འབྲོག་མིའི་རྟ་ནོར་ལུག་གསུམ་གྱི་མིང་འདོགས་ཚུལ་སྐོར་རོབ་ཙམ་གླེང་བ།

སྒྲ་དབྱས་ལྷ་མོ།        2012-11-07

འབྲོག་མིའི་རྟ་ནོར་ལུག་གསུམ་གྱི་མིང་འདོགས་ཚུལ་སྐོར་རོབ་ཙམ་གླེང་བ།

བོད་པའི་གཏམ་དཔེ་ལ་རྟེན་འབྲེལ་གྱི་མགོ་མ་གླུ་ཡིས་ཕྱེ་ཟེར་བ་ལྟར་སྙན་པའི་གླུ་དབྱངས་སུ་གྱེར་བ་ནི་ཡུན་རིང་གི་འཚོ་བའི་ཁྲོད་རྒྱུན་གོམས་སུ་ཆགས་ཡོད་པ་དང་།ལྷག་པར་འབྲོག་པ་ཚོས་སྙན་མོ་དབྱངས་ཀྱི་འགྱུར་ཁུག་ལ་བརྟེན་ནས་གཅེས་པའི་རྟ་ནོར་ལུག་གསུམ་ལ་བསྟོད་གླུ་ཕུལ་བ་དེ་ཡང་།ཐོག་མར་ཁོ་ཚོས་ནོར་ལུག་འཚོ་སྐབས་རི་སྒང་དུ་དམངས་གླུའི་ལམ་ནས་རྟ་ནོར་ལུག་གསུམ་ལ་བསྟོད་དབྱངས་འབུལ་བའི་ཚུལ་དེ་རིན་བཞིན་རྟགས་སྟོན་མོ་འཚོགས་སྐབས་བཀྲ་ཤིས་ཀུན་འགྲིག་གི་སྒོ་འབྱེད་ལྟ་བུར་གྱུར་ཡོད།སྤྱིར་འབྲོག་པའི་རྒྱུ་ནོར་ལོངས་སྤྱོད་དང་ཁ་རྗེ་དབང་ཐང་གི་དར་རྒུད་ཚང་མ་རྟ་ནོར་ལུག་གསུམ་གྱི་འཕེལ་སྟོབས་ལ་བརྟག་གིན་འདུག་པ་དང་།དེ་ལ་བརྟེན་ནས་རྟ་ནོར་ལུག་གསུམ་གྱི་རྒྱུ་བསོད་འཁོར་བའི་རྟེན་འབྲེལ་གྱི་གླུ་དབྱངས་སྣ་ཚོགས་དམངས་ཁྲོད་དུ་དར་ཁྱབ་ཕྱིན་ཡོད་པ།དཔེར་ན།ལུག་དཀར་ཆུང་ནམ་མཁའི་སྐར་མ་རེད།འདིའི་ལུག་རྫི་བཅོ་ལྔའི་དུང་ཟླ་རེད།ནག་ནོར་ཆུང་རྩྭ་མགོའི་ཟིལ་བ་རེད།འདིའི་ནོར་རྫི་འཛམ་གླིང་ཉི་མ་རེད།རྟ་འདོ་བ་མཚོ་ཁའི་མེ་ཏོག་རེད།འདིའི་རྟ་རྫི་མཚོ་ནང་ནོར་བུ་རེད།ཅེས་པ་དང་།ང་ནག་ཆུང་ནོར་ལ་དགའ་ནི་བོ།།ངའི་ལྷས་ལ་ནོར་བརྒྱ་འཁོར་བར་ཤོག།ང་ཅང་ཤེས་རྟ་ལ་དགའ་ནི་བོ།།ངའི་ལྷས་ལ་རྟ་བརྒྱ་འཁོར་བར་ཤོག །ང་དཀར་ཆུང་ལུག་ལ་དགའ་ནི་བོ།།ངའི་ལྷས་ལ་ལུག་བརྒྱ་འཁོར་བར་ཤོག །ཅེས་པ་ལྟ་བུ།ཡང་ངའི་ཡ་ཆུང་ཆུ་སེར་པོ་རེད།ངས་ཆང་ཆུ་སེར་པོའི་གླུ་ཞིག་ལེན།།ངའི་གོ་ཁ་འབྲི་བརྒྱའི་འོ་མ་རེད།།ངས་འབྲི་མར་སེར་པོའི་གླུ་ཞིག་ལེན།།ངའི་སྒོ་ཁ་རྟ་བརྒྱའི་ཕུར་བ་རེད།།ངས་རྟེའུ་ཆུང་ཁམ་པའི་གླུ་ཞིག་ལེན།།ཞེས་པ་ལྟར་འབྲོག་པ་རྣམས་ཀྱི་རྟ་ནོར་ལུག་གསུམ་གྱི་འཕེལ་ཁ་རྒྱས་ཕྱིར་ཁ་གཡང་སྒྲོག་པ་དང་།དེ་དག་ལ་བསྟོད་བསྔགས་ཀྱི་མེ་ཏོག་ནི་མི་རབས་ནས་མི་རབས་བར་མཐོ་སྒང་གི་ཡུལ་གྲུ་ཀུན་ཏུ་མཆོད་བཞིན་གདའ།། གོང་གི་དཔེ་ལྟར་འབྲོག་པ་ཚོས་འཚོ་བའི་ཁྲོད་དུ་རྟ་ནོར་ལུག་གསུམ་ལ་གླུ་དབྱངས་ཀྱིས་མཆོད་ཁ་འཕེན་པར་མ་ཟད།རྟ་ནོར་ལུག་གསུམ་ལ་ངོས་འཛིན་རྙེད་སླ་བ་དང་ཕ་རོལ་གཞན་ལ་རྩད་གཅོད་བདེ་བའི་ཕྱིར།དཔེར་ན།ལང་ཀར་གཤེགས་པའི་མདོ་ལས་མིང་དུ་གདགས་པར་མ་མཛད་ན།འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར།།དེ་ཕྱིར་རྨོངས་པ་སེལ་བའི་ཕྱིར།མགོན་པོའི་མིང་ནི་གདགས་པར་མཛད།།ཅེས་གསུངས་པ་ལྟར་མིང་གང་ཞིག་ཐོག་མར་འདོགས་སྐབས་རྒྱུ་མཚན་བཤད་རྒྱུ་མེད་པའི་འདོད་རྒྱལ་གྱི་མིང་དག་གི་གོ་བ་སྔར་སོང་གི་རྨང་གཞིའི་སྟེང་།འདྲ་འབྲེལ་སོགས་རྒྱུ་མཚན་དང་བཅས་ཏེ་ཡོན་ཏན་དུ་མ་ལ་དམིགས་ནས་རྟ་ནོར་ལུག་གསུམ་ལ་མིང་སྣ་ཚོགས་ཤིག་བཏགས་ཡོད་པ་གཤམ་དུ་རེ་རེ་བཞིན་བརྗོད་པར་བྱ་བ་ལ།
 དང་པོ།འདོ་བ་རྟ་ཡི་མིང་འདོགས་ཚུལ།
འབྲོག་མི་རྣམས་ཀྱིས་རང་གི་བཞོན་རྟ་ལ་རང་ཉིད་ཀྱི་དགའ་ཕྱོགས་དང་རྟའི་སྤུ་མདོག གཤིས་རྒྱུད།འགྲོས་རྒྱུག་གི་ཁྱད་ཆོས་དང་འབྲེལ་བའི་མིང་སྙན་པོ་རེའང་འདོགས་སྲོལ་ཡོད་པ་སྟེ།དཔེར་ན།རྐྱང་རྒོད་གཡེར་བ།ཆུ་སྤྲིན་དཀར་པོ།བྱ་རྟ་སེར་པོ།ངང་པའི་གསེར་ལྡེམ།ཐེའུ་རང་ཁམ་པ།གཡུ་འབྲུག་སྔོན་མོ།ཕོ་རོག་ནག་ཆུང་།འཕུར་ཤེས་རྐྱང་པོ་ཞེས་པ་ལྟ་བུ《མང་ཚོགས་སྒྱུ་རྩལ》སོགས་ཧ་ཅང་མང་པོ་ཡོད་པར་བརྟེན།དེ་དག་ལ་ཡང་རིགས་ཁ་ཤས་དགར་ཏེ་བརྗོད་ན།
༡.འདོ་བ་རྟའི་གཟུགས་གཞི་སྤྱིའི་སྤུ་མདོག་ལ་བརྟེན་ནས་མིང་འདོགས་ཚུལ།
