ཁམས་སྐད་ཀྱི་སྒྲ་སྦྱོར་མཁན་པོ་དོན་གྲུབ་ཚེ་རིང་།

དཀོན་མཆོག་རྡོ་རྗེ།        2011-05-05

                                                                                                       ཁམས་སྐད་ཀྱི་སྒྲ་སྦྱོར་མཁན་པོ་དོན་གྲུབ་ཚེ་རིང་།

ཕན་ཚུན་བརྡ་འཕྲོད་པ་སྐད་ཀྱི་ཁྱད་ཆོས་ཡིན་ཞིང་།གལ་ཏེ་མི་རིགས་གཅིག་གི་སྤུན་ཟླའི་བར་ཕན་སྐད་བརྡ་མ་འཕྲོད་ཚེ་སྐད་ཀྱི་ནུས་པ་ཉམས་པའི་རྟགས་སུ་མངོན།ཁམས་སྐད་ནི་བོད་ཁུལ་ཡོངས་སུ་གོ་བདེ་ཤོས་སུ་བརྩི་ཞིང་།ལྷག་པར་དུ་སྡེ་དགེའི་སྐད་ནི་བོད་སྐད་ཀྱི་གཅིག་གྱུར་སྐད་དང་།ཁམས་སྐད་ཀྱི་ཨ་མ་རུ་བརྩི་བཞིན་ཡོད།སྔོན་ཆད་རྒྱང་བསྒྲགས་པ་དང་།འགྲེལ་བཤད་པ།མདོ་འཛིན་པ།སྒྲ་སྦྱོར་བ།སྐད་བསྒྱུར་བ་སོགས་ནི་སྡེ་དགེའི་མི་ཡིན་པ་དང་།དེང་སྐབས་ཀྱང་སི་ཁྲོན་རྒྱང་བསྒྲགས་ཁང་དང་།ཁམས་པའི་བརྙན་འཕྲིན།དཀར་མཛེས་ཁུལ་གློག་བརྙན་བསྒྱུར་སྐྲུན་ཁང་སོགས་ཀྱི་མདོ་འཛིན་པ་དང་།སྒྲ་སྦྱོར་བ་ཚང་མས་གཙོ་བོར་སྡེ་དགེའི་ཕ་སྐད་གཞིར་འཛིན་བཞིན་ཡོད།དོན་གྲུབ་ཚེ་རིང་ནི་ཁམས་སྐད་གཙང་དག་རྒྱག་མཁན་གྱི་མཁན་པོར་བརྩི་ཞིང་།གསར་སྐྱེས་སྒྲ་སྦྱོར་བ་དང་མདོ་འཛིན་པ་ཚོས་ཁོང་གི་སྐད་ལ་སློབ་སྦྱོང་བྱེད་བཞིན་ཡོད།སྔ་ཕྱི་ཐེངས་གཉིས་ལ་མཚོ་སྔོན་བརྙན་འཕྲིན་ཁང་གི་བོད་ཀྱི་ལོ་སར་དགོངས་ཚོགས་ཀྱི་ཁམས་སྐད་མདོ་འཛིན་པར་གདན་འདྲེན་ཞུས་པས་ཁོང་གི་སྐད་ནི་དག་གཙང་སྒྲོས་གསུམ་གྱི་ཁྱད་ཆོད་ལྡན་ཞིང་མདོ་དབུས་ཁམས་གསུམ་གྱི་ཉན་མཁན་ཚོས་གོ་སླ་བའི་ངོས་འཛིན་གཅིག་གྱུར་བྱུང་ཡོད།
