རི་མོ་མཁས་ཅན་བློ་བཟང་བྱང་ཆུབ།

ཡེ་མགོན།        2010-12-15

བློ་བཟང་བྱང་ཆུབ་ནི་སྤྱི་ལོ ༡༩༤༨ལོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་འབའ་ཐང་རྫོང་གི་ཞིང་པའི་དུད་ཚང་ཞིག་ཏུ་སྐྱེས།ལོ་ན༨ཙམ་ལ་སོན་པའི་སྐབས་སུ་འབའ་ཐང་རྫོང་གི་སློབ་ཆུང་དུ་སློབ་གཉེར་བྱེད་འགོ་ཚུགས།དགོན་པའི་ཉེ་འཁོར་ནས་ནར་སོན་ཞིང་དུས་ཀྱི་དབང་གིས་དེ་དུས་དགོན་པ་སློབ་གྲྭར་བསྒྱུར་ཡོད་པ་དང་གནས་དེར་སློབ་གཉེར་བྱས་ཡོད་པས་ཆུང་ངུའི་དུས་ནས་བོད་ཀྱི་སྲོལ་རྒྱུན་རི་མོ་ལ་བག་ཆགས་ཟབ་མོ་ཐེབས།དུས་དེར་རྟག་པར་སློབ་མ་ཚོས་རིག་རྩལ་འཁྲབ་སྟོན་བྱེད་དགོས་པས་བློ་བཟང་བྱང་ཆུབ་ཀྱིས་འབག་ལ་སོགས་པའི་འཁྲབ་ཆས་སྣ་ཚོགས་བཟོས་ནས་སློབ་གྲོགས་དག་ལ་བཀོལ་སྤྱོད་བྱེད་དུ་བཅུག དུས་ཀྱི་འགྲོས་དང་འགྲོགས་བཞིན་བློ་བཟང་བྱང་ཆུབ་ཀྱང་སློབ་གྲྭ་ཡོངས་སུ་སྐད་གྲགས་ཅུང་ཙམ་ཡོད་པའི་མཛེས་རྩལ་མཁས་པོ་ཞིག་ཏུ་གྱུར།ལོ༡༤ལ་སོན་སྐབས་འབའ་ཐང་རྫོང་གི་སློབ་འབྲིང་དུ་རྒྱུགས་འཕྲོད།དེའི་སྐབས་སུ་བློ་བཟང་བྱང་ཆུབ་ཀྱིས་ཤེས་བྱ་རིག་གནས་ལ་སྦྱངས་བརྩོན་བྱས་པར་ཕུད།མཛེས་རྩལ་དགེ་རྒན་གྱིས་ཁྲིད་སྟོན་གནང་འོག་མེ་ཏོག་དང་གཟུགས་དབྱིབས་འདྲ་མིན་སྣ་ཚོགས་འབྲི་རྒྱུར་ཧ་ཅང་དགའ་པོ་ཡོད།དུས་རྟག་པར་སློབ་མཚམས་གྲོལ་རྗེས་སློབ་གྲྭའི་ཉེ་འཁོར་དུ་གནས་པའི་འབའ་ཆོས་ལྡན་དགོན་དང་རི་ཁྲོད་དུ་ཕྱིན་ནས་ལྡེབས་རིས་སོགས་ལ་ཞིབ་མོར་བལྟས་ནས་ལད་འབྲི་བྱས།༡༩༦༥ལོར་དར་མདོ་དགེ་འོས་སློབ་གྲྭ་ལ་རྒྱུགས་འཕྲོད་དེ་རང་གི་ལྟེ་ཁྲག་འཕོས་སའི་ཕ་ཡུལ་དང་ཐེངས་དང་པོར་བྲལ་ནས་གཞན་ཡུལ་ལ་གོམ་ཁ་བསྒྱུར།བློ་བཟང་བྱང་ཆུབ་དར་མདོའི་དགེ་འོས་སློབ་གྲྭའི་མཛེས་རྩལ་འཛིན་གྲྭར་རྒྱུགས་འཕྲོད་རྗེས།མཛེས་རྩལ་དགེ་རྒན་གྱིས་ཁྲིད་སྟོན་འོག བློ་བཟང་བྱམས་ཆུབ་ཀྱིས་སྙིང་རུས་བསྐྱེད་ནས་མཛེས་རྩལ་རི་མོའི་གཞི་རྩའི་ལག་ཤེས་དང་མཛེས་རྩལ་རིག་གཞུང་གི་ཤེས་བྱ་ལ་སློབ་སྦྱོང་བྱས།དུས་དེ་ནས་བཟུང་ཁོང་གིས་མཛེས་རྩལ་གྱི་ལམ་བུའི་ཐོག་གོམ་ཁ་དངོས་སུ་སྒྱུར་འགོ་ཚུགས།དར་མདོ་དགེ་འོས་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