དར་བཤད།

        2013-12-02

ཨེ་མ་ཧོ།དུས་དེ་རིང་གནམ་ལ་མི་འགྱུར་སྐར་མ་བཟང་།ས་ལ་མི་འགྱུར་དུས་ཚོད་བདེ།བར་ལ་མི་འགྱུར་སྐལ་བ་བཟང་།གཟའ་དང་སྐར་མ་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉི་མར།དུས་ཚོད་ལ་མགོ་ལོ་ཡག སྐར་མ་ལ་འཕྲོད་ཡ་བཟང་།ལོ་སྐོར་བཅུ་གཉིས་འཛོམས།གཟའ་གསུམ་ལས་ཀྱི་རྟེན་འབྲེལ་ཡག སྐར་མའི་འོང་འགྲོས་ཐོག་ལ་སྟོན་མོ་སྐར་ཐོག་ཚོགས།སྐར་མ་བདེན་ཐོག་བྱས་པའི་ཉི་མར།གནམ་ལ་བཀྲ་ཤིས་ཉི་ཟླ་གཉིས།ཕྱོགས་སྐར་མ་མང་པོའི་ཚོགས་ཀྱིས་སྐོར་བ།ས་ལ་བཀྲ་ཤིས་འབྱུང་བ་ལྔ།ས་ཆུ་མེ་རླུང་ཚོགས་ཀྱིས་བསྐོར་བ་ལགས།
    ད་ངས་དར་འདི་ཡི་དར་བཤད་ཅིག་བྱེད་ན།དར་དཀར་པོ་དམར་པོ་སེར་པོ་གསུམ།སྔོན་པོ་ལྗང་ཁུ་དར་སྣ་ལྔ།དར་དམར་པོ་མཆོག་དེ་གླིང་གེ་སར་རྒྱལ་པོའི་དམར་དར་ཡིན།ས་དེ་ལ་བཙན་ཕྱུག་དར་རྒྱུ་འཛོམས།དར་སེར་པོ་མཆོག་དེ་གོང་དང་བླ་མའི་ཆོས་དར་ཡིན།ཆོས་དང་སངས་རྒྱས་བསྟན་པ་དར་བའི་རྟེན་འབྲེལ་ཡིན།དར་དཀར་པོ་གར་འོང་གང་འོང་ཟེར།དར་དཀར་པོ་མར་རིའི་རྒྱ་ནས་འོང་། རྒྱ་མོ་གསུམ་གྱིས་འཁལ་བའི་དར།རྒྱ་བཟའ་གཡང་འབྱུང་སྒྲོལ་མས་འཐག་པའི་དར།བཀྲ་ཤིས་སྟོན་མོ་ཉིན་མོ་འདི་ལ་འབུལ་བའི་དར་མཆོག་ཡིན་ལགས།
    ཡཱ།གསེར་སེར་པོ་མེད་ན་མི་ལོན་ནོ།ཁ་མཁས་པ་མེད་ན་མི་འགྲུབ་བོ།དཀར་མོ་དངུལ་དང་དགུ་བསྐོར་རྒྱུགས།སྔོན་མོ་གཡུ་དང་བཅུ་བསྐོར་རྒྱུགས།སེར་པོ་གསེར་དང་མཉམ་བཀྱག་བྱས།
    ཡཱ།དར་འདི་ལ་ཡོན་ཏན་མང་པོ་ཡོད།དར་མགོ་ལ་གསེར་སྐུད་ཆ་གསུམ་ཡོད་པ་དེ།སངས་རྒྱས་སྟོང་སྐུ་ཆགས་པའི་ཆགས་ཚུལ་ཡིན།དར་སྐེད་ལ་གཡུ་འབྲུག་དགུ་བསྐོར་ཡོད་པ་དེ།བོད་མིའུ་གདོང་དྲུག་ཆགས་པའི་ཆགས་ཚུལ་ཡིན།དར་མཇུག་ན་རྒྱ་ནག་ལྕགས་རི་ཡོད་པ་དེ།རྒྱ་ནག་ཞིང་ཆེན་བཅོ་བརྒྱད་ཆགས་པའི་ཆགས་ཚུལ་ཡིན།དར་མཐའ་ན་ཚ་ལོ་ལྷུག་ལྷུག་ཡོད་པ་དེ།ས་དང་སྲིད་པ་ཆགས་པའི་ཆགས་ཚུལ་ཡིན།དར་དཀར་པོ་དྲི་མེད་ཚ་ལོ་ཅན།འདོམ་གྱིས་འཇལ་ན་འདོམ་གང་ཡོད།ཁྲུ་ཡིས་འཇལ་ན་ཁྲུ་གང་ཡོད།རྩི་ཤིང་ནགས་ཚལ་སྐྱེས་སྟོབས་ཡིན།
    དར་ཡར་གཡུགས་ཕར་གཡུགས་མར་གཡུགས་གསུམ།དར་ཡར་གཡུགས་ཡར་ལ་གཡུགས་རྒྱུ་དེ།སྟོད་རྒྱ་གར་ཆོས་གཡང་ལེན་ས་རེད།ཆོས་གཡང་ཆོས་དང་བཅས་ལེན་ཤོག དར་ཕར་གཡུགས་ཕར་ལ་གཡུགས་རྒྱུ་དེ།བོད་སྒམ་པོའི་ནོར་གཡང་ལེན་ས་རེད།ནོར་གཡང་ནོར་དང་བཅས་ལེན་ཤོག དར་མར་གཡུགས་མར་ལ་གཡུགས་རྒྱུ་དེ།རྒྱ་ནག་པོའི་ཁྲིམས་གཡང་ལེན་ས་རེད།ཁྲིམས་གཡང་ཁྲིམས་དང་བཅས་ལེན་ཤོག
    ཡཱ།ད་བུ་ཆུང་ང་ཁ་བདེ་ཡང་།དུས་ཀྱིས་མ་འདང་བས་འདི་ན་མཚམས་བཞག དར་བཤད་ཚིག་གསུམ་ཞུས་པ་དེས་ཚང་མ་ལ་བཀྲ་ཤིས་བདེ་ལེགས་སྩོལ་བའི་སྨོན་ལམ་ཤོག
  • ལེ་ཚན་སྔོན་མ།:རོང་བྲག་རྫོང་སོག་པོ་ཡུལ་ཚོའི་གཉེན་སྒྲིག་བྱེད་ཚུལ།
  • ལེ་ཚན་རྗེས་མ།:མི་ཉག་འདྲ་པའི་ཨ་འགྲོགས་གཉེན་སྲོལ།
  • དོ་སྣང་ཆེ་བའི་རྩོམ།