བོད་གུར་གྱི་བཟོ་ཐབས།

    བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ།    2013-08-20

བོད་ཀྱི་གུར་ལ།གུར་མོ་ཆེ་དང་།གུར་ཆར་ཁེབས་ཅན་དང་།གུར་ཟུར་བརྒྱད་མ།གུར་མགོ་ནག །འགྲུལ་གུར།བསིལ་གཡབ་སོགས་རིགས་མང་པོ་ཡོད་པ་ལས། བོད་ཀྱི་རས་གུར་བཟོ་བའི་རྒྱུ་ནི།རས་དཀར་མཐུག་པོས་རྒྱུ་བྱས་ཐོག །རས་ནག་པོའི་པ་ཏྲ་དང་།མཐའ་ཤན།དུང་ཕྲེང་།དར་ཕྲུག་དམར་སྔོན་གྱི་འཕུར་མ།འབྲི་དང་གཡག་གི་རྔ་རྩིད་དཀར་ནག་གི་ཆོན་ཐག །ཤིང་གི་ཀ་ར་དང་ཕུར་པ་གདུང་ཤིང་།ཆ་རུ།རྩིད་པ་དམར་པོའི་ཆོན་ཐག་འཕན་བཅས་ཏེ།རྒྱུའི་དགོས་ཚད་ནི་རས་གུར་ཆེ་ཆུང་ལ་གཞིགས་ནས་བཟོ་བོའི་ཉམས་མྱོང་ལས་ཤེས་དགོས། བཟོ་ཐབས་ལ།གུར་མོ་ཆེ་མི་སྟོང་ཚོ་འགའ་ཤོངས་པའི་དགོན་པའི་འཚོགས་གུར་ཆེན་མོ་ཞིག་བཟོ་ན།རྒྱུ་ཆ་གོང་གི་སྟེང་དུ་རབ་ན་འགོ་སྣམ་སྲབ་ལ་རྒྱུ་སྤུས་བཟང་པོ་ཚོས་ལད་སླ་བའི་སྐྱོན་མི་འབྱུང་བ་སེར་མཐིང་དམར་ལྗང་སྣ་འཛོམས།ཟུར་སྐུད་སྦོམ་པོ་སོགས་གུར་མོ་ཆེའི་ཙི་པ་ཏྲ་ཚོན་ལྡན་དང་།ནོར་བུ་དང་།པད་མ་དང་གཡུང་དྲུང་ལག་བསླ་སོགས་བཟོ་བའི་རྒྱུ་དང་།རི་མོ་ཕྱི་ནང་ནས་འཐེན་བྱེད་ཀྱི་ཟུར་སྐུད།གདུང་ཤིང་སྟེང་དུ་ཟང་གསེར་གཉྫུ་ར་དང་ཡང་ན་རི་དྭགས་ཆོས་འཁོར།གུར་གྱི་ནང་ཤ་ཡོད་མེད་སྣ་ཚོགས་ཡོད་ཀྱང་གུར་མོ་ཆེ་ལ་མེད་ན་བཟང་ཞེས་གླེང་བས་གང་འདོད། འདི་ལ་པ་ཏྲ་རིགས་ཀྱི་ཚོན་གོས་ཆེན་གྱི་རིགས་ལས་བྱེད་པ་དང་རས་ལས་བྱེད་པ་སྣ་ཚོགས་སྣང་བས།གང་ལྟར་ཡང་ཚོན་ལད་གུར་གྱི་གཞི་རྫོད་ཉེན་པ་ཏྲའི་མདོག་ཤོར་ཉེན་ཡོད་པས་པ་ཏྲ་བཟོ་བའི་རྒྱུ་དང་ནང་ཤ་བཅས་རྒྱུ་བཟང་ཚོས་ལེགས་པ་ཞིག་གལ་ཆེ། གུར་མོ་ཆེ་དངོས་སུ་དྲུབ་པ།བཟོ་དང་བཀོད་པ་ལ་མཁས་ཤིང་གུར་དྲུབ་པའི་ཉམས་མྱོང་ཕུན་སུམ་ཚོགས་པའི་བཟོ་དཔོན་ཞིག་དང་།པ་ཏྲའི་རི་མོ་མཁས་པའི་རི་མོ་བ།བཟོ་དྲུབ་ལ་མཁས་པའི་བཟོ་བོ་དུ་མ།ཆོན་ཐག་གི་རྩིད་སྐུད་འཁེལ་མཁན་བཅས་བཅུ་ཕྲག་ལ་རྒལ་བ་ཞིག་དགོས། དེ་ལྟར་རྒྱུ་ཆ་དང་མིའི་ཆ་རྐྱེན་ཕུན་སུམ་ཚོགས་པ་ཞིག་འཛོམས་པ་དང་།དང་པོར་བཟོ་དཔོན་གྱིས་གུར་གྱི་སྟེང་ཁེབས་དྲས་ནས་དྲུབ་པར།གུར་གྱི་རྒྱ་ཁྱོན་དང་།ཕུབ་བདེ་ཞན།དབྱིབས་མཛེས་མིན།ཆར་ཁོག་དང་མི་ཁོག་ཐམས་ཅད་སྟེང་ཁེབས་ལ་རག་ལས་པས།དེའི་དྲ་ལུགས་དྲུབ་ལུགས་ཐམས་ཅད་ལ་ཤེས་བྱ་མང་པོ་ཞིག་ཡོད་དེ།གཅིག་ཏུ་དྲ་ལུགས་ཀྱིས་གུར་ལ་ལྐུག་མེད་པས་ཕུབ་དུས་ཕྱོགས་བཞི་ཟུར་བཞི་ཐམས་ཅད་ཐིག་བཏབས་པ་བཞིན་བརྒྱང་ཐུབ་པ་དང་།གཉིས་སུ་གུར་གྱི་མགོ་བོ་དྲུབ་དུས་བསྡུས་མ་ཐུབ་པར་བྱ་རྒོད་གཤོག་ཆག་ལྟ་བུ་མི་འབྱུང་བ་དང་།གསུམ་པ།དྲུབ་སྟངས་བྱ་སྤུ་འགེབ་ཀྱི་ཆུ་འགྲོས་ལེགས་པས་ཆར་གྱིས་གནོད་མེད་པ་དང་།བཞི་པ་གུར་གྱི་པ་ཏྲ་ཧ་ཅང་རྒྱས་དྲག་ནས་རྒྱང་མཛེས་མེད་པར་མ་གྱུར་པ་དང་།ལྔ་པ།གུར་གྱི་རི་མོར་ཚོན་ཁྲ་ཅན་གྱི་རི་མོ་ཙི་པ་ཏྲ་དང་།པད་མ་དང་།ནོར་བུ་སོགས་དགོད་མང་ན།གནས་སྐབས་མཛེས་ཀྱང་ཡུན་རིང་ན་ཆར་རླུང་དང་ཉི་འོད་སོགས་ཀྱིས་ཚོས་བོར་ནས་སྐྱ་བོར་འགྲོ་ཉེན་ཆེ་བས་ཚོན་ཁྲའི་རི་མོ་ཉུང་དུ་གཞུག་པ་དང་།གལ་སྲིད་མང་ཙམ་དགོད་དགོས་བྱུང་ན་ཚོན་མདོག་ཡལ་དཀའ་བའི་རྒྱུ་དང་ཁ་དོག་འགའ་ལས་སེར་པོ་དང་།སྤང་དང་སྐྱའི་རིགས་སོགས་ཁ་དོག་འགྱུར་སླ་བའི་རྒྱུ་མི་སྤྱོད་པ་དང་།དྲུག་པ།གུར་མོ་ཆེའི་མགོ་བོའི་དབུས་སུ།དགོན་པའི་འཚོགས་གུར་ཆེན་མོ་ཡིན་ན་ཆོས་སྡེ་སྣོད་གསུམ་གྱི་མཚོན་བྱེད་རི་དྭགས་ཆོས་འཁོར་དང