བོད་རིགས་བརྙན་ལེན་ཆེད་ལས་པ་རྡོ་རྗེ་ཕུན་ཚོགས།

བཀྲ་ཤིས།        2010-11-30

བོད་རིགས་བརྙན་ལེན་ཆེད་ལས་པ་རྡོ་རྗེ་ཕུན་ཚོགས།
མི་ཞིག་གི་སྐྱེ་བ་འདིའི་བགྲོད་ལམ་ཐོག་གི་དགའ་སྐྱོ་ནི་སུས་ཀྱང་སྔོན་དཔོག་དཀའ་བ་ཞིག་ཡིན་མོད་འཚོ་བ་ལ་དུངས་ཞེན་དང་འགྲོ་ལམ་ལ་འགྱུར་མེད་ཀྱི་གཏན་འདུན་ཞིག་མཆིས་ན་རི་བོ་མཐོན་པོས་མིག་ལམ་སྒྲིབ་མི་ཐུབ་ལ་ཆུ་བོ་ཆེན་པོས་ཞབས་ཟུང་འགོག་ག་ལ་ཐུབ།མུ་མེད་ཀྱི་རྩྭ་ཐང་ནི་ལང་ཚོ་སྨིན་ས་དང་ལྷུན་བརྗིད་ཀྱི་གངས་རི་ནི་སྟོབས་ཤུགས་འབྱུང་ཡུལ་ཡིན་པས་ཁོ་རང་ལའང་ལས་འབྲས་རྣམ་པར་སྨིན་ཏེ་གངས་ཅན་གདུང་རྒྱུད་པ་ཞིག་གི་ཚེ་སྲོག་རྙེད།ཀྱག་ཀྱོག་གི་ལམ་བུ་ཞིག་ཞབས་ཟུང་གི་འོག་ནས་བསྲིངས་པ་ནས་བཟུང་།ཆུ་རྒྱུན་ལྟ་བུའི་བརྩོན་འགྲུས་དང་ཕྱིར་མི་ལྡོག་པའི་དད་སེམས་ཀྱིས་བོད་རིགས་བརྙན་ལེན་ཆེད་ལས་པ་དང་པོ་རྡོ་རྗེ་ཕུན་ཚོགས་ཞེས་མཐོ་སྒང་ཡུལ་གྲུ་ཀུན་ཏུ་ཁྱབ།།
     ཁོ་རང་སྤྱི་ལོ༡༩༥༤ལོར་གསེར་རྟ་རྩྭ་ཐང་དུ་ལྟེ་ཁྲག་འཕོས་པ་ནས་བཟུང་ཕ་མ་གཉིས་ཀྱིས་ལྟོ་གོས་གཏམ་གསུམ་གྱིས་ལུས་སེམས་སྙོར་སྐྱོང་བྱས་ཏེ་སློབ་ཆུང་དུ་བསྐྱལ།རིག་པ་བཀྲ་ལ་སྙིང་རུས་ཆེ་ཞིང་སྤྱོད་པ་བཟང་བས་བདེ་བླག་ངང་སློབ་མཐར་ཕྱིན་ཏེ་དཀར་མཛེས་སློབ་འབྲིང་དུ་སློབ་གཉེར་བྱེད་འགོ་ཚུགས།སློབ་འབྲིང་ལོ་རིམ་གཉིས་པ་འདོན་སྐབས་རིག་གནས་གསར་བརྗེ་ཆེན་པོའི་རྐྱེན་གྱིས་སློབ་གཉེར་གྱི་སྐལ་བ་ཆད་པས་ཕྱིར་རང་ཡུལ་དུ་ལོག་སྟེ་གསེར་རྟ་རྫོང་གི་གློག་འདོན་བཟོ་གྲྭར་ལས་དོན་བསྒྲུབས།དེའི་རིང་ལ་གློག་རིག་སྐོར་ལ་འབད་པ་ལྷོད་མེད་བྱས་ཏེ་ཕྱིན་ཆད་ཀྱི་ལས་དོན་ལ་རྨང་གཞི་བརྟན་པོ་བཏིང་།ལོ་གཅིག་ཙམ་བརྒལ་རྗེས་ཁོ་རང་དམག་ནང་ལ་ཞུགས།དམག་དཔུང་ནང་ལ་རིག་གནས་སློབ་སྦྱོང་དང་བསམ་སྤྱོད་སྦྱོང་བརྡར་སོགས་གང་ཅིའི་ཐད་ལ་སྔ་ན་མེད་པའི་