བོད་ཀྱི་གདངས་རྩོམ་པ་པོ་ཆོས་རྒྱ་མཚོ།(2)

        2011-01-07


༢༠༡༠ལོའི་ལོ་སར་དགོང་ཚོགས་ཐོག་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་ཐེངས་དང་པོར་གདངས་བརྩམ་མཁན་དང་ཚིག་བརྩམ་མཁན་གྱི་མིང་བཀོད་ཡོད་པ་ཞིག་རེད།གླུ་དབྱངས་དེ་ད་སྔོན་ལོ་མང་རིང་རྒྱ་བོད་ས་གནས་ཀུན་ཏུ་དར་ཁྱབ་ཆེན་པོ་བྱུང་ཡོད།འོན་ཀྱང་གླུ་དབྱངས་ཀྱི་ཚིག་དང་གདངས་བརྩམ་མཁན་དེ་དཀར་མཛེས་ཁུལ་གྱི་མི་ཡིན་པ་ཤེས་མཁན་ཧ་ཅང་དཀོན་རྒྱུ་རེད།དཀར་མཛེས་ཁུལ་གྱི་རིག་གནས་བ་ཚོས་ཀྱང་གླུ་དབྱངས་འདི་དེ་འདྲའི་དར་ཁྱབ་བྱུང་བའི་རིན་ཐང་ཤེས་མེད་པ་རེད།རང་ཉིད་ཀྱིས་གླུ་དབྱངས་འདི་སྐད་གྲགས་ཆེན་པོ་ཞིག་འགྱུར་རྒྱུའི་བསམ་པ་ཡེ་ནས་འཁོར་མ་མྱོངས།དེ་རྗེས་འདི་འདྲ་དར་ཁྱབ་ཆེན་པོ་བྱུང་བ་དང་།ཉན་མཁན་ཚོའི་དགའ་བསུ་འདི་འདྲ་ཐོབ་པ་ཡང་བསམ་ཡུལ་ལས་འདས་པ་ཞིག་ཡིན་པས་ངས་མུ་མཐུད་ནས་དེ་བས་མང་བའི་གླུ་དང་དེ་བས་སྙན་པའི་གདངས་བརྩམས་ནས་ཉན་པ་པོ་རྣམས་ལ་འབུལ་འདོད་ཡོད་ཟེར།
ཆོས་རྒྱ་མཚོ་ནི་སྡེ་དགེའི་ལྕང་ར་ཤང་གི་མི་ཡིན་ཞིང་།ཆུང་དུས་ནས་སྡེ་དགེའི་དམངས་ཁྲོད་ཀྱི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་པ་དང་།རྗེས་སུ་སི་ཁྲོན་རོལ་དབྱངས་སློབ་གྲྭའི་གདངས་བརྩམ་མཁན་ཚན་ཁག་ཏུ་སློབ་སྦྱོང་བྱས།སློབ་མཐར་ཕྱིན་རྗེས་ཕྱིར་དཀར་མཛེས་ཁུལ་གླུ་གར་ཚོགས་པར་ལོ་མང་རིང་གླུ་དབྱངས་ཀྱི་གདངས་བརྩམས་པ་དང་།རྗེས་སུ་ཁུལ་རིག་གནས་ཅུས་ཀྱི་རིག་རྩལ་གསར་རྩོམ་ཁང་དུ་ལས་དོན་ཁང་གི་ཀུའུ་རེན་གྱི་འགན་བཞེས།ཁོང་གིས་ལོ་མང་རིང་རང་ཁུལ་གྱི་དམངས་ཁྲོད་གླུ་དབྱངས་དང་།དེང་རབས་གསར་རྩོམ་གླུ་དབྱངས་གཉིས་ཟུང་འབྲེལ་བྱས་ནས་དམངས་ཁྲོད་གླུ་དབྱངས་ཀྱི་བླ་སྲོག་ལྡན་ལ་དེང་རབས་གསར་གཏོད་གླུ་དབྱངས་ཀྱི་ཆས་བརྒྱན་སྤྲོས་པའི་ཐུན་མིན་གྱི་གླུ་དབྱངས་ཀྱི་གདངས་བརྩམ་རྒྱུའི་ལམ་བུ་ཞིག་འཚོལ་བསྙེགས་བྱས་པས་མཐར་ཉན་མཁན་ཚོའི་ཁས་ལེན་བྱུང་ཡོད།ཁུལ་གླུ་གར་ཚོགས་པའི་འཁྲབ་སྟོན་ཆེ་ཆུང་ཚང་མར་ཁོང་གི་གླུ་དབྱངས་ནི་ཁ་བྲལ་ཐབས་མེད་ཅིང་།རྫོང་མང་དག་གི་གླུ་དབྱངས་ཀྱང་བརྩམས་མྱངས།དཀར་མཛེས་ཁུལ་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་མཛད་སྒོ་དང་།གསེར་ཐར་རྫོང་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་མཛད་སྒོ།ཁམས་པའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པའི་མཛད་སྒོའི་འཁྲབ་སྟོན་སོགས་ཀྱི་གླུ་དབྱངས་ཀྱི་གདངས་ཚང་མ་ཁོང་གིས་བརྩམས་པ་རེད།ད་དུང་གསེར་ཐར་རྣམ་ཐར་ཚོགས་པས་འཁྲབ་སྟོན་བྱས་པའི་《རྟ་རྒྱུགས་རྒྱལ་འཇོག》གི་བརྙན་འཕྲིན་ཟློས་གར་ཆེན་མོ་དང་།《དྲི་མེད་ཀུན་ལྡན》གྱི་གླུ་དབྱངས་གདངས་ཚང་མ་ཁོང་གིས་བརྩམས་གནང་མཛད།
