འབྲོག་མིའི་རྟ་ནོར་ལུག་གསུམ་གྱི་མིང་འདོགས་ཚུལ་སྐོར་རོབ་ཙམ་གླེང་བ།(3)

སྒྲ་དབྱས་ལྷ་མོ།        2012-11-07


རོག་ཆེན་མ།རོག་ཆུང་མ།ནག་རིས་མ་སོགས་ཟེར་བ་དང་།སྤུ་མདོག་ནག་ནག་གི་ནང་དུ་སེར་ཤས་ལྡན་པ་ལ་རོག་སེར།སྤུ་མདོག་ནག་ནག་གདོང་ན་དཀར་ཤ་ཡོད་པ་ཅན་ལ་རོག་རོག་གྭ་ཅན།སྤུ་མདོག་ནག་ནག་གདོང་ན་དཀར་ཐིག་ཡོད་པ་ཅན་ལ་རོག་རོག་འཛི་ཅན།སྤུ་མདོག་རོག་རོག་སྤུ་རྫོང་མཐུག་ཅིང་རིང་བ་ལ་རོག་རྫིག་མའམ་རོག་རྫིག སྤུ་མདོག་རོག་རོག་གི་ནང་དུ་དཀར་ཤས་དང་སྔོ་ཤས་ཅུང་ཙམ་ལྡན་པ་ལ་རོག་སེ་མའམ་རོག་སེ་ཟེར། ནོར་གྱི་གདོང་ན་ཞུར་བོ་སྟེ་དཀར་ཤ་ཡོད་པ་རྟ་དང་འདྲ་བར་ཞུར་མི་ཟེར་བར་གྭ་གྭ་ཟེར་བ་དང་།འོན་ཀྱང་གདོང་ན་དཀར་ཐིག་ཡོད་པ་ཅན་ལ་རྟ་དང་འདྲ་བར་འཛི་ཅན་ཟེར་ཏེ།དཔེར་ན།གཡག་གྭ་གྭ།རྒྱ་གྭ།རོག་གྭའཛི་འཛི།ཁམ་གྭ།གྭ་ཁྲ་མ།གྭ་མདོང་མ།གྭ་སེ་མ།སྔོ་གྭ་མ།དམུ་གྭ་མ།གྭ་ནག་མ།ངང་གྭ་མ།འཛི་མིག་སོགས་ཟེར་བ་དང་།ནོར་གྱི་མགོ་ཧྲིལ་པོའི་སྤུ་མདོག་དཀར་པོ་ཡིན་པ་ལ་དོང་དོང་ཟེར་རོ།། ཡང་ནོར་གྱི་གཟུགས་གཞིའི་སྤུ་མདོག་གང་རུང་གི་ནང་དུ་དཀར་ཤས་ལྡན་པ་ལ།གཡག་ཁྲ་ཁྲ་དང་།ཁྲ་ནག རྒྱ་ཁྲ།རོག་ཁྲ།སྔོ་ཁྲ།ཁམ་ཁྲ་སོགས་ཟེར་བ་དང་།ཡང་འབྲི་དམུ་ཁྲ་མ་དང་།སེ་ཁྲ་མ།གྭ་ཁྲ་མ།དོང་ཁྲ་མ།ཁྲ་རིས་མ།གཡང་ཁྲ་མ།ཁྲ་དབོར་མ།ཁྲ་གཞོལ་མ།ཧྲེ་ཁྲ་མ།འཛི་ཁྲ་མ་སོགས་ཟེར།གཞན་ཡང་ནོར་གྱི་གཟུགས་གཞི་དང་སྤུ་མདོག་གི་དམིགས་བསལ་ཁྱད་ཆོས་ལ་བརྟེན་ནས་སོག་དཀར་མ་དང་།སྙིང་དཀར་མ།གཏེར་ཟོག སྔོ་ཧྲེ་མ།ཁམ་ཧྲེ།སྤུ་ལོག བྲ་དཀར་མ་།དཔྱི་དཀར་མ།རྒོའི་འཕོང་།དམུ་སྣ་མ།ཞོ་ཁ་མ།གནམ་ནུ།ས་ནུ།སྟག་སྟག ཤ་ཤ སྟོད་དཀར་མ།སེ་ནག སེ་ཆེན་མ།སེ་ཆུང་མ།རྔ་རིང་མ།རྔ་སྐྱ་མ།རྔ་སེ་མ།རྔ་ལོ་མ།རྔོག་རིང་མ།རོག་རོག་རྔ་སྐྱ།གྭ་གྭ་རྔ་སྐྱ།རྒྱ་རྒྱ་རྔ་སྐྱ་སོགས་ལྟ་བུའི་མིང་འདོགས་སྲོལ་ཡང་ཡོད་དོ།།
 ༢.ནོར་གྱི་རྭ་ཅོའི་དབྱིབས་ལ་བརྟེན་ནས་མིང་འདོགས་ཚུལ།