གོ་སྐབས་བཟང་པོ་ཐོབ་པས་ཁོང་གིས་ཞོགས་སྔ་ལངས་དང་དགུང་ཕྱི་ཉལ་གྱིས་ཉེར་མཁོའི་ཤེས་བྱ་དང་ལག་རྩལ་འཚོལ་སྡུད་བྱས།ཁྱད་པར་དུ་པར་འདེབས་སྒྱུ་རྩལ་གྱིས་ཡིད་ཀྱི་དྭངས་བ་དབང་མེད་དུ་འཕྲོག་པས་དེའི་སྐོར་གྱི་ཤེས་བྱ་ལ་སྦྱངས་བརྩོན་བྱས་ཏེ་ཡུན་མི་རིང་བར་པར་འདེགས་ཀྱི་ལག་རྩལ་ལ་ཚང་མས་བསྟོད་བསྔགས་ཚད་མེད་བྱས།དབུ་ཁྲིད་ཀྱི་རྒྱབ་སྐྱོར་དང་དམག་གྲོགས་རྣམས་ཀྱི་རྟིང་སྐུལ་ལ་བརྟེན་ཁོང་གིས་འདེབས་པའི་པར་རིས་མི་ཉུང་བ་ཞིག《དམག་དར་ཚགས་པར》དུ་བཀོད་པས་ཁོང་ལ་སྔར་ལས་ཆེ་བའི་སྤོབས་པ་སྐྱེས་ཤིང་རེ་བས་ཁེངས།།
     སྤྱི་ལོ༡༩༧༧ལོར་ཁོང་དམག་དཔུང་ལས་ལོག་སྟེ་ཐོག་མར་གསེར་རྟ་རྫོང་གློག་ཤུགས་ཆུ་བེད་སྤྱི་གཉེར་ཁང་དུ་ལས་དོན་བསྒྲུབས།དུས་ཡུན་རིང་པོར་དཀའ་བ་དང་བླངས་ཀྱིས་འཚོལ་སྙེག་བྱས་པས་ཁོང་ནི་མི་འཇོན་ཐང་ཅན་ཞིག་ཡིན་པ་རྒན་གཞོན་ཚང་མས་གོ་བས་སྔ་རྗེས་སུ་རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་རྫོང་སློབ་གསོ་ཅུས་སོགས་སུ་ལས་གཉེར་བྱས།དེའི་རིང་ལ་འཚོ་བའི་ཆ་རྐྱེན་སྔོན་ལས་བཟང་ཡང་སྔོན་གྱི་དམ་བཅའ་མ་ཤོར་ཏེ་པར་འདེབས་ཀྱི་བྱ་བ་ཕྲག་ཏུ་བླངས་པས་པར་རིས་འདྲ་མིན་སྣ་ཚོགས་ཚགས་པར་སོ་སོར་བཀོད་པས་སྒྱུ་རྩལ་གྱི་ལམ་བུར་དན་རྟགས་ཀྱི་རྡོ་རིང་རེ་རེ་བཞེངས།མཐོ་སྒང་གི་རྩྭ་ཐང་ནི་མུ་མཐའ་མེད་ལ་སྟོང་ཞིང་འཇགས་པ་ཞིག་ཀྱང་ཡིན་མོད།ཁོང་ལ་དཔའ་ཞུམ་པའི་དུས་ཚོད་མེད་ལ་ཡིད་འཁུམ་པའི་ཁོམ་ལུང་ཡང་མེད་པར་གངས་རི་དང་རྩྭ་ཐང་།ནགས་རི་དང་ཞིང་ཁར་ཞབས་ཟུང་འཁོར་ལོ་བསྐོར་ཏེ་བོད་པའི་འཚོ་བའི་བྲོ་བས་ཕྱུག་ཅིང་རང་གཤིས་འབུར་དུ་ཐོན་པའི་པར་རིས་སྣ་ཚོགས་འདེབས་པ་དང་ཆབས་ཅིགརང་ཉིད་བོད་རིགས་བཪྙན་ལེན་ཆེད་ལས་པ་དང་པོ་ཞིག་བྱ་རྒྱུའི་དམ་བཅའ་བཞག།
     མི་ཚེ་ལ་དམིགས་ཡུལ་ཡོད་པ་ཅམ་གྱིས་མི་ཆོག་པར་ཕྱི་ནང་གི་ཆ་རྐྱེན་མང་པོ་ཞིག་འཛོམས་དགོས་པས་རྡོ་རྗེ་ཕུན་ཚོགས་ཀྱིས་གྲོགས་པོ་རྣམས་ཀྱིས་མཛུབ་སྟོན་བྱས་པ་ལྟར་ཀོང་ཀྲོའུ་དང་ཧྲེན་ཀྲེང་སོགས་སུ་སོང་སྟེ་ཁ་ལོ་བ་བྱས་པའི་ལད་དོན་ཞིག་ཪྙེད་དེ་ཟླ་བ་རེ་ལ་སྒོར་མོ་བདུན་སྟོང་ཙམ་གྱི་ཡོང་སྒོ་ཡོད།དེས་མ་ཚད་ས་ཆ་དེ་ག་ནས་ལྟ་རྒྱ་དང་ཐོས་རྒྱ་ཡང་ཇེ་ཆེར་གྱུར་པས་སྤྱི་ལོ༡༩༩༡ལོར་ཕ་ཡུལ་གྱི་ལས་དོན་བསྐྱུར་ཏེ་མིང་དོན་མཚུངས་པའི་བརྙན་ལེན་ཆེད་ལས་པའི་ལམ་བུར་གོམ་ཁ་བསྒྱུར།མ་གཞིར་ཁོང་གིས་སྲིད་གཞུང་དུ་སྲིད་དོན་བསྒྲུབས་ན་གོ་ས་མི་དམའ་བ་ཞིག་དང་ཚོང་དོན་གཉེར་ན་རྒྱུ་ནོར་ཡང་མི་ཉུང་བ་ཞིག་ཐོབ་སྲིད་མོད།རང་རིགས་ཀྱི་ལོ་རྒྱུས་རིག་གནས་དང་ཡུལ་སྲོལ་གོམས་གཤིས།བོད་མིའི་དགའ་སྐྱོ་ཆགས་སྡང་སོགས་སྒྱུ་རྩལ་གྱི་ལམ་ནས་མཚོན་པ་ལ་ལྷད་མེད་ཀྱི་དུངས་སེམས་ཤིག་མཆིས་པས་དཀའ་ཁག་གི་ཁ་ཆར་འབབ་ལ་སྤྲོ་སྐྱིད་ཀྱི་འཇའ་ཚོན་ཡང་ཤར་བའི་འགྲོ་ལམ་དེ་གདམས།
     རང་ཉིད་འཚར་ལོངས་བྱུང་སའི་ཕ་ཡུལ་གྱི་རི་ཆུ་ཐང་གསུམ་དང་ཡུན་རིང་པོར་འཚོལ་ཉུལ་བྱས་པའི་དྲིན་གྱིས་ཁོ་རང་བོད་ཀྱི་དམངས་སྲོལ་ལ་ཆ་རྒྱུས་ཆེ་ཞིང་སྐད་སྒྱུར་ལ་བྱང་ཆ་ལྡན་པ་མ་ཟད་རླངས་འཁོར་གཏོང་བ་ལའང་མཁས་པས་ཀྲུང་གོའི་ཚན་རིག་བརྟག་དཔྱད་རུ་ཁག་དང་མཉམ་དུ་བོད་ཡུལ་སྐོར་སྐྱོད་བྱས་པའི་སྐལ་བ་ཐོབ།ལོ་གཅིག་ཙམ་གྱི་རིང་ལ་རྡོ་རྗེ་ཕུན་ཚོགས་ཀྱིས་དབུ་ཁྲིད་དང་གྲོགས་པོ་རྣམས་དང་འགྲོགས་བདེ་འདུག་མཁས་བྱས་པས་རང་ཉིད་ཀྱི་སྒྱུ་རྩལ་གྱི་ལྟ་བ་ལ་བསྲེག་བཅད་བརྡར་གསུམ་ཐེབས་ཤིང་མི་གཞིའི་གཤིས་ཀ་ལའང་འོད་མདངས་འཕྲོས་པ་མ་ཚད་མི་ཆོས་བསམ་བློས་ཕྱུག་པའི་པར་རིས་ཡིད་དབང་འཕྲོག་པ་མང་པོ་ཞིག་འབྲས་བུར་སྨིན་ཏེ་ཕྱི་ནང་ཀུན་གྱིས་དགའ་བསུ་ཆེན་པོ་བྱས།དྲི་ཞིམ་མེ་ཏོག་རྒྱང་རིང་ཡང་།བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