་རྟའུ་རྫོང་གྲོང་ཁུལ་སློབ་ཆུང་ནང་ལས་བགོས་བྱས་ནས་མཛེས་རྩལ་དགེ་རྒན་གྱི་ལས་ཀ་བསྒྲུབས།དེར་ལོ་གཉིས་ཙམ་སློབ་ཆུང་གི་མཛེས་རྩལ་དགེ་རྒན་བྱས་མཐར་གོང་རིམ་རྩ་འཛུགས་ཀྱིས་བློ་བཟང་བྱང་ཆུབ་བྲག་འགོ་རྫོང་སློབ་འབྲིང་དུ་བཀོད་སྒྲིག་བྱས་ནས་མཛེས་རྩལ་དགེ་རྒན་བྱེད་དུ་བཅུག བྲག་འགོའི་ཀེའུ་ཚང་སྤྲུལ་སྐུ་ཚང་གི་ལྡེབས་རིས་ནི་བྲག་འགོའི་ལྷ་བཟོ་སྙན་གྲགས་ཆེ་ཤོས་དག་གི་སོར་རྩལ་ལས་ཐོན་པའི་བོད་ཀྱི་སྲོལ་རྒྱུན་མཛེས་རིས་དག་ཡིན་ཞིང་།དེའི་སྐབས་སུ་བློ་བཟང་བྱང་ཆུབ་ཀྱིས་སློབ་ཁྲིད་བྱེད་ཞོར་དུ་རྟག་པར་དགོན་པ་དེ་རུ་ཕྱིན་ནས་ལད་འབྲི་བྱས་པས་མ་ཚད།ཁྱིམ་དུད་གཞན་གྱིས་ལྐོག་ཏུ་ཉར་ཚགས་བྱས་པའི་སྔོན་གྱི་མཚན་སྙན་རབ་ཏུ་འབར་བའི་ཧོར་བྲག་འགོའི་སྤྲུལ་པའི་ལྷ་བཟོ་ནམ་མཁའ་རྒྱལ་གྱི་ཕྱག་བཟོའི་ཐང་ག་མི་ཉུང་བ་ཞིག་དམངས་ཁྲོད་ཀྱི་རི་མོ་བ་མཁས་ཅན་ཟླ་བ་ལགས་ཀྱིས་སྔོན་རྗེས་སུ་གཡར་ནས་ལྐོག་ཏུ་དྲངས་ཡོད་པར་ཁོང་གཉིས་ཀྱིས་ཞིབ་ལྟ་ཡང་ཡང་བྱས་ཏེ་ལད་བྲིས་དང་མིག་དཔེར་གྱི་གསོས་སུ་སྨིན་པའི་སྐལ་བཟང་ཐོབ།ད་དུང་ཟླ་བ་ལགས་དང་གྲུབ་པ་དཔལ་ལྡན་ལགས་ལས་བོད་ཀྱི་སྲོལ་རྒྱུན་རི་མོ་ཐང་གའི་ཐིག་རྩ་དང་སྐྱ་བྲིས་སོགས་ལ་སྦྱངས་བརྩོན་བྱས་ཏེ་བོད་ཀྱི་སྲོལ་རྒྱུན་རི་མོའི་ཐད་རྨང་གཞི་བརྟན་པོ་བཏིང་ཕྱིན་འབྱུང་འགྱུར་གྱི་མཛེས་རྩལ་འབྲས་བཟང་སྨིན་པར་ཆ་རྐྱེན་ངེས་ཅན་ཞིག་བསྐྲུན་ཡོད།
      ༡༩༨༦ལོར་བློ་བཟང་བྱང་ཆུབ་དར་མདོར་ལས་གནས་སྤོར་ནས༼གངས་དཀར་རི་བོའི༽དུས་དེབ་ཀྱི་མཛེས་རྩལ་རྩོམ་སྒྲིག་བྱས།ལོ་དེར་པཎ་ཆེན་སྐུ་ཕྲེང་བཅུ་པ་ཁམས་ཁུལ་དུ་གཟིགས་ཞིབ་གནང་བ་ཕེབས་སྐབས་བློ་བཟང་བྱང་ཆུབ་ཀྱིས་བྲིས་པའི་ཐང་ག་ལ་ཧ་ཅང་ཐུགས་དགྱེས་པོ་གནང་བས་མ་ཚད།བློ་བཟང་བྱང་ཆུབ་ཉིད་པཎ་ཆེན་རིན་པོ་ཆེའི་ཐང་ག་འབྲི་མཁན་ལ་གདན་དྲངས།