ནོར་ནག་ནི་འབྲོག་པའི་ཉིན་རྒྱུན་གྱི་འཚོ་བ་དང་ཁ་འབྲལ་ཐབས་མེད་པའི་འཚོ་རྟེན་གཙོ་བོར་གྱུར་ཡོད་པས།ནོར་ནག་ལ་ཤིན་ཏུ་རྒྱུས་མངའ་བའང་འབྲོག་པ་ཡིན་པས།ཁོ་ཚོས་ནོར་ནག་གི་ཕྱིའི་སྤུ་མདོག་དང་ཁྱད་ཆོས་གཙོ་བོར་འཛིན་པའི་རྨང་གཞིའི་སྟེང་ནོར་གྱི་རྭ་ཅོའི་སྐྱེས་དབྱིབས་དང་།རྣམ་པ།ཁྱད་ཆོས་སོགས་བསྣན་ནས་མིང་འདོགས་པ་དཔེར་ན།རྭ་ཅོ་མདོང་མདོང་ཅན་ཏེ་རྭ་རྩེ་རྣོ་ཞིང་རྭ་དབྱིབས་མདོང་མོ་དང་ཅུང་འདྲ་བའི་རིགས་དེར།གཡག་རྒྱ་མདོང་།རོག་མདོང་།གྭ་མདོང་།དམུ་མདོང་སོགས་ལྟ་བུ་དང་།ཡང་འབྲི་རྒྱ་མདོང་མ།རོག་མདོང་མ།གྭ་མདོང་མ།འཛི་མདོང་མ།སེ་མདོང་མ།ཁྲ་མདོང་མ།རྭ་མདོང་མ།དམུ་མདོང་མ་སོགས་ཞེས་པ་ལྟ་བུའི་མིང་འདོགས་པ།ཡང་རྭ་ཅོའི་སྐྱེས་སྟངས་ཅུང་སྒོར་སྒོར་ཅན་གྱི་རིགས་དེར་ནམ་རྒྱུན་ཁ་སྐད་དུ་དབོར་དབོར་ཟེར་བ་སྟེ།དཔེར་ན།གཡག་རྭ་དབོར་དང་།རྒྱ་དབོར།སེ་དབོར།གྭ་དབོར་ལྟ་བུ་དང་།འབྲི་རྭ་དབོར་མ།རྒྱ་དབོར་མ།རོག་དབོར་མ།སེ་དབོར་མ།གྭ་དབོར་མ།འཛི་དབོར་མ།ཁྲ་དབོར་མ་སོགས་ལྟ་བུ།རྭ་ཅོའི་སྐྱེས་དབྱིབས་མི་འདྲ་བའམ་ཡང་ན་རྭ་ཡ་གཅིག་ཆག་སྐྱོན་ཤོར་བའི་རིགས་ལ།དཔེར་ན།གཡག་རྭ་ཆག་དང་།རྭ་གཡོན།རྭ་ལོ་ལྟ་བུ་དང་།འབྲི་རྭ་གཡོན་མ།རྭ་དྲུད་མ།རྭ་ཆག་མ།རྭ་ཡས་མ།རྭ་ལོ་མ།རྭ་གདའ་མ།སེ་ཆག་མ་སོགས་ཞེས་པ་ལྟ་བུའི་མཚང་མིང་འདོགས་ལ།ཡང་མ་གཞི་རྭ་ཅོ་སྐྱེས་མེད་ཅིང་མགོ་རིལ་རིལ་ཡིན་པས་ན་ཁ་སྐད་དུ།གཡག་རྒྱ་རིས་དང་།སེ་རིས།སྔོ་རིས།དཀར་རིས།ཁམ་རིས།ཁྲ་རིས་སོགས་ལྟ་བུ་དང་།འབྲི་རྒྱ་རིས་མ།སེ་རིས་མ།འ་རྡོ་མ།ནག་རིས་མ།འཛིང་རིས་མ།གྭ་རིས་མ།ཁམ་རིས་མ།ཁྲ་རིས་མ།དོང་རིས་མ།དམུ་རིས་མ།དཀར་རིས་མ།སྔོ་རིས་མ་སོགས་ལྟ་བུའི་མིང་འདོགས་པ་ཡིན།ད་དུང་ནོར་གྱི་འཕེལ་ཁ་བཟང་བའི་རིགས་དེར་གཡང་དང་ལྡན་པར་འདོད་པའི་ཁ་གཡང་འབོད་པའི་ཚུལ་དུ།གཡག་ལ་ནོར་ལྷ་དང་།ནོར་སྲུང་།སྲུང་གཡག ལྷ་གཡག་སོགས་འབོད་པ་དང་།འབྲི་ལ་གཡང་ཁྲ་མ་དང་།མིག་ཡག་མ།རོག་ཡག་མ།གཡང་རྫིག་མ།ནོར་གཡང་མ།གསེར་རྣ་མ།ལྷ་འབྲི་མ།སྲུང་འབྲི་མ།ཁྲ་ཕྱུག་མ་སོགས་ལྟ་བུའི་གཡང་མིང་འདོགས་པ།དེ་ལས་ལྡོག་སྟེ་རྒྱུད་མི་བཟང་བའམ་གོམས་གཤིས་ངན་པ་ལྡན་པའི་ནོར་གྱི་རིགས་དེར་ཁ་སྡིག་གི་ཚུལ་དུ།གཡག་ཁེར་འདུག་དང་།གཟས་རྒོད་ལྟ་བུ།འབྲི་ཁེར་འདུག་མ།གཟས་རྒོད་མ།གཡོ་སྐྱ་མ།རྐུ་རྒན་མ།ཕྱུར་ཟན་མ།གྱོང་ཆེན་མ།ཚྭ་ལྡག་མ།འོ་འཐུང་མ་སོགས་ལྟ་བུའི་མིང་འདོགས་སྲོལ་ཀྱང་ཡོད་དོ།།
གསུམ་པ།གཡང་མོ་ལུག་གི་མིང་འདོགས་ཚུལ།
གཡང་དཀར་ལུག་ནི་རྒྱུ་ཕྱིང་བལ་ལས་བཟོས་པའི་གྱོན་པ་གདན།ཞྭ་མོ།ལུག་པགས་ལས་བཟོས་པའི་སློག་པ་དང་ཚ་རུ་སོགས་ཀྱི་ཐོན་ཁུངས་གཙོ་བོ་ཡིན་པར་མ་ཟད།ལུག་བཤས་ནས་ཤ་ཟ་བ་དང་མ་མོའམ་མོ་ལུག་བཞོས་ནས་འོ་མ་འཐུང་བ་དང་མར་ལེན་པར་བྱེད་པས།འབྲོག་པའི་དམར་ཟས་དང་དཀར་ཟས་ཀྱི་ཐོན་ཁུངས་ཞིག་ཀྱང་ཡིན།དེ་བས་གཡང་དཀར་ལུག་ཀྱང་འབྲོག་པའི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་འཚོ་རྟེན་གཙོ་བོ་ཞིག་ཏུ་གྱུར་ཡོད།འབྲོག་པ་རྣམས་ཀྱིས་ལུག་ལ་འཚོ་སྐྱོང་བྱེད་པའི་ནམ་རྒྱུན་གྱི་འཚོ་བ་ལས་ལུག་ལ་རྒྱུས་མངའ་བར་གྱུར་བ་དང་ལྷན་དུ།གཡང་དཀར་ལུག་གི་ཕྱིའི་སྤུ་མདོག་དང་ལོ་ཚད་སོགས་ཁྱད་ཆོས་གང་རུང་ལ་བརྟེན་ནས་མིང་ཡང་མི་འདྲ་བ་དུ་མ་ཞིག་བཏགས་ཡོད་པ་སྟེ།དཔེར་ན།ཕོ་ལུག་ལ་ཤ་གཟན་དང་།ཐུང་བ།ཕོ་ལག་ཟེར་བ་དང་།མོ་ལུག་ལ་མ་མོ་དང་།ཚེར་མོ།ལག་མོ་ཟེར་བ་ལྟ་བུ།ད་དུང་ཕོ་ལུག་དང་མོ་ལུག་གང་རུང་ལ་ལོ་ཚད་ཀྱི་ཆ་ནས་ལུ་གུ་དང་།ལག་གསོ་གཉིས།སོ་བཞི།སོ་དྲུག ཁ་གང་ཞེས་པའི་མིང་འདོགས་སྲོལ་ཡོད་པ་འདི་ལུག་འཚོ་སྐྱོང་བྱེད་པའི་འབྲོག་ཡུལ་སྤྱིའི་ཐུན་མོང་དུ་སྤྱོད་པའི་མིང་ཞིག་ཏུ་ཆགས་ཡོད།གཞན་ཡང་ཕོ་མོ་མཉམ་བསྲེས་བྱས་པའི་ལུག་ལ་ལུག་ཁྱུ་དང་།མོ་ལོག་སུ་དགར་བའི་ཁྱུ་ལ་མ་ཁྱུ་དང་དེའི་རྫི་བོར་མ་རྫི་ཟེར་བ།ཕོ་ལོགས་སུ་དགར་བའི་ལུག་ཁྱུ་ལ་ཤ་ཁྱུ་དང་དེའི་རྫི་བོར་ཤར་རྫི་ཟེར།
