མི་ཉག་རོང་ཡུལ་གྱི་ལོ་སར་གཏོང་སྟངས།

        2015-08-12

མི་ཉག་རོང་ཡུལ་གྱི་ལོ་སར་གཏོང་སྟངས།

དར་རྩེ་མདོའི་རྒྱུ་ལ་ནུབ་རྒྱུད་ཀྱི་མི་ཉག་གི་རོང་ཡུལ་རྣམས་སུ་ལོ་གསར་ལ་ལོ་ཆེན་དང་ལོ་ཆུང་གཉིས་སུ་དབྱེ་བ་བྱེད་སྲོལ་འདུགདེ་གཉིས་ལ་རྒྱས་བསྡུས་ཀྱི་ཁྱད་པར་མ་གཏོགས་ཡུལ་སྲོལ་ཆོ་ག་ནི་གཅིག་མཚུངས་ཡིན་པ་རེད།ལོ་གསར་ཚེས་གཅིག་ཉིན་གྱི་སྔ་མོར་ལོ་འཁོར་འདིའི་ལོ་རྟགས་ལ་འཁེལ་བའམ་ཡང་ན་ལོ་རྟགས་དེ་དང་མཐུན་པའི་ནང་མི་ཞིག་གིས་གཡང་འབོད་བྱེད་བཞིན་དུ་ལོ་མེ་འབར་ཞེས་ཐབ་ཀའི་ནང་མེ་སྦར་ནས་ཇ་དང་དགུ་ཐུག་སོགས་ཚ་དྲོད་བྱས་རྗེས་ནང་མི་ཡོངས་རྫོགས་ལ་ཕྲན་བུ་རེ་ཟ་རུ་བཅུག་པ་ནི་ཁ་ལག་འཕྲོད་པའི་རྟེན་འབྲེལ་ལ་བརྩི།
 ལོ་མེ་སྦར་མཁན་གྱིས་ནང་མི་ཡོངས་རྫོགས་ལ་ཁ་ལག་སྤྲད་རྗེས་ཆུ་མགོ་ལེན་ཞེས་ཆུ་ཟོར་ཁར་མར་རྒྱན་གསུམ་བཏགས་ནས་སྡེར་བའི་ནང་འབྲུ་དཀར་དང་དམིགས་བསལ་གྱིས་གྲ་སྒྲིག་བྱས་པའི་ཐང་དམར་ལོ་མ་ཆུན་པོ་གཅིག་བཅས་ཁུར་ནས་ཆུ་མགོ་ལེན་པར་ཆས།
 ཆུ་ཁར་བསླེབས་དུས་སུ་དང་ཐོག་ཕྱོགས་བཞིར་འབྲུ་དཀར་ཕྲན་བུ་གཏོར་ཞོར་དུ་བཀྲ་ཤིས་ཤོགགཡང་འཁོར་ཤོགཁ་དྲོ་ཤོག་ཅེས་སྨོན་ལམ་བཏབ་རྗེས་ཆུ་བསང་གཏོང་ཞེས་ཐང་དམར་གྱིས་བསང་བཏང་ཞིང་སྨོན་ལམ་རྒྱག་པ་དང་།ལོ་འཁོར་དེའི་ལོ་རྟགས་འཁེལ་བའང་ཡང་ན་ལོ་རྟགས་ཉིད་དང་མཐུན་པའི་ནང་མིའི་སྐྱེས་པ་ཞིག་གིས་ཁང་པའི་ཆེས་སྟེང་མའི་ཟུར་དུ་བརྩིགས་པའི་དགྲ་ལྷ་འཁོར་ཞེས་བྱ་བའི་བསང་ཁྲིའི་ཐོག་བསང་ཤིང་གང་མང་འཛོམས་པའི་བསང་མཆོད་འབུལ།བསང་དུད་ཆེ་ན་རྒྱུ་ནོར་ལོངས་སྤྱོད་འབེལ་ཞེས་བཤད་སྲོལ་འདུག་པས་བསང་མཆོད་འབུལ་མཁན་གྱིས་བསང་དུད་འཐུག་པོ་གཏོང་ཅི་ཐུབ་བྱེད་ཀྱི་ཡོད་པ་རེད།
 ཞོགས་པའི་ཉི་འོད་ཁང་པར་ཤར་བའི་ཚེ་ནང་མི་ཚང་མས་ཁྱིམ་དུ་འདུས་འཛོམས་བྱས་ནས་བཟའ་བཅའི་རིགས་སྣ་ཚོགས་འདུས་པའི་ལོ་འགོའི་བཟའ་སྟོན་ཞེས་བྱ་བ་དེ་བཟའ་ཞིང་།དེའི་རྗེས་ཁྱིམ་ནང་གི་སྐྱེས་པ་ཆེས་ཆེ་བས་ཉིན་གཞུང་གི་སྔོན་དུ་བསང་མཆོད་རྒྱུན་མ་ཆད་པར་འབུལ་བ་དང་བུད་མེད་ཚོས་བཟའ་བཅའ་སྣ་ཚོགས་བཟོས་པ་ནི་ཚེས་གཅིག་ཉིན་ནི་ལོ་གསར་པའི་འགོ་མ་ཡིན་པས་ཉིན་དེར་ཟས་རིགས་སྣ་ཚོགས་ཟོས་ན་ལོ་གཅིག་ལ་འདོད་ཡོན་ཕུན་སུམ་ཚོགས་པོ་ཡོང་ཞེས་ཤོད་སྲོལ་མཆིས།ཉི་མ་གནམ་དཀྱིལ་དུ་བསླེབ་ཉེ་ཡོད་པའི་སྐབས་སུ་སྐར་འཛོམས་འཇོག་ཅེས་ཁྱིམ་མི་ཚང་མས་གཟབ་མཆོར་སྤྲས་ནས་བཟའ་བཅའི་རིགས་སྣ་ཚོགས་ཁྱེར་ཏེ་ཁྱིམ་མཚེས་དང་མཉམ་དུ་ཉེ་འདབས་ཀྱི་ཐང་དུ་དགའ་འཛོམས་བྱས་ནས་ཟ་འཐུང་དང་ཆང་རག་གང་མང་འཐུང་།ད་དུང་གླུ་ལེན་བྲོ་འཁྲབ་དང་།རྟ་རྩལ་བརྩེས་པ།མི་རྒྱུག་འགྲན་པ་སོགས་ཨ་མཚར་རྩེད་མོ་དུ་མ་བརྩེས་ནས་ཉི་མ་ནུབ་རྗེས་ད་གཟོད་རང་རང་སོ་སོའི་ཁྱིམ་དུ་ལོག་པ་རེད།།
 
  • ལེ་ཚན་སྔོན་མ།:གཉེན་སྟོན་རྟེན་འབྲེལ་གྱི་གཏམ་བཤད་རྟ་བབ་རིན་ཆེན་བཅུ་གསུམ།
  • ལེ་ཚན་རྗེས་མ།:མུ་ལེ་རྫོང་གླིང་རོང་ས་ཆ་ཡི་གཉེན་སྒྲིག་ལུགས་སྲོལ།
  • དོ་སྣང་ཆེ་བའི་རྩོམ།