《སྒྲོལ་མ》ཞེས་པའི་གླུ་དབྱངས་ནི་ཁོང་གིས་བརྩམས་པའི་གླུ་དབྱངས་ཀྱི་མཚོན་བྱེད་ཙམ་ཡིན་ཞིང་།དེ་ལས་གཞན་པའི་གླུ་དབྱངས་སྙན་མོ་ཡང་ཧ་ཅང་མང་པོ་བརྩམས་མྱངས།དཔེར་ན།《ཕ་ཡུལ་གྱི་བསང་དུད།》《སེམས་ནང་གི་ཤམ་བྷ་ལ།》《བརྩེ་དུང་།》《མཐོ་སྒང་གི་བདག་པོ།》《གངས་ལྗོངས་བརྩེ་གླུ།》《རྫ་ཆུ་ཁའི་བརྩེ་སེམས།》《སྙིང་དབུས་ཀྱི་བྱུ་རུ་དམར་པོ།》《ས་མཐའི་སྲིང་ཆུང་མ།》སོགས་ཧ་ཅང་མང་ཞིང་།ཁོང་གི་གླུ་དབྱངས་ཀྱི་བརྩམས་ཆོས་མང་དག་ལ་རྒྱལ་ཁབ་ཀྱི་བསམ་པའི་དཔལ་ཡོན་མཚོན་པའི་ལྔ་གཅིག་ལས་གྲྭ་བྱ་དགའ་དང་།རྒྱལ་ཡོངས་གྲངས་ཉུང་མི་རིགས་དུས་ཆེན་དང་།སི་ཁྲོན་གྲངས་ཉུང་མི་རིགས་དུས་ཆེན།ཁམས་པའི་སྒྱུ་རྩལ་དུས་ཆེན་སོགས་ཀྱི་ནང་བྱ་དགའ་ཨང་དང་པོ་དང་གཉིས་པ་སོགས་༤༠ལྷག་ཐོབ་མྱངས།ཁོང་གི་ལོ་རྒྱུས་ཀྱང《འཛམ་གླིང་གི་སྒྱུ་རྩལ་པའི་མིང་མཛོད་དང་།》《ཀྲུང་ཧྭ་མི་སྣ།》《ཀྲུང་གོའི་དེང་རབས་སྒྱུ་རྩལ་པ་གྲགས་ཅན་གྱི་མིང་མཛོད།》སོགས་སུ་བཀོད་ཡོད།
བོད་ཀྱི་རིག་གནས་ཁྱབ་བསྒྲགས་བྱ་བར་ཐབས་ཤེས་མང་པོ་ཡོད་ཅིང་།གླུ་དབྱངས་ཀྱང་མི་རིགས་ཤིག་གི་གནས་བབ་ཁྱབ་སྤེལ་གཏོང་བའི་ལག་ཆ་མྱུར་ཤོས་ཤིག་ཡིན།དཔེར་ན།དར་མདོའི་མཛའ་གཞས་ཞེས་པའི་གླུ་དབྱངས་འདིས་དར་མདོའི་སྙན་གྲགས་འཛམ་གླིང་གི་ཡུལ་གྲུ་མཐའ་དག་ལ་ཁྱེར་ཞིང་།དེའི་ནུས་པ་དང་།དེའི་རིན་ཐང་དེ་དཔལ་འབྱོར་གྱིས་ཚད་གཞལ་དཀའ་བར་གྱུར།སྒྲོལ་མ་ཞེས་པའི་གླུ་དབྱངས་ཀྱིས་ཀྱང་བོད་ཀྱི་བུད་མེད་ཀྱི་གཤིས་རྒྱུད་དང་སྒེག་ཉམས་རྒྱལ་ཡོངས་སུ་ཁྱབ་སྤེལ་བཏང་ཡོད་ཅིང་།དེའི་ཁྱབ་ཚད་ནི་དཔལ་འབྱོར་ཁོ་ན་ཙམ་གྱི་ཚད་ག་ལ་གཞལ་ནུས།མ་འོངས་པར་སྒྲོལ་མ་དང་དར་མདོའི་མཛའ་གཞས་ལྟ་བུའི་གླུ་དབྱངས་མང་དག་ཐོན་ཐུབ་པ་ན་ང་ཚོའི་དཀར་མཛེས་ཁུལ་གྱི་སྙན་གྲགས་དང་བོད་མི་རིགས་ཀྱི་སྙན་གྲགས་ཀྱང་རྒྱལ་ནང་ཙམ་དུ་མ་ཟད་འཛམ་གླིང་ཡོངས་སུ་ཁྱབ་ངེས་རེད།སླད་མའི་ཆ་ལ་ཆོས་རྒྱ་མཚོ་ལགས་ཀྱིས་དེ་བས་མང་བ་དང་།དེ་བས་སྙན་པའི་སྒྲོལ་མ་ལྟ་བུའི་གླུ་དབྱངས་མང་དག་བརྩམ་རྒྱུར་ང་ཚོས་རེ་སྒུག་དང་སྨོན་འདུན་ཞུ་བ་ལགས།
  • ལེ་ཚན་སྔོན་མ།: བོད་ཀྱི་གདངས་རྩོམ་པ་པོ་ཚེ་རྡོར།
  • ལེ་ཚན་རྗེས་མ།:ཁམས་སྐད་ཀྱི་སྒྲ་སྦྱོར་མཁན་པོ་དོན་གྲུབ་ཚེ་རིང་།
  • དོ་སྣང་ཆེ་བའི་རྩོམ།