དེ་ཡང་གཡང་མོ་ལུག་གི་ཁ་དོག་སྦྱིར་དཀར་པོ་ཡིན་ནའང་།ལུག་མང་ཆེ་ཤོས་ཀྱི་མགོའི་སྤུ་མདོག་ལ་ནག་པོ་དང་སེར་པོ་སོགས་ཁ་མདོག་མི་འདྲ་བའི་ཆ་གང་མང་ཞིག་ལྡན་པས་ན།མིང་ཡང་མི་འདྲ་བ་དུ་མ་བཏགས་ཡོད་པ་སྟེ།དཔེར་ན།ལུག་གི་མགོའི་སྤུ་མདོག་དཀར་པོའི་ནང་དུ་སེར་པོའི་ཆ་ཅུང་ཙམ་ལྡན་པ་ལ་རྒྱ་རྒྱ་དང་།རྭ་མེད་པ་ལ་རྒྱ་ཐོ་ཟེར་བ།མགོའི་སྤུ་མདོག་དཀར་པོའི་ནང་དུ་དམར་པོའི་ཆ་ཅུང་ཙམ་ལྡན་པ་ལ་ཁམ་ཁམ་དང་།རྭ་ཅོ་མེད་པ་ལ་ཁམ་ཐོ་ཟེར་བ།མགོའི་སྤུ་མདོག་ནག་པོའི་ནང་དུ་དཀར་པོའི་ཆ་ཅུང་ཙམ་མ་གཏོགས་མེད་པ་ལ་ཁྲ་གཞས་དང་།རྭ་མེད་པ་ལ་ཁྲ་ཐོ་ཟེར་བ།མགོའི་སྤུ་མདོག་དཀར་པོའི་ནང་དུ་སྔོན་པོའི་ཆ་ཅུང་ཙམ་ལྡན་པ་ལ།སྔོ་གཞས་དང་།རྭ་མེད་པ་ལ་སྔོ་ཐོ་ཟེར་བ།མགོའི་སྤུ་མདོག་དཀར་པོ་དང་ནག་པོར་མང་ཉུང་མེད་པ་ལ་སྨུག་གཞས་དང་།རྭ་མེད་པ་ལ་སྨུག་ཐོ་ཟེར་བ་ལྟ་བུ། གོང་བཀོད་ཀྱི་མིང་དེ་དག་གི་རྗེས་སུ་མ་ཡིག་ཅིག་སྦྱོར་བ་སྟེ།དཔེར་ན།རྒྱ་རྒྱ་མའམ་རྒྱ་ཐོ་མ།ཁྲ་གཞས་མའམ་ཁྲ་ཐོ་མ་སོགས་ཟེར་སྐབས།གཡང་དཀར་ལུག་ལས་མོ་ཕྱུགས་ཀྱི་རིགས་ལ་གོ་བ་དང་།མ་ཡིག་སྦྱར་བ་མེད་ཚེ་སྤྱིར་བཏང་ཕོ་ཕྱུགས་ཀྱི་རིགས་ལ་གོ་ངེས་ཡིན།གཞན་ཡང་ལུག་གི་གཟུགས་གཞིའི་ཆ་ཤས་རེ་འགའི་སྤུའི་ཁ་མདོག་དེ་གཙོ་བོར་བཟུང་ནས་མིང་མི་འདྲ་བ་དུ་མ་ཞིག་འདོགས་པར་མ་ཟད།ལུག་རྫི་རང་རང་གི་དགའ་ཕྱོགས་དང་འདོད་མོས་ལྟར་གཡང་མིང་ངམ་མཚང་མིང་མི་འདྲ་བ་འདོགས་པའི་སྲོལ་ཡང་སྣ་ཚོགས་ཤིག་ཡོད་པ་ནི་དངོས་ཡོད་ཀྱི་འཚོ་བའི་ཁྲོད་ཤིན་ཏུ་མང་པས།འདིར་རེ་རེ་བཞིན་འགོད་པའི་དགོས་པ་མཆིས་སྙམ་ནས་རེ་ཞིག་བཏང་སྙོམས་སུ་བཞག་པའོ།།
  • ལེ་ཚན་སྔོན་མ།:རྩིག་ངོས་སུ་ས་ཚོན་སྒྲོན་པའི་སྲོལ།
  • ལེ་ཚན་རྗེས་མ།:བོད་ཀྱི་དམར་བསང་གི་འབྱུང་ཁུངས་སྐོར་གླེང་བ།