        བློ་བཟང་བྱང་ཆུབ་ཀྱི་རི་མོའི་ཁྱད་ཆོས་ནི་ཁམས་ཁུལ་དུ་དར་ཁྱབ་ཆེ་བའི་ཀརྨ་སྒར་གསར་མའི་ཁྱད་ཆོས་ཡིན་ཞིང་།བོད་ཀྱི་སྲོལ་རྒྱུན་རི་མོའི་བརྗོད་བྱ་མཚོན་པའི་མཛད་ཆོས་དག་གི་ཆ་ཚད་དང་ཐིག་རྩའི་གཞུང་ལ་ཁུངས་གཏུག་ས་ཡོད་པའི་ཁར་ཚོན་མདོག་ཐད་དྭངས་ཤིང་གསལ་ལ་བྱིན་ཆགས་པར་ཡོང་རྒྱུར་གཙིགས་སུ་འཛིན་པ་དང་།མདངས་རྒྱག་པའི་གོ་རིམ་ཚང་ཞིང་གང་ལ་གང་འཚམ་གྱི་འགྱུར་ལྡོག་དང་ལྡན་ཡོད་པས་རི་མོ་ཉིད་ཞིབ་ཚགས་ཆེ་ཞིང་གཟི་བྱིན་འབར་བ་དང་དྭངས་གསལ་གྱི་ཉམས་ཀྱིས་ཕྱུག་པ་ཞིག་ཏུ་གྲུབ་ཡོད།ཁོང་གིས་སོར་རྩེ་ནས་ཐོན་པའི་རི་མོ་ནི་བོད་རིགས་ཀྱི་ཁྱད་ཆོས་མངོན་པར་དོད་ལ་དུས་རབས་ཀྱི་ཉམས་འགྱུར་ཡང་རབ་ཏུ་འབར་བ་ཞིག་ཏུ་གྲུབ་ཡོད།རི་མོ་དེ་དག་གིས་ཕྱོགས་མི་འདྲ་བའི་ས་ནས་བོད་རིགས་མི་དམངས་ཀྱི་དངོས་ཡོད་འཚོ་བ་དང་དགེ་ལེགས་དོན་དུ་གཉེར་བའི་འདུན་མ་མཚོན་ཡོད་ལ།སྲོལ་རྒྱུན་མཛེས་རྩལ་རྒྱུན་འཛིན་བྱས་པའི་རྨང་གཞིའི་སྟེང་དུ་སྒྱུ་རྩལ་གསར་གཏོད་དོན་དུ་གཉེར་བའི་ལྷག་བསམ་ཡང་མངོན་པ་ཞིག་ཡིན་གཤིས།ཁོང་ཉིད་ཀྱིས་བྲིས་པའི་མཛེས་རྩལ་རི་མོ་ལ་ཀུན་གྱིས་དགའ་ཞེན་དང་བརྩི་མཐོང་ཆེན་མོ་ཐོབ་པ་ཞིག་ཀྱང་རེད།འབྲེལ་ཡོད་ཆེད་རམས་པ་ཚོས་གདེང་འཇོག་བྱས་པར་གཞིགས་ན།བློ་བཟང་བྱང་ཆུབ་ཀྱི་སོར་རྩེ་ནས་ཐོན་པའི་མཛེས་རྩལ་རི་མོ་དག་ནི་ཆོས་ལུགས་ཀྱི་བརྗོད་བྱ་བཟུང་བའི་ཐང་ག་ཡིན་ནའང་འདྲ།བོད་རིགས་མི་དམངས་ཀྱི་འཚོ་བ་དང་གོམས་སྲོལ་མཚོན་པའི་མཛེས་རྩལ་རི་མོ་ཡིན་ཡང་རུང་།དེ་དག་གི་ཐུན་མིན་གྱི་ཁྱད་ཆོས་ནི་བོད་ཀྱི་སྒྱུ་རྩལ་གྱི་ཉིང་ཁུ་རྒྱུན་འཛིན་དང་བསྡུ་ལེན་བཅས་བྱས་པའི་རྨང་གཞིའི་སྟེང་གསར་འབྱེད་མདུན་བསྐྱོད་བྱས་པ་ཞིག་ཡིན་གྱིན་རེད།དེར་མ་ཟད་རྒྱལ་ཡོངས་ལུས་རྩལ་མཛེས་རྩལ་བཤམས་སྟོན།ཀྲུང་གོའི་སྒྱུ་རྩལ་དུས་ཆེན་གྱི་མཛེས་རྩལ་བཤམས་སྟོན་སོགས་བཤམས་སྟོན་སྣ་ཚོགས་ནང་བདམས་ཐོན་བྱུང་ནས་བཤམས་སྟོན་བྱས་མྱོང་བས་མ་ཚད།ད་དུང་མཛེས་རིས་ཁག་ཅིག་ཀྲུང་གོའི་མཛེས་རྩལ་ཁང་གིས་བསྡུ་ཉར་བྱས་ཡོད་པ་དང་རྒྱལ་ཁབ་རིམ་པའི་དཔེ་སྐྲུན་ཁང་ཁག་གིས་ཐེངས་མང་པོར་དཔེ་སྐྲུན་འགྲེམ་སྤེལ་བྱས་ཡོད་པ་རེད།སྔ་རྗེས་སུ་ཞིང་ཆེན་རིམ་པ་ཡན་ཆད་ཀྱི་བྱ་དགའ་ཐེངས་ལྔ་ཙམ་ཐོབ་མྱོང་།
 

  • ལེ་ཚན་སྔོན་མ།: བོད་རིགས་བརྙན་ལེན་ཆེད་ལས་པ་རྡོ་རྗེ་ཕུན་ཚོགས།
  • ལེ་ཚན་རྗེས་མ།:བོད་ཀྱི་དེང་རབས་གླུ་ཡི་རྒྱལ་པོ་ཡ་དུང་།
  • དོ་སྣང་ཆེ་བའི་རྩོམ།