འབྲོག་མིའི་རྟ་ནོར་ལུག་གསུམ་གྱི་མིང་འདོགས་ཚུལ་སྐོར་རོབ་ཙམ་གླེང་བ།(2)

སྒྲ་དབྱས་ལྷ་མོ།        2012-11-07


རྟ་ངང་དཀར།རྟ་ངང་སེར།རྟ་རག་དཀར།རྟ་རག་སེར།རྟ་རག་དམར་སོགས་ལྟ་བུའི་མིང་འདོགས་པ་དང་།ཡང་སྤུ་མདོག་ཁྲ་ཁྲ་ཅན་ལ།རྟ་ཁམ་ཁྲ།རྟ་ཟག་ཁྲ།རྟ་དབུས་ཁྲ།རྟ་རྐྱང་ཁྲ།རྟ་རག་ཁྲ་ཞེས་པ་ལྟ་བུ།འབྲོག་པ་རྣམས་ཀྱིས་གོང་བཀོད་ཀྱི་དཔེ་ལྟར་རྟའི་སྤུ་མདོག་གི་ཁྱད་ཆོས་ལ་བརྟེན་ནས་འབྲོག་མི་རྣམས་ཀྱི་ཡིད་ལ་འཛིན་བདེ་ཞིང་དོན་དང་ལྡན་པའི་ཐུན་མིན་གྱི་མིང་མི་ཉུང་བ་ཞིག་བཏགས་ཡོད་པ་འདི།འཚོ་བའི་ཉམས་མྱོང་དང་ཤེས་བྱ་གསོག་འཇོག་བྱས་པ་ལས་བྱུང་བ་ཡིན་པས།དངོས་ཡོད་འཚོ་བའི་ཁྲོད་འབྲོག་མི་ཀུན་གྱིས་ཁས་ལེན་ཐོབ་ཟིན་པའི་བརྟན་ཆགས་ཀྱི་མིང་ཞིག་ཏུ་གྱུར་ཡོད་དོ།།
༢.འདོ་བ་རྟའི་གདོང་གི་སྤུ་མདོག་ལ་བརྟེན་ནས་མིང་འདོགས་ཚུལ། རྟའི་ཐོད་ཐོག་ཏུ་འཛི་དང་ཞུར་བོ་ཡོད་པ་ལ་རྟ་འཛི་ཅན་དང་རྟ་ཞུར་ཅན་ཟེར་གྱིན་ཡོད།འཛི་ནི་རྟའི་ཐོག་ཏུ་སྤུ་དཀར་པོ་ཆུང་ཆུང་ཡོད་པ་ལ་ཟེར་བ་དང་།ཞུར་བོ་ནི་རྟ་ཡི་མགོའི་ལྟག་པ་ནས་སྨིན་མའི་བར་དཀྱིལ་བར་ཞེང་སོར་བཞི་ཙམ་གྱི་ཆའི་སྤུ་དཀར་པོ་ཡིན་པའམ་ཡང་ན་གདོང་ཡོངས་ཕལ་ཆེར་དཀར་པོ་ཡིན་པ་ལ་ཟེར།ཞུར་ནི་འཛི་ལས་ཆེ་བའི་ངོ་གདོང་གི་སྤུ་མདོག་དཀར་པོ་ཡིན་པའི་མིང་གི་འདོགས་ཚུལ་ཞིག་ཡིན།དེ་བཞིན་དུ་རྟའི་གདོང་དང་གཟུགས་གཞི་གཉིས་ཀྱི་སྤུའི་ཁ་མདོག་གི་ཁྱད་ཆོས་ལ་བརྟེན་ནས་མིང་མི་འདྲ་བ་དུ་མ་བཏགས་ཡོད་པ།དཔེར་ན།རྟ་ཁམ་འཛི།རྟ་ཁམ་ཞུར།རྟ་ཟག་འཛི།རྟ་ཟག་ཞུར།རྟ་ནག་འཛི།རྟ་ནག་ཞུར།རྟ་རྐྱང་ཞུར།རྟ་གྱོ་འཛི།རྟ་གྱོ་ཞུར།རྟ་སྔོ་འཛི།རྟ་སྔོ་ཞུར།རྟ་དབུས་འཛི།རྟ་དབུས་ཞུར།རྟ་བཀྲ་འཛི།རྟ་བཀྲ་ཞུར།རྟ་ངང་འཛི།རྟ་ངང་ཞུར།རྟ་རག་འཛི།རྟ་རག་ཞུར་སོགས་ལྟ་བུ།གཞན་ཡང་འདོ་བ་རྟའི་རྐང་ལག་གི་སྤུའི་ཁ་མདོག་གི་ཁྱད་ཆོས་ལ་བརྟེན་ནས་ཁམ་ར་ཚེས་དཀར་དང་།ནག་ལི་ཚེས་དཀར།གྱོ་ར་ཚེས་ནག རྐྱང་སེར་ཚེས་དཀར།བཀྲ་ལི་ཚེས་དཀར།ནག་འཛི་ཆེས་དཀར་ཞེས་པ་ལྟ་བུའི་མིང་འདོགས་སྲོལ་ཡོད་པར་མ་ཟད།ད་དུང་དབུས་ལི་གསེར་རྣ་དང་།རྐྱང་རྒོད་གཡེར་བ།གཡུ་བྱ།གོམ་རིས་སོགས་ལྟ་བུའི་གཅེས་མིང་འདོགས་སྲོལ་ཡོད་པ་སྟེ།རྟ་བདག་རང་གི་དགའ་ཕྱོགས་དང་གོམས་ཕྱོགས་ལྟར་མིང་གསར་བ་མི་ཉུང་བ་ཞིག་བྱུང་དང་འབྱུང་བཞིན་འདུག་པའོ།།
གཉིས་པ།ནག་ཆུང་ནོར་གྱི་མིང་འདོགས་ཚུལ།
ནོར་ནག་གི་མདོ་དབུས་མཐོ་སྒང་གི་ཁྱད་ནོར་ཞིག་ཡིན་ཞིང་འཛམ་གླིང་གི་ཡུལ་གཞན་གང་དུའང་མེད་པར་ངེས་ལ།དེ་ནི་རང་རེའི་ཡུལ་གྲུ་འདིའི་ཁོར་ཡུག་དང་ནམ་ཟླའི་ཆ་རྐྱེན་དང་མཐུན་པའི་སྒོ་ཕྱུགས་ཁྱད་པར་བ་ཞིག་ཡིན་པ་དང་།གདོད་མའི་སྤྱི་ཚོགས་ཀྱི་དུས་མཇུག་ནས་བཟུང་།རང་རེའི་མེས་པོ་རྣམས་ཀྱིས་ནོར་ནག་འདུལ་སྐྱོང་བྱས་ཏེ་བོད་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་འབྲོག་ལས་ཐོན་སྐྱེད་ཀྱི་རྣམ་པ་འདི་གསར་གཏོད་བྱས་པ་རེད།
 ཕྱུགས་ལས་གཙོ་གཉེར་གྱི་འབྲོག་པ་རྣམས་ལ་མཚོན་ན།མགོ་ནས་བརྟེན་ནས་སྤུ་ནག