མི་ཉག་ཡུལ་གྱི་གཉེན་སྟོན་སྐབས་འཁྲབ་པའི་འགྲོ་བྲོ།

ཕུར་བ་བཀྲ་ཤིས།        2010-08-25

གནའ་སྲོལ་གྱི་གོམས་གཤིས་ལྟར་མི་ཉག་གི་བུ་དང་བུ་མོ་སོགས་བག་མ་དང་མག་པ་སོགས་བཏང་བའི་སྐབས་སུ། དུད་ཚང་གི་ཀ་བའི་མདུན་དུ་ཅོག་ཙེ་གྲུ་བཞི་ཅན་གྱི་སྟེང་། ཆང་རག་དང་བུ་རམ་སོགས་བཤམས་ལ། གཟུགས་མཛེས་ལ་སྐད་སྙན་པའི་ཕོ་མོ་ཆ་གཉིས་རེས་ལུས་ལ་དར་གོས་ཀྱིས་བརྒྱན་ཏེ་ཞབས་བྲོ་འཁྲབ་སྲོལ་ཡོད་པ་རེད།
     འགྲོ་བྲོ་འཁྲབ་པའི་སྐབས་སུ་བྲོ་ཚིག་ནང་ཤིས་བརྗོད་ཀྱི་ཚིག་ཤ་སྟག་ཡིན་དགོས་པས་མ་ཚད། བྲོ་ཚིག་ལ་ལན་ལོག་པའི་སྐབས་སུའང་ཚིག་ཕུག་དེད་མཁས་པོ་བྱེད་དགོས། དཔེར་ན ། ས་ཨ་འགྲུབ་གནས་ཀྱི་ཕ་ནང་ལ། །རྟ་འདོ་བ་བརྒྱ་ཡི་གདང་རེ་རྒྱག  རྟ་འདོ་བརྒྱ་ལ་རྟེའུ་ཆུང་གཅིག། འདི་རྟེའུ་ཆུང་མི་སྡོད་འགྲོ་མི་རེད། །ཁྱོད་འགྲོ་མི་འགྲོ་ཐལ་མ་བསམ་རོགས། །རྒྱབ་བལ་དཀར་ཁྱོད་ལ་རྫོང་བ་བྱིན། །བྲོ་ཚིག་འདི་ལྟ་བུ་ནི་འགྲོ་བྲོའི་མགོ་བརྗོད་ཡིན་པ་རེད་ཅེས་རྒན་རབས་ཚོའི་ངག་རྒྱུན་ལས་ཐོས་རྒྱུ་འདུག 
     འགྲོ་བྲོའི་ལེ་ཚན་གཉིས་པའི་སྐབས་སུ་ཕྱིར་འགྲོ་བའི་ཕོ་མོ་གང་རུང་ཡིན་ཡང་རང་གིས་ཁྱིམ་གཞིས་འཛུགས་རྗེས་དྲིན་ཕ་མས་སྐྱོང་བའི་དྲིན་ལན་དང་། རང་གི་ལྟེ་ཁྲག་ཐོག་མར་ཕབ་སའི་ཕ་ཡུལ་མ་བརྗེད་ཅེས་པའི་མཚོན་ཚུལ་ཤ་སྟག་ཡིན་དགོས་པ་ཞིག་རེད།   དཔེར་ན། དེ་རིང་འགྲོ་འགྲོ་ཤ་ཕྲུག་ང་རང་རེད།  ། སང་ཉིན་འགྲོ་འགྲོ་ལ་ཆེན་བརྒལ་ནས་འགྲོ། ཉིན་རེ་སྐོར་རེ་རི་ལ་མ་འཁོར་ན། ། རི་རྒྱལ་ལྷུན་པོའི་དྲིན་ལན་མི་གསོ་འདུག ། དེ་རིང་འགྲོ་འགྲོ་ཐང་དཀར་ང་རང་རེད། །  སང་ཉིན་འགྲོ་འགྲོ་ཆུ་ཆེན་བརྒལ་ནས་འགྲོ། །ཉིན་རེ་སྐོར་རེ་བྲག་ལ་མ་འཁོར་ན། །བྲག་དང་ཤུག་པར་དྲིན་ལན་མི་གསོ་འདུག     དེ་རིང་འགྲོ་འགྲོ་ཨ་ཟི་ང་རང་རེད། །  སང་ཉིན་འགྲོ་འགྲོ་གྲོང་ཆེན་བརྒལ་ནས་འགྲོ། ཉིན་རེ་སྐོར་རེ་གྲོང་ལ་མ་འཁོར་ན། །དྲིན་ཅན་ཕ་མ་དྲིན་ལན་མི་གསོ་འདུག་ཅེས་པ་སོགས་ཤིས་པའི་རྟེན་འབྲེལ་མཚོན་པའི་བྲོ་ཚིག་མང་པོ་ཡོད་མོད། འདི་ས་གནས་དེའི་ཁྱད་ཆོས་མཚོན་བྱེད་ཙམ་དུ་སྦྱར་བ་ཡིན་ནོ། །
 
  • ལེ་ཚན་སྔོན་མ།:ལ་གླུ་ཅོ་ཀའི་དྲུག་འགྱུར།
  • ལེ་ཚན་རྗེས་མ།:སྤྲོ་གླུ།