བོད་ཀྱི་གདངས་རྩོམ་པ་པོ་ཚེ་རྡོར།

ངེད་གསར་འགོད་པ།དཀོན་མཆོག་རྡོ་རྗེས་བྲིས།        2011-01-06

ཚེ་རྡོ་ནི་ད་ལྟ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གདངས་རྩོམ་མཁན་དང་།རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རོལ་ཆ་དཀྲོལ་མཁན་ཡིན་ཞིང་།བོད་ཀྱི་གདངས་རྩོམ་མཁན་དང་རོལ་ཆ་དཀྲོལ་མཁན་གྲགས་ཅན་ཞིག་ཀྱང་ཡིན།ཁོང་ད་ལྟ་ཀྲུང་གོའི་རོལ་དབྱངས་པའི་མཐུན་ཚོགས་ཀྱི་ཚོགས་མི་དང་།ཀྲུང་གོའི་གྲངས་ཉུང་མི་རིགས་རོལ་དབྱངས་མཐུན་ཚོགས་ཀྱི་ཚོགས་མི།སི་ཁྲོན་ཞིང་ཆེན་རོལ་དབྱངས་མཐུན་ཚོགས་ཀྱི་ཚོགས་མི་དང་།སི་ཁྲོན་ཞིང་ཆེན་གྱི་བྱས་རྗེས་ཆེ་བའི་ཕུལ་བྱུང་མི་སྣའང་ཡིན།
 ཚེ་རྡོ་ཆུང་དུས་སུ་བྱང་སྡེ་རྫ་ཆུ་ཁའི་རྩྭ་ཐང་དུ་འཚར་ལོངས་བྱུང་ཞིང་།ལོ་ན༡༣སླེབས་སྐབས་དཀར་མཛེས་ཁུལ་གླུ་གར་ཚོགས་པར་ཞུགས།སྔོན་རྗེས་སུ་ཁུལ་གླུ་གར་ཚོགས་པར་ཞུགས།སྔོན་རྗེས་སུ་ཁུལ་གླུ་གར་ཚོགས་པར་པི་ཝང་དང་དུང་ཆེན་འབུད་དཀྲོལ་དང་།གླུ་གར་ཚོགས་པའི་རོལ་དབྱངས་བཀོད་འདོམས་པ་དང་།གདངས་རྩོམ་མཁན།རོལ་ཆའི་རམ་སྐྱོར་པ།འཁྲབ་སྟོན་ཆེ་མོའི་འཆར་འགོད་པ་དང་།གསར་རྩོམ་པ།འཁྲབ་ཁྲིད་པ་སོགས་ཀྱི་ལས་འགན་གནང་མྱངས། ཚེ་རྡོས་བགྲང་བྱ་བཞི་བཅུ་ལྷག་གི་རིང་དུ་ཁམས་ཁུལ་གྱི་ས་གནས་ཁག་ཏུ་ཕེབས་ཏེ་ཕྱོགས་གཅིག་ནས་བོད་རིགས་མང་ཚོགས་ལ་པི་ཝང་སོགས་རོལ་དབྱངས་འཁྲབ་སྟོན་བྱས་པ་དང་།ཕྱོགས་གཅིག་ནས་བོད་ཁུལ་གྱི་འཚོ་བ་དངོས་ནང་ཟབ་འཇུག་གནང་ནས་བོད་ཀྱི་འཚོ་བ་དངོས་མཚོན་པའི་དམངས་ཁྲོད་གླུ་དབྱངས་རིག་གནས་ལ་སློབ་སྦྱོང་གཟབ་ནན་གནང་ཞིང་།བོད་ཀྱི་དམངས་ཁྲོད་འཚོ་བ་དང་དམངས་ཁྲོད་རིག་གནས་ཀྱིས་ཁོང་ལ་གླུ་དབྱངས་གསར་རྩོམ་གྱི་མཁྱེན་སྟོབས་སྟེར་ཞིང་།བོད་ཀྱི་གཞན་ཕན་གྱི་ལྷག་བསམ་དང་གཟུར་གནས་ཀྱི་གཤིས་རྒྱུད་ཀྱིས་ཁོང་ལ་མི་དམངས་ལ་ཞབས་འདེགས་ཞུ་བའི་སྒྱུ་རྩལ་པ་ཞིག་བྱེད་དགོས་པའི་ཆོས་སེམས་སྟེར།ཁོང་གིས་སྔོན་རྗེས་སུ་གླུ་དབྱངས་ཀྱི་གདངས་མང་དག་བརྩམས་པ་དང་པི་ཝང་སོགས་ཀྱི་རོལ་མོ་སྙན་པོ་དཀྲོལ་བས་བོད་རིགས་མང་ཚོགས་ཀྱི་དགའ་བསུ་ཐོབ།ལྷག་པར་དུ་ཁོང་གིས་གདངས་བརྩམས་པའི་གླུ་དབྱངས《རྨི་ལམ་ནང་གི་མཛའ་བོ།》དང་《མཛེས་པའི་གངས་ལྗོངས།》《སྤང་རྒྱན་མེ་ཏོག》《ཞོགས་པའི་རྩྭ་ཐང་།》《གླིང་གེ་སར་རྒྱལ་པོར་བསྟོད་པ།》སོགས་ཀྱི་གླུ་དབྱངས་དེ་དག་བོད་ཀྱི་ཡུལ་གྲུ་ཀུན་ཏུ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཏེ་བོད་རིགས་མི་དམངས་ཀྱི་འཚོ་བ་གསར་པར་དགའ་ཚོར་དང་སྤྲོ་སྐྱིད་མང་དག་བསྣན་ཡོད།
ཁོང་གི་མི་ལོ་བཞི་བཅུའི་དཀའ་སྡུག་དང་།མི་ལོ་བཞི་བཅུའི་འབད་འཐབ་དེ་ནམ་ཞིག་སྟོང་ཟད་ཏུ་མ་གྱུར་པར་བོད་རིགས་མང་ཚོགས་ཀྱིས་ཁོང་གིས་བརྩམས་པའི་གླུ་དབྱངས་ལ་དགའ་བསུ་བྱས་པ་དང་།རྒྱལ་ཕྱི་ནང་གི་ཆེད་མཁས་པ་ཚོས་ཀྱང་ཁོང་ལ་ཡིད་ཆེས་དང་ཁས་ལེན་གང་ལེགས་བྱས་ཏེ་བསྟོད་པའི་མེ་ཏོག་གཏོར་བ་མ་ཟད་ཁོང་གི་གླུ་དབྱངས་ཀྱི་བརྩམས་ཆོས་མང་པོ་ལ་བྱ་དགའ་ཡང་མང་པོ་ཐོབ།
ཁོང་གི་རོལ་དབྱངས་བརྩམས་ཆོས《གངས་ལྗོངས་ཀྱི་དཔྱིད་དཔལ》དང་《སྐྱིད་པའི་འབྲོག་ཐང་།》ལ་སི་ཁྲོན་ཞིང་ཆེན་གྱི་རིག་རྩལ་འཁྲབ་སྟོན་བརྩམས་ཆོས་ཀྱི་བྱ་དགའ་ཐོབ།
《ཞོགས་པའི་རྩྭ་ཐང་།》དང་《རྨི་ལམ་ནང་གི་མཛའ་བོ།》ལ་སྐབས་གཉིས་པ་དང་གསུམ་པའི་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་སྒྱུ་རྩལ་དུས་ཆེན་གྱི་བྱ་དགའ་ཨང་དང་པོ་དང་གཉིས་པ་ཐོབ།བོད་ཀྱི་གླུ་བྲོའི་སྙན་ངག་གི་ཟློས་གར་ཆེན་མོ《དར་མདོའི་མཛའ་གཞས་ཀྱི་ཕ་ཡུལ།》ལ་སྐབས་བཞི་པའི་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་སྒྱུ་རྩལ་དུས་ཆེན་གྱི་བྱ་དགའ་ཨང་དང་པོ་ཐོབ།ཁོང་གིས་གཙོ་འཛུགས་འཆར་འགོད་གནང་བའི《སྦྲ་ནག》དང་《སྤང་རྒྱན་མེ་ཏོག》ལ་ཞིང་ཆེན་རིམ་པའི་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་དང་གཉིས་པ་ཐོབ་པར་མ་ཟད།བོད་ལྗོངས་དང་མཚོ་སྔོན་གྱི་བོད་ཀྱི་ལོ་སར་མཉམ་སྤྲོའི་དགོང་ཚོགས་སུ་ཞུགས།ཟློས་གར་གྱི་གླུ་དབྱངས་བརྩམས་ཆོས་《འོ་མ་བཞོ་བ།》དང་《ཁམས་པའི་ཕོ་གསར》ལ་ལྷོ་ཁོ་རེ་ཡར་སྤེལ་བའི་འཛམ་གླིང་གི་རིག་གནས་འཕེལ་རྒྱས་སྒོ་འབྱེད་ཚོགས་ཆེན་ཐོག་ཆེས་ཆེ་བའི་བྱ་དགའ་འཛམ་གླིང་ཞི་བདེའི་བྱ་དགའ་ཞེས་པ་སོགས་བྱ་དགའ་མང་དག་ཐོབ།
  • ལེ་ཚན་སྔོན་མ།:བོད་ཀྱི་རི་མོ་བ་གྲགས་ཅན་ལེགས་སྨོན།
  • ལེ་ཚན་རྗེས་མ།:བོད་ཀྱི་གདངས་རྩོམ་པ་པོ་ཆོས་རྒྱ་མཚོ།
  • དོ་སྣང་ཆེ་བའི་རྩོམ།