་ཞེས་པ་ལྟར་ཞིང་ཆེན་ཕྱི་ནང་གི་ཀུང་སི་སོ་སོས་འབྲེལ་གཏུག་བྱས་པ་ལྟར་སྤུས་ཀ་ལེགས་ཤིང་ཁྱད་ཆོས་ལྡན་པའི་བཀའ་ལི(གྱང་ངོས་སུ་དགལ་བར་བྱ་བའི་ལི་ཐོ)གཅིག་རྗེས་གཉིས་མཐུད་ཀྱིས་དཔར་དུ་བསྐྲུན་པའི་སྐལ་བ་བཟང་པོ་སྨིན་པས་སྒྱུ་རྩལ་གྱི་ཕོ་བྲང་བཞེངས་པའི་མཐུན་རྐྱེན་སྔར་ལས་ཕུན་སུམ་ཚོགས་པར་གྱུར།་འོན་ཀྱང་གསར་གཏོད་ནི་སྒྱུ་རྩལ་གྱི་ཚེ་སྲོག་ཡིན་པས་འདས་ཟིན་པའི་གཟི་བརྗིད་ཀྱིས་ཡིད་ཚིམ་ཞིང་བསྟོད་བསྔགས་ཀྱི་མེ་ཏོག་ཕྲེང་བས་སེམས་མགུ་སྟེ་མ་བསྡད་པར་མུ་མཐུད་དེ་པར་དེབ་ལས་འགོ་ཚུགས་པས་སྔ་རྗེས་སུ《ཁྲོན་ལྷོའི་སྨྱུག་ཚལ》དང《ཁམས་པའི་སྒེག་ཉམས》《འབའ་ཐང་སྟེ་ཤམ་བྷ་ལའི་མུ་ཏིག》《དེང་སང་གི་ལི་ཐང》《བྲག་འགོ་སྟེ་ཁམས་པའི་མུ་ཏིག》《ཧོར་བྲག་འགོ》《ཕ་ཡུལ་སྡེ་དགེ》《གསེར་རྟའི་འཆར་སྣང》《ཀྲུང་གོའི་དཀར་མཛེས་ཁུལ་བོད་ཀྱི་དམངས་གཞིས》བཅས་པར་དུ་བསྐྲུན་པ་ནི་ད་ལྟ་རྒྱལ་ཕྱི་ནང་ཀུན་གྱི་མིག་མཐོང་ལག་ཟིན་དུ་གྱུར།བརྩམས་ཆོས་དེ་དག་ལས་མཐོ་སྒང་མི་རིགས་ཀྱི་དགའ་སྐྱོ་ཟུང་འབྲེལ་གྱི་འཚོ་བའི་ལོ་ཟླ་དང་མཛེས་དཔྱོད་ཀྱི་ལྟ་བ།མི་ཚེའི་ཕུགས་བསམ་སོགས་ཚུར་སྣང་བྱས་ཡོད་པ་མ་ཟད་རྡོ་རྗེ་ཕུན་ཚོགས་ཀྱི་འཚོལ་སྙེག་གི་ཞབས་རྗེས་རེ་རེ་དང་ཡུལ་མི་དང་བཅས་པ་རྣམས་ལ་བཅངས་པའི་འཕྲེང་སེམས་མངོན་པར་དོད་ཡོད་པས་པར་རིས་རེ་རེ་ཡིས་སྒྱུ་རྩལ་པ་ཞིག་གི་མི་ཚེའི་ཕུགས་རེ་བསྟན་ཞིང་སེམས་ཁོང་གི་རེ་འབོད་སྒྲོག་གིན་འདུག།
     ཁོང་གིས་གསུངས་པ་ལྟར་ན་གློག་བཪྙན་ནི་རྩོམ་རིག་དང་མཛེས་རིས།གླུ་གར་དང་རོལ་མོ་སོགས་སྣ་འདུས་ཀྱི་སྒྱུ་རྩལ་ཞིག་ཡིན་ལ་དེས་མི་རིགས་ཀྱི་རིག་གནས་ཕྱོགས་ཡོངས་ནས་ཁྱབ་བསྒྲགས་གཏོང་ཐུབ་པས་སྤྱི་ལོ༢༠༠༠ལོར་གློག་བཪྙན་ཕབ་རྒྱུའི་བསམ་བློ་ཡོད་ཀྱང་སྐབས་དེ་དུས་ཆ་རྐྱེན་ཡོངས་སུ་མ་འཛོམས་པས་རེ་