     དོན་འགྲུབ་ཚེ་རིང་1979ལོར་དཀར་མཛེས་ཁུལ་གློག་བརྙན་བསྒྱུར་སྐྲུན་ཁང་གིས་ཁག་དང་པོའི་སྒྲ་སྦྱོར་བ་བསྡུ་རུབ་བྱས་པ་ནས་ད་བར་གྱི་མི་ལོ་30ལྷག་ཙམ་རིང་ཁོ་རང་ཁམས་སྐད་དག་གཙང་རྒྱག་རྒྱུའི་ལས་དོན་དང་ཁ་བྲལ་མ་མྱོང་།1979ལོའི་ཉིན་དཔྱིད་དཔལ་བཞད་པའི་ཉིན་ཞིག་དཀར་མཛེས་ཁུལ་གློག་བརྙན་བསྒྱུར་སྐྲུན་ཁང་གི་ཆེད་མཁས་པ་ཆེད་དུ་སྡེ་དགེ་ཡོང་ནས་གློག་བརྙན་སྒྲ་སྦྱོར་བ་བསྡུ་རུབ་བྱས།སྐབས་དེར་དོན་གྲུབ་ཚེ་རིང་སྡེ་དགེའི་སློབ་འབྲིང་ནས་སློབ་མཐར་ཕྱིན་ཙམ་ཡིན་ཞིང་།ཁོའི་གཙང་སྒྲོས་དག་པའི་སྐད་གདངས་དང་།བོད་ཡིག་གི་རྨང་གཞི་ལེགས་རྐྱེན་དཀར་མཛེས་ཁུལ་གྱི་སྒྲ་སྦྱོར་བ་ཁག་དང་པོའི་གྲས་སུ་ཚུད་ཐུབ་པ་བྱུང་།ཁོ་རང་ཆུང་དུས་ནས་ལས་ཀ་ལ་དོ་དན་དང་བརྩོན་འགྲུས་ལྷག་ཏུ་ཆེ་བས་མི་རིང་བར་སྒྲ་སྦྱོར་གྱི་ལས་ལ་གོམ་པར་གྱུར།1982ལོར་རང་རྒྱལ་གྱི་སྒྲ་སྦྱོར་བ་གྲགས་ཅན་པི་ཁེ་དང་།ལི་ཙི་སོགས་ཀྱི་མདུན་ནས་སྒྲ་སྦྱོར་གྱི་ཐབས་རྩལ་སྦྱོང་རྒྱུའི་གོ་སྐབས་ཐོབ་པས་དེ་ནས་བཟུང་ཁོའི་སྒྲ་སྦྱོར་གྱི་ཉམས་འགྱུར་ཇེ་ལེགས་དང་ཚད་ཇེ་མཐུན་དུ་གྱུར།སྐབས་དེར་གློག་བརྙན་《རྒྱལ་འཛུགས་སྟོན་ཆེན》དང་《ཟམ་ཆེན་འོག》《རི་ཚིག་ལྷ་དཔང་།》《རྒྱལ་རྩེ་གཡུལ་འགྱེད།》སོགས་ཀྱི་སྒྲ་སྦྱོར་བ་གཙོ་བོར་བྱས་པས་གློག་བརྙན་ལྟ་མཁན་ཚོའི་ཚད་མཐོན་པོའི་འདིང་འཇོག་ཐོབ།བསྒྱུར་བྱས་པའི་གློག་བརྙན་མང་དག་ལ་རྒྱལ་ཡོངས་གྲངས་ཉུང་མི་རིགས་གློག་བརྙན་བསྒྱུར་སྐྲུན་གྱི་འཁྱུག་འབྲུག་ཞེས་པའི་བྱ་དགའ་དང་།རྒྱལ་ཡོངས་ཀྱི་གློག་བརྙན་ཕུལ་བྱུང་བསྒྱུར་སྐྲུན་བྱ་དགའ་ཐེངས་མང་ཐོབ།1986ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ལོ་གཉིས་སློབ་བྱས་པས་ཁོའི་རིག་གནས་ཆུ་ཚད་ཇེ་མཐོ་བྱུང་ཞིང་།རྒྱ་སྐད་རྒྱ་ཡིག་ལའང་ཡར་ཐོན་ཆེན་པོ་བྱུང་།