སྤྱིར་བོད་མིར་མཚོན་ན་རྟ་ཡིས་དམག་འཁྲུག་སོགས་ཟིང་ཟང་གི་ལོ་ཟླའི་ཁྲོད་གསུབ་ཐབས་མེད་པའི་བྱས་རྗེས་བཞག་ཡོད་ལ།ལྷག་དོན་འབྲོག་པར་མཚོན་ན་རྟ་ནི་འགྲིམ་འགྲུལ་གྱི་ཁྲོད་མེད་དུ་མི་རུང་བའི་ལག་ཆ་གལ་ཆེན་ཞིག་ཡིན་པས་ན།འབྲོག་པས་རང་གི་ཞོན་རྟ་ལ་གང་ཐུབ་ཐུབ་ཀྱིས་མཛེས་རྒྱན་སྤྲས་ཤིང་རྟའི་ཁྱད་ཆོས་གང་རུང་ལ་བརྟེན་ནས་མིང་ཡང་མི་འདྲ་བ་སྣ་ཚོགས་ཤིག་འདོགས་པའི་སྲོལ་ཡོད།དེའང་རྟའི་མགོ་ནས་མཇུག་བར་ཏེ།གཟུགས་གཞི་ཡོངས་རྫོགས་ཀྱི་སྤུའི་ཁ་མདོག་སྣ་གཅིག་ཅན་གྱི་ཁྱད་ཆོས་གཞིར་བཟུང་སྟེ་མིང་འདོགས་པ་ནི།དཔེར་ན།རྟའི་སྤུ་མདོག་དམར་སེར་ཅན་ལ་རྟ་ཁམ་རའམ་ཁམ་ཁམ་དང་།སྤུ་མདོག་སྐྱ་སྐྱ་ཅན་ཐག་རའམ་ཟག་ཟག སྤུ་མདོག་དམར་དམར་ཅན་ལ་རྐྱང་རའམ་རྐྱང་རྐྱང་།སྤུ་མདོག་སྔོ་དཀར་ཅན་ལ་གྱོ་རའམ་གྱོ་གྱོ།སྤུ་མདོག་སྔོ་སྔོ་ཅན་ལ་སྔོ་རའམ་སྔོ་སྔོ།སྤུ་མདོག་དམར་སྨུག་ཅན་ལ་བཀྲ་རའམ་བཀྲ་བཀྲ།སྤུ་མདོག་སེར་དམར་ཅན་ལ་ངང་རའམ་ངང་ངང་།སྤུ་མདོག་སྨུག་ནག་ཅན་ལ་དབུས་ར།སྤུ་མདོག་དཀར་དཀར་ཅན་ལ་ར་ར།སྤུ་མདོག་དཀར་ཞིང་ནག་ཐིག་ཅུང་ཙམ་འདྲེས་མ་ཅན་ལ་རག་རག་ཅེས་པ་ལྟ་བུའི་མིང་བཏགས་ནས་ངོས་འཛིན་བྱེད་པ་ལས།འཚོ་བའི་ཁྲོད་རྒྱུན་བཀོལ་གྱི་ཁ་དོག་གི་མིང་ཐད་ཀར་དུ་སྦྱར་ནས་རྟ་དམར་དམར་དང་རྟ་སེར་པོ་ལ་སོགས་པའི་མིང་འདོགས་སྲོལ་མེད་ལ།གལ་ཏེ་དེ་ལྟར་མིང་གདགས་ཚེ་བཞག་གད་ཀྱི་གནས་སུ་འགྱུར་བ་ལས་སུས་ཀྱང་ཁས་ལན་མི་བྱེད་དོ།། ཡང་འདོ་བ་རྟའི་གཟུགས་གཞིའི་སྤུ་མདོག་སྣ་མང་ངམ་ཁ་མདོག་དུ་མའི་ཁྱད་ཆོས་ལྷན་འཛོམས་ཅན་ལ།དཔེར་ན།རྟ་རྐྱང་དམར།རྟ་གྱོ་སྐྱ།རྟ་སྔོ་ནག རྟ་གྱོ་དམར།རྟ་གྱོ་ནག རྟ་བཀྲ་སེར།རྟ་བཀྲ་སྐྱ།རྟ་བཀྲ་ནག རྟ་ར་དམར།རྟ་ར་ནག
  • ལེ་ཚན་སྔོན་མ།:རྩིག་ངོས་སུ་ས་ཚོན་སྒྲོན་པའི་སྲོལ།
  • ལེ་ཚན་རྗེས་མ།:བོད་ཀྱི་དམར་བསང་གི་འབྱུང་ཁུངས་སྐོར་གླེང་བ།