས་ལྕགས་ཀྱི་དངོས་རྫས་མང་པོ་ཞིག་ཐོན་པ་དང༌།       བྲེ་སྲང་གི་ཚད་གཞི་བཟོས་པ་བཅས་ཀྱིས་བོད་ཀྱི་ཚོང་ལས་ལ་ཡར་རྒྱས་འགྲོ་བའི་སྐུལ་འདེད་ཆེན་པོ་ཞིག་བྱས་ཡོད་དེ།     གསེར་དངུལ་སོགས་ཀྱིས་དངོས་རྫས་ཀྱི་རིན་ཐང་འཇལ་བའི་ཚད་གཞི་བྱེད་ཅིང༌།      བྲེ་དང་སྲང་སོགས་ཀྱིས་དངོས་པོའི་གྲངས་དང་ལྗིད་ཚད་བཅས་ཏེ་ཉོ་ཚོང་དྲང་བདེན་གྱི་འགྲོ་ལམ་གསར་པ་ཞིག་ཏུ་སླེབས། 
 
  • ལེ་ཚན་སྔོན་མ།:དྲུག ཕུན་སུམ་ཚོགས་པའི་བོན་རྒྱལ་བཞི།
  • ལེ་ཚན་རྗེས་མ།:རྒྱལ་པོ་ཁྲི་སྲོང་ལྡེ་བཙན་རིང་གི་བོད་སྨན་མཁས་པ་མི་དགུ།
  • དོ་སྣང་ཆེ་བའི་རྩོམ།