འབྲོག་པའི་རེ་སྟོན།

ནམ་མཁའི་ནོར་བུ།    བྱང་འབྲོག་གི་ལམ་ཡིག    2014-06-30

འབྲོག་མི་ཚོས་ལོ་རེ་བཞིན་དབྱར་དུས་སུ་སྦྲ་རེ་གསར་པ་བསྣན་པ་དང་།སྦྲའི་ཆོན་ཐག་བརྗེ་བ་དང་།སྐབས་འགར་སྦྲ་ཕྱི་ནང་བརྗེ་བ་སོགས་མདོར་ན་སྦྲ་ལ་རེ་གསོས་གང་དགོས་བྱེད་ཀྱི་ཡོད་འདུག་ཅིང་།སྦྲ་གསོས་གྲུབ་པའི་ཉིན་དེར་“རེ་སྟོན”ཞེས་བྱ་བའི་སྟོན་མོ་ཆུང་ངུ་ཞིག་བྱེད་སྲོལ་ཡོད་པ་རེད།སྟོན་མོ་དེར་རང་རང་གི་གཉེན་ཚན་དང་།མནའ་ཡ།རུ་རོགས་རྣམས་འབོད་དེ་ལུག་ཤ་བཙོས་ཧྲུག་མང་དག་དང་།གྲོ་ཐུད་ཆེ་ཙམ་རེ་འདྲེན་དགོས་ཀྱི་ཡོད་འདུགཁོ་བོ་ཅག་ཁྲོམ་རྫ་གོང་དུ་ཡོད་སྐབས་ངའི་ཕ་ལགས་ཀྱི་གྲོགས་པོ་འབྲོག་མི་འབྱོར་ལྡན་ཞིག་གིས་ཁོ་བོ་རེ་སྟོན་དུ་བོས་བྱུང་བས།ང་དང་ངའི་གྲོགས་པོ་རྣམས་ཀྱིས་མངར་ཆའི་རིགས་ཕྲན་བུ་ལག་རྟགས་སུ་ཁྱེར་ཏེ་དེར་ཕྱིན་པ་ཡིན།ང་ཚོ་དང་ཁོང་ཚོའི་གཉེན་གྲོགས་སོགས་མི་གྲངས་སུམ་ཅུ་ལྷག་ཙམ་ཡོད་འདུག་པ་ཚང་མ་ཕོ་སྦྲར་ཕྱིན་ཏེ་གྲལ་དུ་བཀོད་ཟིན་པའི་ཚེ།ནང་གི་བུ་དང་མནའ་མ་གཉིས་ཀྱིས་འཁར་གཞོང་ཆེན་པོ་གཉིས་ཀྱི་ནང་དུ་ལུག་ཤ་བཙོས་ཧྲུག་བྱས་པས་ཕྱུར་བུར་བཀང་བ་རེ་གྲལ་དབུ་ནས་རིམ་བཞིན་འགྲིམ་གྱི་འདུགཁོ་བོས་དེར་ཤ་དུམ་ཆུང་ཤོས་ཤིག་འདུག་པ་དེ་བླངས་ནས་བཟའ་གྲབས་བྱས་པས་ཆུང་མའི་བུ་ཆུང་ལོ་དྲུག་ཙམ་པ་ཞིག་འདུག་པ་དེས་ངའི་ལག་པའི་ནང་གི་ཤ་དུམ་དེ་ལ་བལྟ་ཞིང་ངུ་སྐད་དང་བཅས་པས་ན་རེ།“ཨ་མ་ཧད་དེས་ངའི་ཤ་བཟའ་འཇོག་ཀི”ཞེས་ཟེར་བས་ཁོ་བོ་ནི་རྒྱུ་མཚན་མེད་པར་ཧ་ལས་པའམ་ཅུང་ཟད་ངོ་ཚ་བ་ལྟ་བུ་ཞིག་བྱུང་།དེ་ནས་ངས་ཉམས་ཞིབ་ཀྱིས་བལྟས་པས་ནང་མི་རྒན་གཞོན་མང་དག་གིས་ཤ་བཙོས་ཧྲུག་གི་ནང་ནས་འགའ་ཞིག་འཚོལ་གྱི་ཡོད་འདུག་པ་དང་།ཤ་དུམ་མང་དག་ལ་གྲི་རིས་དང་།རྔ་རྩིད་ཀྱིས་བསྡམས་པ་སོགས་རྟགས་མང་དུ་ཡོད་འདུགཉིན་ཕྱི་མར་ཁོ་བོས་འབྲོག་མི་གྲོགས་པོ་ཞིག་ལ་དེའི་གནས་ཚུལ་ཞིབ་ཏུ་དྲིས་པས།ནམ་རྒྱུན་འབྲོག་མི་ཚོས་ཤ་བཙོས་ཧྲུག་བྱེད་པའི་ཚེ།ནང་མི་སོ་སོས་རང་རང་གང་ལ་དགའ་བའི་ཤ་འདེམ་སྒྲུག་བྱས་པ་དེ་ལ་གྲི་རིས་སམ།ཤིང་ཐུར་གྱི་རྟགས་སམ།རྔ་རྩིད་དཀར་ནག་གི་རྟགས་བཀོད་དེ་ལྷན་དུ་འཚོད་ཀྱི་ཡོད་པར་ཤེས་སོ།དེ་སྔོན་ང་དང་ངའི་གྲོགས་པོ་ཚོ་སུས་ཀྱང་གནས་ཚུལ་འདི་མཐོང་ཐོས་མ་མྱོང་བར་བརྟེན་གྲོགས་པོའི་རེ་སྟོན་གྱི་ཤ་དུམ་རྟགས་ཅན་རྣམས་བླངས་ཏེ་བཟས་པ་དང་།གྲོགས་པོའི་ནང་མི་ཚོས་རང་རང་གི་ཤ་རྟགས་ཅན་རྣམས་མ་འཐོབ་སྟེ་ཡང་ཡང་དུ་བཙལ་ཡོད་པར་མངོན་ནོ།།
  • ལེ་ཚན་སྔོན་མ།:མི་ཉག་འདྲ་པའི་ཨ་འགྲོགས་གཉེན་སྲོལ།
  • ལེ་ཚན་རྗེས་མ།:མི་ཉག་ཡུལ་གྱི་གཉེན་སྒྲིག་གོམས་སྲོལ།
  • དོ་སྣང་ཆེ་བའི་རྩོམ།