སྤུ་ནག་བརྟེན་ས་ས་ནག་ཅེས་པའི་ཁ་དཔེ་ལྟར།ནོར་ནག་ནི་འབྲོག་མིའི་དངོས་ཡོད་ཀྱི་འཚོ་བའི་ཁྲོད་དུ་མེད་དུ་མི་རུང་བའི་ཁྱད་ནོར་ཞིག་ཏུ་གྱུར་ཡོད།གང་ལགས་ཤེ་ན།ནོར་ནག་གི་ཤ་དང་ཀོ་བ།ཁུལ།རྩིད་པ།རུས་པ།ལྕི་བ།རྭ་ཅོ་སོགས་རིན་གོ་མི་ཆོད་པ་གཅིག་ཀྱང་མེད་ལ།འབྲོག་པ་ཚོའི་དཀར་ཟས་དང་དམར་ཟས་ཀྱི་འབྱུང་ཁུངས་གཙོ་བོའང་དེ་ཡིན་པ་སྟེ།མདོར་ན།ནོར་ནག་གི་རྭ་རྩེ་ནས་ལྕི་བའི་བར་དུ་བཀོལ་སྤྱོད་ཀྱི་རིན་ཐང་མེད་པ་གཅིག་ཀྱང་མེད་པར་མ་ཟད།གྱོན་ཆས་དང་སྐྱེལ་འདྲེན་སོགས་འཚོ་བའི་ཕྱོགས་དང་ཆ་ཀུན་ནས་འབྲལ་དུ་མེད་པའི་འཚོ་རྟེན་ཉག་གཅིག་པུར་གྱུར་ཡོད།འབྲོག་པ་ཚོས་ཁ་རྒྱུན་དུ་འབྲོག་ཕྲུག་འོ་མས་གསོས་པ་རེད་ཅེས་པ་ལྟར་འབྲོག་པའི་ནམ་རྒྱུན་གྱི་འཚོ་བ་ནོར་ནག་དང་འབྲལ་ཐབས་མེད་པས།ཁོ་ཚོས་ཀྱང་དེའི་དོན་རྟོགས་ནས་སྒོ་ཟོག་རྣམས་ཀྱི་དོན་དུ་དགེ་བསྔོ་དང་མ་ཎྀ་དུང་སྒྲུབ་བྱས་ཏེ།འབྲོག་པའི་ཁ་རྒྱབ་གསོ་བའི་དྲིན་ཅན་རྣམས་ལ་དྲིན་ལན་འཇལ་བཞིན་ཡོད།འདི་ལས་ང་ཚོས་འབྲོག་པ་ཚོས་ནོར་ནག་ལ་བཟུང་བའི་བརྩེ་བ་དང་རིན་ཐང་ལས་ཐོབ་པའི་ངེས་ཤེས་དེ་རྟོགས་ཐུབ་ལ།རྒྱུ་མཚན་དེ་ཙམ་གྱིས་ནོར་ནག་དང་འབྲོག་པའི་བར་གྱི་འབྲེལ་བ་དང་ནོར་ནག་གི་རིན་ཐང་རེ་ཞིག་རྫོགས་པར་བྱས་ཏེ།སྐབས་དོན་དངོས་ལ་འཇུག་པ་ནི།འབྲོག་མི་ཚོས་རང་གི་སྒོ་ཁའི་ནོར་ནག་ཐམས་ཅད་ཀྱི་སྤུ་མདོག་དང་ངང་རྒྱུད་སོགས་ལ་བརྟེན་ནས་རང་མིང་རེ་རེ་གདགས་སྲོལ་ཡོད་པ་སྟེ།སྤུ་མདོག་དང་།རྔ་མ།རྔོག་མ།རྐང་ལག རྭ་ཅོ་སོགས་ཀྱི་ཁྱད་ཆོས་ཀྱི་སྔོན་དུ་འབྲི་འམ་གཡག་ཅེས་པའི་མིང་སྦྱར་ནས་མིང་འདོགས་པ་ལ།དཔེར་ན།འབྲི་ཁམ་པ་དང་གཡག་རྒྱ་རྒྱ་ལྟ་བུ།ཡང་ན་འབྲིའམ་གཡག་ཅེས་པའི་ཐ་སྙད་མི་སྦྱོར་བར་རྒྱ་མགོ་འམ་རྒྱ་མགོ་མ་ཞེས་མ་ཡིག་ཡོད་མེད་ཀྱིས་འབྲི་གཡག་གི་ཁྱད་པར་འབྱེད་པའོ།།ཡང་མིང་དང་བདག་པོའི་མིང་སྔོན་ལ་སྦྱར་ནས་མིང་འདོགས་པ་ལ།དཔེར་ན།རྔ་འབྲི་མ་དང་ཚེ་བདག་གི་འབྲི་ལྟ་བུ།ཡང་མཚེ་མ་ཡིན་པ་ལ་མཚེ་ཆེན་དང་མཚེ་ཆུང་ལྟ་བུ།དམིགས་བསལ་བེའུ་མི་འཁོར་བའི་འབྲི་མོ་ལ་གཡང་རྐུབ་རིལ་ཟེར་བ་ལྟ་བུ་སོགས་མིང་འདོགས་ཚུལ་སྣ་ཚོགས་ཤིག་ཡོད་པས་གཤམ་དུ་རེ་རེ་བཞིན་བརྗོད་པར་བྱ་བ་ལ།
 ༡.ནོར་གྱི་སྤུ་མདོག་གི་ཁྱད་ཆོས་ལ་བརྟེན་ནས་མིང་འདོགས་ཚུལ།
འབྲོག་པ་རྣམས་ཀྱིས་རང་གི་སྒོ་ཟོག་ནོར་གྱི་སྤུའི་ཁ་མདོག་གི་ཁྱད་ཆོས་དང་རང་ཉིད་ཀྱི་བློ་རིག་གི་རྩལ་ལ་བརྟེན་ནས་ནོར་ལ་མིང་མི་འདྲ་བ་དུ་མ་ཞིག་བཏགས་ཡོད་པ་ནི།དཔེར་ན།སྤུ་རྟིང་ནག་པོ་དང་སྤུ་མགོ་སེར་པོའི་ཆ་ཅུང་ཙམ་འདྲེས་པའི་གཡག་གམ་འབྲི་མོ་ལ།རྒྱ་རྒྱ།རྒྱ་མགོ རྒྱ་ཆེན་མ།རྒྱ་ཆུང་མ་ཟེར་བ་དང་།ཡང་ནོར་རྒྱ་རྒྱ་ཁའི་སྤུ་མདོག་སྐྱ་སྐྱ་ཅན་ལ་རྒྱ་རྒྱ་ཁ་སྐྱ།སྤུ་མདོག་རྒྱ་རྒྱའི་ནང་ལ་སྔོ་ཤ་ཅུང་ཙམ་འདྲེས་པ་ལ་རྒྱ་སེ།སྤུ་མདོག་རྒྱ་རྒྱའི་ནང་ལ་དཀར་པོའི་ཆ་ཏོག་ཙམ་འདྲེས་པ་ལ་རྒྱ་ཁྲ།སྤུ་མདོག་རྒྱ་རྒྱ་གདོང་ན་དཀར་ཤ་ཅན་ལ་རྒྱ་གྭ སྤུ་མདོག་རྒྱ་རྒྱ་གདོང་ན་དཀར་ཐིག་ཅན་ལ་རྒྱ་འཛི།སྤུ་མདོག་རྒྱ་རྒྱ་དམར་ཤས་ཆེ་བ་ཅན་ལ་རྒྱ་དམར།སྤུ་མདོག་མཐུག་ཅིང་རིང་བ་ཅན་ལ་རྒྱ་རྫིག་མའམ་ཡང་ན་རྒྱ་རྫིག་ཟེར།
ནོར་གྱི་གཟུགས་གཞི་ཧྲིལ་པོའི་སྤུ་མདོག་ནག་པོ་ཅན་ལ་གཡག་རོག་རོག་གམ་འབྲི་རོག་རོགརོག་མགོ
  • ལེ་ཚན་སྔོན་མ།:རྩིག་ངོས་སུ་ས་ཚོན་སྒྲོན་པའི་སྲོལ།
  • ལེ་ཚན་རྗེས་མ།:བོད་ཀྱི་དམར་བསང་གི་འབྱུང་ཁུངས་སྐོར་གླེང་བ།