ཞིག་མཚམས་མི་འཇོག་ཀ་མེད་དུ་གྱུར།རེད་དེ་དུས་ནམ་ཡང་དེའི་ཕྱོགས་ལ་བསམ་གཞིག་མཛད་པས་མི་བརྩོན་འགྲུས་ཅན་ལ་མི་འགྲུབ་ཅི་ཡང་མེད་ཅེས་པ་ལྟར་ཐེངས་དང་པོར་མཚོ་སྔོན་པོའི་མཛེས་ལྗོངས་བརྙན་འཕྲིན་དུ་ཕབ་པའི་གོ་སྐབས་ཐོབ་དེ་སྒྱུ་རྩལ་གྱི་ཕྱོགས་སུ་ལམ་བུ་གསར་བ་ཞིག་བཏོད།དེ་ནས་མདུན་སྐྱོད་ཀྱི་གོམ་པ་ལ་མཚམས་འཇོག་མེད་པར་གསེར་རྟའི་འབྲོག་པའི་ཚན་སྡེབ་ཅེས་པའི་གླུ་དབྱངས་ཆེད་སྒྲིག་ཀྱིMTVབརྙན་ཕབ་བྱས་ལ་ལི་ཐང་གི་ཀམ་པོ་རི་བོ་ཞེས་པའི་བརྙན་དེབ་ཞིག་ཀྱང་ཕབ་བསྐྲུན་བྱས་པས་རྒན་གཞོན་དར་གསུམ་ལས་བསྟོད་པའི་མཐེ་བོང་མི་བསྒྲེངས་དང་མཆོད་པའི་མེ་ཏོག་མི་གཏོར་མཁན་གཅིག་ཀྱང་མེད་ལ་ཁོང་གིས་ཀྱང་དེའི་སྐོར་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་གསོག་འཇོག་བྱས་ཡོད།
     ང་ཚོ་ཁམས་པ་བ་ལ་ཆ་བཞག་ན་སྤྱི་ལོ༢༠༡༠ལོ་ནི་བཀྲ་ཤིས་ཤིང་གཡང་འཁོར་བའི་དུས་ཚོད་བཟང་པོ་ཞིག་ཡིན་པས་རྡོ་རྗེ་ཕུན་ཚོགས་ཀྱིས་ཀྱང་རང་ཉིད་ལ་སྒྱུ་རྩལ་གྱི་ཤེས་རབ་བསྩལ་བའི་ཁམས་པའི་རི་ཆུ་དང་ལུས་སེམས་སྐྱེད་སྲིང་མཛད་པའི་ཡུལ་མི་རྒན་གཞོན་ཀུན་ལ་སྡུག་གུར་བཀྲ་བའི་མེ་ཏོག་ཆུན་པོ་ཞིག་འབུལ་ཕྱིར《ཕ་ཡུལ་སྡེ་དགེ》ཞེས་པའི་གློག་བརྙན་ཕབ།དེ་ནི་ཁོང་གི་ཆེས་ཐོག་མར་ཕབ་བསྐྲུན་བྱས་པའི་གློག་བརྙན་ཡིན་ལ་བོད་རིགས་བརྙན་ལེན་ཆེད་ལས་པ་ཞིག་གིས་རང་སྡེའི་རིགས་ལ་གནང་བའི་གསེར་སྲང་སྟོང་གིས་ཀྱང་ཁུག་ཏུ་དཀའ་བའི་ལྗིད་ཏིག་ཏིག་གི་ནོར་བུ་ཞིག་ལགས།
     འབྱུང་འགྱུར་གྱི་ཐར་ལམ་དང་འཆར་གཞི་གླེང་སྐབས་ཁོང་གིས་གཟབ་ནན་གྱི་སྒོ་ནས་དེང་སང་ང་ཚོ་ཁམས་པའི་ས་ཁུལ་དུ་བོད་སྐད་དང་བོད་ཡིག་གི་ཐོག་ནས་གློག་བརྙན་འཁྲབ་སྟོན་བྱེད་ཐུབ་པའི་འཁྲབ་སྟོན་པ་མེད་པ་དེ་ཧ་ཅང་སེམས་སྐྱོ་དགོས་པ་དང་ང་ཚོ་རིག་གནས་པ་རྣམས་ཀྱིས་བསམ་བློ་གཏོང་དགོས་པའི་གནད་དོན་ཚབས་ཆེན་ཞིག་རེད།གལ་སྲིད་དོན་དེ་ལ་སྣང་དག་མ་བཏང་ན་བརྡ་འཕྲིན་གྱི་དུས་རབས་སུ་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཞེས་པའང་ཁ་བཤད་ཀྱི་ལྦུ་བ་ཙམ་རེད།དེས་ན་མ་འོངས་པར་ངས་རང་རིགས་ཀྱི་བྲོ་བ་ལྡན་ལ་དུས་རབས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པ་དང་།ཚོང་ལས་དང་སྒྱུ་རྩལ་གྱི་རིན་ཐང་ཡང་ལྡན་པའི་འཁྲབ་གཞུང་བརྩམས་ཏེ་བོད་རིགས་འཁྲབ་སྟོན་པ་གང་མང་མང་གསོ་སྐྱོང་བྱ་རྒྱུའི་ཆོད་སེམས་ཡོད།དེ་ཡང་གོང་རིམ་གྱིས་བྱ་དགའ་གནང་བའི་ཆེད་དུ་མིན་ལ་སྒེར་གྱི་ལྟོ་གོས་ཀྱི་དོན་དུའང་མ་ཡིན།སྐལ་བ་བཟང་པོ་འདིར་རིག་གནས་པ་ཞིག་གི་ལས་འགན་ཕྲག་ཏུ་བླངས་ཡོད་པས་རང་རིགས་ཀྱི་ལོ་རྒྱུས་རིག་གནས་དང་ཆོས་ལུགས་གོམས་གཤིས།བསམ་བློའི་འདུ་ཤེས་དང་འགྲོ་ལུགས་འདུག་སྟངས་སོགས་ཚུར་སྣང་བྱས་པའི་གློག་བརྙན་དང་བརྙན་འཕྲིན།པར་རིས་ཅེས་འཛམ་གླིང་ཧྲིལ་པོར་ཁྱབ་སྤེལ་གཏོང་ཐུབ་ན་དེ་ནི་གཞན་རྗེས་འབྲངས་མི་དགོས་པའི་མི་ཚེའི་རིན་ཐང་རེད་ཅེས་གསུངས།
     དངོས་གནས།ཁོང་གི་གསུངས་པ་ལྟར་འཚོལ་སྙེག་གི་ལམ་བུ་རུ་དགའ་བའི་དགོད་སྒྲ་ཡོད་ལ་སྐྱོ་བའི་མཆི་མའང་ལྡན།ལོ་དུ་མའི་རིང་ལ་སྒྱུ་རྩལ་གྱི་ཆེད་དུ་ལ་རྒྱབ་ཐུར་བབས་བྱས་པ་ལ་སུས་ཀྱང་་གསེར་གྱི་ཆོ་ལོ་མ་གནང་མ་ལ་དངུལ་གྱི་ཅོད་པན་ཡང་སྤྲད་མ་མྱངས་མོད།འཇིག་རྟེན་འཁོར་བའི་སྐྱིད་སྡུག་དང་དུ་བླངས་པའི་ཕྱིར་མི་ལྡོག་པའི་དམ་བཅའ་དེ་ནི་བཙན་པོའི་གདུང་རྒྱུད་ཀྱི་བག་ལ་ཞ་བའི་སྙིང་སྟོབས་གཉིད་ལས་སད་པ་དང་བློ་སྤོབས་ཀྱི་ཏི་སེ་ལྷུན་པོར་གཡུ་རལ་དགུང་ལ་འཕྱོ་བའི་སྟབས་གོན་བྱས་པ་མ་ཡིན་ནམ།།
 
  • ལེ་ཚན་སྔོན་མ།: སྒྲ་སྦྱོར་བ་མཁས་ཅན་བཀྲ་ཤིས་དཔལ་འབྱོར།
  • ལེ་ཚན་རྗེས་མ།: རི་མོ་མཁས་ཅན་བློ་བཟང་བྱང་ཆུབ།
  • དོ་སྣང་ཆེ་བའི་རྩོམ།