     1992ལོར་དཀར་མཛེས་ཁུལ་གློག་བརྙན་བསྒྱུར་སྐྲུན་ཁང་མེད་པར་གྱུར་ནས་ཁོ་རང་དཀར་མཛེས་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་དུ་ལས་གནས་སྤོས།གཙོ་བོར་རྒྱ་བོད་སྐད་ཀྱི་གསར་འགྱུར་རྒྱང་བསྒྲགས་པ་དང་མདོ་འཛིན་པའི་འགན་ཁུར།ལྷག་པར་དུ་ཁོང་གི་རྒྱང་བསྒྲགས་བྱས་པའི་བོད་སྐད་ལ་ཉན་མཁན་དང་ལྟ་མཁན་ཚོས་དགའ་བསུ་ཆེན་པོར་བྱས་པས་ཁམས་པའི་ཀྲའོ་ཀྲུང་ཞང་(ཀྲུང་དབྱང་བརྙན་འཕྲིན་དང་ཁང་གི་རྒྱང་བསྒྲགས་པ་གྲགས་ཅན་)ཞེས་པའི་མིང་ཐོབ།དེ་དང་ཆབས་ཅིག་ལེ་ཚན་བཟོ་འགོད་དང་།པར་རྒྱག་རྒྱུའི་ལས་ཀའང་བྱང་ཆུབ་པ་བྱུང་ནས་《གངས་ལྗོངས་དགའ་ཚལ།》ཞེས་པའི་ལེ་ཚན་གསར་པ་བཙུགས་ནས་ཁོས་ལས་རོགས་ཚོ་དང་མཉམ་དུ་ཁམས་ཁུལ་གྱི་ས་གནས་དག་ལ་སོང་ནས་དངོས་བཤུས་བརྙན་འཕྲིན་བཟོ་སྐྲུན་བྱ་རྒྱུའི་མགོ་བརྩམས་ཤིང་།སྔོན་རྗེས་སུ་《ས་ངན་སྐོར་པ།》《དབེན་གནས་ཀྱི་ཚེ་མཚམས་པ།》《ཁྱད་མཚར་བའི་རྫ་ཆུ་ཁ།》《ཁམས་པའི་ཞབས་བྲོ།》《སྤང་རྒྱན་མེ་ཏོག》《གངས་ལྗོངས་ལ་བཅངས་པའི་བརྩེ་སེམས།》ཞེས་པ་སོགས་བརྙན་འཕྲིན་ཚན་པ་40ཙམ་གྱི་བཟོ་སྐྲུན་དང་།པར་ལེན།སྒྲ་སྦྱོར།འགྲེལ་བཤད་པ།མདོ་འཛིན་པ་སོགས་ཀྱི་འགན་ཁུར།དེའི་ནང་《ཀརྨའི་རྒྱ་གླིང་།》ཞེས་པའི་དངོས་བཤུས་བརྙན་འཕྲིན་ལ་རྒྱལ་ཡོངས་ཀྱི་ཞིང་ལྗོངས་ལྔའི་བོད་སྐད་བརྙན་འཕྲིན་ལེ་ཚན་ཨང་དང་པོའི་བྱ་དགའ་ཐོབ།ད་དུང་ཁོས་པར་བླངས་པའི་བོད་ཀྱི་བརྙན་འཕྲིན་ཟློས་གར་《རྟ་རྒྱུག་རྒྱལ་འཇོག》ལ་རྒྱལ་ཡོངས་ཀྱི་ཆེས་མཐོ་བའི་བྱ་དགའ་སྟེ་རྟ་མཆོག་རྟགས་ཅན་ཞེས་པའི་བྱ་དགའ་ཐོབ།
     2005ལོར་ནས་ཁུལ་བརྙན་འཕྲིན་ཁང་དུ་བརྙན་འཕྲིན་བསྒྱུར་སྐྲུན་ཁང་སྐྱར་གསོ་བྱས་པས་དོན་གྲུབ་ཚེ་རིང་ལ་འགན་ཁུར་བཅུགདེ་ནས་བཟུང་ཁོས་མུ་འབྲེལ་བརྙན་འཕྲིན་ཟློས་གར་བསྒྱུར་སྐྲུན་བྱ་རྒྱུའི་ལས་སུ་བརྩོན།ཁོ་རང་གིས་བསྒྱུར་སྐྲུན་འཁྲབ་ཁྲིད་པ་དང་།ཡིག་བསྒྱུར།རྟིང་མའི་ཞུ་དགསྒྲ་སྦྱོར་བ་སོགས་ཀྱི་འགན་བཞེས་ནས་སྔོན་རྗེས་སུ་《དར་མདོའི་མཛའ་གཞས།》《ཇ་རྟ་ཚོང་ལམ།》《དགེ་རྟག་སྤྲུལ་སྐུ།》《ལ་རྒྱའི་རྩ་བ་ཞེ་མཐུན་ཡིན།》ཞེས་པ་སོགས་མུ་འབྲེལ་བརྙན་འཕྲིན་ཟློས་གར་18ཙམ་དང་ལེའུ་600ཙམ་བསྒྱུར་སྐྲུན་བྱས་ཡོད།
     ཁོ་རང་ལས་ཞོལ་གྱི་དུས་ཚོད་ནང་དུའང་ཧ་ཅང་བྲེལ་ཞིང་།ལོ་ཆུང་རྣམས་ལ་ཕན་ཆེ་བའི་འཛམ་གླིང་བྱིས་སྒྲུང་གྲགས་ཅན་《གངས་དཀར་སྲས་མོ།》དང་《རྒྱ་མཚོའི་མུ་མོ།》སོགས་ཁམས་སྐད་དུ་བསྒྱུར་སྐྲུན་བྱས་ཏེ་བོད་རིགས་ས་ཁུལ་དུ་སྦྱིན་ཅི་ནུས་བྱས་པ་དང་ཨེ་ཙིའི་ནད་སྔོན་འགོག་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་བྱ་བའི་ཡིག་རིགས་དང་འོད་ལྡེར་སོགས་བཟོ་སྐྲུན་བྱས་ནས་གཞི་རིམ་དུ་བཀྲམ་རྒྱུའི་སྤྱིཕན་ལས་ཀ་མང་དག་བསྒྲུབས་སྒྲུབ་བཞིན་ཡོད།ད་དུང་ཁོ་རང་བོད་ཀྱི་ཡིག་གཟུགས་སྣ་ཚོགས་འབྲི་རྒྱུར་ཧ་ཅང་དགའ་ཞིང་1994ལོར་དར་མདོ་རུ་ཁོའི་བྲིས་གཟུགས་བརྒྱ་ལྷག་ཙམ་འགྲེམས་སྟོན་བྱ་མྱངས།
     དོན་གྲུབ་ཚེ་རིང་གི་མི་ཕྱེད་ཀ་ཙམ་ཁམས་སྐད་དང་འབྲེལ་བ་ཡོད་པའི་དོན་ལ་འབད་ཅིང་ཁོ་ནི་ཁམས་སྐད་ཀྱི་གློག་བརྙན་དང་བརྙན་འཕྲིན་ནང་གི་ཁམས་སྐད་སྒྲ་སྦྱོར་བ་དང་།རྒྱང་བསྒྲགས་པ།མདོ་འཛིན་པའི་མགོ་བརྩམས་མཁན་ཡིན་ལ་ཁམས་སྐད་དག་གཙང་སྨྲ་བའི་དཔེ་སྟོན་དང་མཁན་པོ་ལྟ་བུ་ཡང་གྱུར་ཡོད་ཅིང་།ཁོས་སླད་མའི་དུས་ལ་ཡང་བོད་སྐད་ཀྱི་དར་རྒྱས་གོང་འཕེལ་གྱི་ལས་ལ་ནུས་ཤུགས་ཡོད་དགུ་འདོན་རྒྱུའི་ཆོད་སེམས་ཟབ་མོ་བཅངས་ཡོད།

  • ལེ་ཚན་སྔོན་མ།:བོད་ཀྱི་གདངས་རྩོམ་པ་པོ་ཆོས་རྒྱ་མཚོ།
  • ལེ་ཚན་རྗེས་མ།:བློ་བཟང་གྲགས་པ། ཁམས་པའི་གར་སྟེགས་ནས་མི་ཚེའི་སྟངས་སྟབས་བསྒྱུར།
  • དོ་སྣང་ཆེ་བའི་རྩོམ།