བོད་ཀྱི་རི་མོ་བ་གྲགས་ཅན་ལེགས་སྨོན།

དཀོན་མཆོག་རྡོ་རྗེ།        2010-12-30

བོད་ཀྱི་རི་མོ་བ་གྲགས་ཅན་ལེགས་སྨོན།

 ལེགས་སྨོན་མཆོག་ནི་མདོ་ཁམས་སའི་ལྟེ་བ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་སྙན་ལུང་ཡུལ་ཚོ་རུ་སྤྱི་ལོ༡༩༦༧ལོར་ཡབ་དངོས་གྲུབ་བཀྲ་ཤིས་དང་།ཡུམ་འགྲོ་བ་གཉིས་ཀྱི་སྲས་སུ་ལང་ཚོའི་སྨྱུ་གུ་ཐོག་མར་བཞད། ལོ་ན་ཆུང་བའི་དུས་ནས་བཟུང་ཡི་གེ་འབྲི་ཀློག་དང་ལྷག་པར་དུ་སྔོན་སྨོན་ལམ་འཕྲོ་གཙང་མ་དུས་སུ་སད་དེ་ལྷོད་མེད་བརྩོན་པ་དྲག་པོས་མཛེས་རིས་སྣ་ཚོགས་དང་བོད་ཀྱི་ཐང་སྐུ་འབག་བཟོ་ལ་རང་སྦྱོང་དང་ཉམས་མྱོང་མང་དུ་བསགས། རིམ་བཞིན་ཁོས་བོད་ཀྱི་བཟོ་རྩལ་རྨང་གཞི་བྱས་ཐོག་རྒྱལ་ཕྱི་ནང་གི་མཛེས་རྩལ་གྱི་ལེགས་ཆ་སྡེབ་སྦྱོར་བྱེད་ཐབས་ལ་ཆེད་དུ་མཁས་པའི་སྐྱེས་སྟོབས་རྒྱས་ཤིང་མཛེས་དཔྱོད་ཀྱི་ལྟ་བའི་འབྲས་བཟང་གཡུར་དུ་སྨིན།དེ་ལས་ཀྱང་མི་ཚེའི་མདུན་ལམ་བོད་ཀྱི་རི་མོའི་སྒྱུ་རྩལ་ལ་གཅིག་ཏུ་ཕྱོགས་ནས་རང་རིགས་ཀྱི་སྲོལ་རྒྱུན་ཀརྨ་སྒར་བྲིས་ཀྱི་སྲོག་ལ་ཕྱི་གླིང་བའི་མཛེས་རྩལ་དང་གསོན་ཉམས་གསར་གཏོད་ཀྱི་ཐབས་ལམ་བཀོལ་ནས་ཁོས་རི་མོ་འབྲི་སྦྱང་ལ་གཞི་རྐང་སྲ་བརྟན་གྱི་ལག་ལེན་དང་གསོན་ཤུགས་སྦར་ཏེ། སྐྱ་ཚོན་ཟུང་སྡེབས་ཀྱིས་བྲིས་བཞེངས་བྱས་པའི་གླིང་རྗེ་གེ་སར་སྐྱེས་བུ་དོན་གྲུབ་དང་། ལྷ་མོ་དབྱངས་ཅན་མ་སོགས་མཛེས་རྩལ་རང་བཞིན་དང་དུང་མཚོན་གསོན་ཉམས་འབུར་ཐོན་གྱི་ཐང་བརྙན་མང་པོ་དང་། པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་རིན་པོ་ཆེའི་སྐུ་པར་འདྲ་བཞེངས་བྱས་པར་གསོན་བརྗིད་རང་བཞིན་གྱི་སྒྱུ་རྩལ་ཕུལ་ཏུ་བྱུང་ཕྱིར་བོད་རྒྱ་ཆེའི་མང་ཚོགས་ཀྱི་དྲན་འཛིན་ངོར་སྐུ་དངོས་སུ་མཇལ་འདྲའི་དགའ་དད་ཀྱི་མྱོང་ཚོར་དང་། རླབས་ཆེན་གྱི་མཛད་པ་བཟང་པོ་བསྐལ་བའི་བར་མི་བརྗེད་པའི་དྲན་ཤིང་གི་རྡོ་རིང་ཞིག་ཏུ་གྲུབ་ནས་ལྷ་རིས་པ་ཁོང་ལ་སྙིང་ཐག་པ་ནས་བསྟོད་བསྔགས་དང་དགའ་གུས་ཞུ་བཞིན་ཡོད། དེ་བཞིན་དུ་ཁོས་སྔ་རྗེས་བྱས་ཏེ་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ། མཚོ་སྔོན་མི་རིགས་དགེ་ཐོན་སློབ་གླིང་སོགས་སུ་བཟོ་རྩལ་བཤམ་སྟོན་དང་འབྲི་རྩོམ་ཇུས་འགོད།སློབ་ཁྲིད་དང་ཉམས་མྱོང་བརྗེ་རེས་སོགས་སུ་བྱས་ཏེ་བོད་ཀྱི་རི་མོ་བ་གསོ་སྐྱོང་གི་ཐད་ལ་ནུས་པ་རྩལ་དུ་འདོན་བྱས་པས་བོད་མི་རིགས་ཙམ་མ་ཡིན་པར་མི་རིགས་གཞན་དང་གཞན་གྱིས་ཀྱང་ཁོའི་མཛེས་དཔྱོད་རང་བཞིན་ལྡན་པའི་པིར་རྩལ་ལ་དགའ་བསུ་ཆེན་པོ་ཐོབ་མྱོང་བ་དང་། ཀོང་ཀྲོའུ་དང་ཧྲང་ཧའེ་སོགས་རྒྱ་ནག་གི་གྲོང་ཁྱེར་ཆེན་གྲས་འགར་ལྷ་རིས་དང་འབག་མགོ་བཟོ་སྐྲུན་བྱེད་པར་གདན་འདྲེན་ཡང་བྱས་མྱོང་།   ཁོས་གླིང་རྗེ་གེ་སར་རྒྱལ་པོའི་ལོ་རྒྱུས་སྟོང་ཐང་ཚད་ལྡན་ཆེན་མོ་གསར་བཞེངས་ཀྱི་སྤྱི་ཁྱབ་བློ་འདོན་པ་དང། སྤྱི་ཁྱབ་མཛེས་བཀོད་པ་སོགས་ཀྱི་འགན་གཅིག་ལྕོགས་ཏུ་བཞེས་ནས་རླབས་ཆེན་གྱི་བྱ་བ་ལེགས་གྲུབ་བྱུང་ནས་འཛམ་གླིང་རིག་པའི་བང་མཛོད་ཀྱི་གར་སྟེགས་སུ་ངོ་མཚར་བའི་གཟི་འོད་འབར་བ་བཀོད་ཡོད་དོ། །
          ལྷག་པར་དུ་ཁོས་བོད་མི་རིགས་དང་མི་རིགས་ཀྱི་རིག་གནས་སྤྱི། དེ་ལས་ཀྱང་བོད་ཀྱི་རི་མོའི་སྒྱུ་རྩལ་ལ་བཅངས་པའི་ལྷག་པར་བསམ་དང་དུང་ཞེན་ནི་རབ་དཀར་གངས་ཀྱི་རི་བོས་མཚོན་ཐབས་མེད་པ་དང་། ནང་གི་དེ་ཉིད་ཕྱི་རུ་མངོན་པའི་གཤིས་སྤྱོད་བབ་ཆགས་དང་རླབས་ཆེན་མཛད་རྗེས་ནི་དེ་ལས་ཀྱང་ཆེས་ཁྱད་དུ་འཕགས་པ་ཞིག་ལགས་སོ། །

  • ལེ་ཚན་སྔོན་མ།:དཀོན་མཆོག་བཀྲ་ཤིས་དང་གླིང་རྗེ་གེ་སར་རྒྱལ་པོའི་སྟོང་ཐང་ཆེན་མོའི་ལས་འབྲེལ།
  • ལེ་ཚན་རྗེས་མ།: བོད་ཀྱི་གདངས་རྩོམ་པ་པོ་ཚེ་རྡོར།
  • དོ་སྣང་ཆེ་བའི་རྩོམ།