་།སྐྱེས་ཕོ་མོའི་ཚོགས་གུར་ཡིན་ན་ཙི་པ་ཏྲ་དང་ནོར་བུ་མེ་འབར་སོགས་བཀྲ་ཤིས་རྟེན་འབྲེལ་གྱི་རི་མོའི་རིགས་དགོད་དགོས་ལ།དེ་ནི་སྤྱོད་སྒོར་ལེགས་པར་བརྟགས་ཏེ་གང་ལ་གང་འཚམས་པ་སྦྱར་བ་གལ་ཆེ་སྟེ།བོད་ཀྱི་རྒྱན་རིས་ཕལ་ཆེ་བ་ནི་རྟེན་འབྲེལ་གྱོ་དོན་སྣ་ཚོགས་མཚོན་བྱེད་ཀྱི་རི་མོ་ཡིན་ལ།རྒྱན་རིས་རི་མོའི་རིགས་ཤིན་ཏུ་མང་བར་དེ་དག་གི་མཚོན་དོན་ཤེས་ན་གདམ་ཡིན་ལ།རྒྱན་རིས་རི་མོའི་རིགས་ཤིན་ཏུ་མང་བར་དེ་དག་གི་མཚོན་དོན་ཤེས་ན་གདམ་བྱ་ཕུན་སུམ་ཚོགས་པ་ཞིག་ཡོད་པ་ལ།གལ་སྲིད་དེ་མ་ཤེས་པའམ་ཡང་ན་བསམ་མནོ་ཙམ་ཡང་མ་བཏང་ནས་གང་བདེར་བཀོད་ན་དོན་ལྡོག་འབྱུང་སྲིད་པས་ར་མགོ་ལུག་ལ་སྦྱར་བའི་དཔེར་མི་འགྲོ་བར་བྱེད་པ་དང་།བདུན་པ།ཆོན་ཐག་ནི།གུར་གྱི་འཛིན་བྱེད་དེ་རྒྱུ་ཞན་པས་བཟོས་ན་ཆར་ཆུས་ཡུན་བངས་ན་རུལ་ཉེན་ཆེ་བས་འབྲི་གཡག་གི་རྔ་རྩིད་དང་མིན་ཀྱང་རྩིད་པ་སྤུས་ལེགས་ཀྱི་ཐག་པར་མཛེས་རྒྱན་དུ་རྩིད་པ་དཀར་པོ་ཚོས་སུ་བཙོས་པའི་རྩིད་འཕན་དམར་པོ་བཏགས་པ་ནི་མཛེས་ཤིང་ཁྱད་ཆོས་ཅན་ཞིག་ཡིན།བརྒྱད་པ།གུར་གྱི་མཐའ་ར་མཐོ་དམན་གུར་ཆེ་ཆུང་ལ་གཞིགས་ནས་བྱ་ལ།གུར་མགོ་ཆེ་ལ་ར་བ་དམའ་ན་མནན་པའི་སྣང་བ་དང་།མགོ་ཆུང་ཞིང་ར་བ་མཐོ་ན་བརྗིད་མེད་ཅིང་རྒྱང་མཛེས་ཆུང་བས་ཆ་ལྡན་གལ་ཆེ།དགུ་པ།གུར་མགོ་དང་པ་ཏྲ་དྲུབ་སྐབ་ངེས་པར་དུ་ཆར་འབབ་པར་བསམ་བློ་བཏང་ནས་མཐའ་ཤན་དང་ཐག་པ་འཐེན་སྐབས་བྱ་སྤུ་འགེབས་ཀྱི་འགྲོས་དང་མཐུན་པ་དང་།པ་ཏྲ་དྲུབ་དུས་མཐའ་ཟུར་ཁབ་ཚུགས་ཀྱིས་མནན་མ་ཐུབ་ན།པ་ཏྲའི་མཚམས་ནས་ཆུ་འཛག་པ་ཡིན་པས་གཟབ་དགོས།བཅུ་པ།གུར་མོ་ཆེའི་སྟེང་དུ་ཟངས་གསེར་གྱི་གཉྫུ་ར་དང་ཡང་ན་འཁོར་ལོ་ནི།དགོན་པའི་འཚོགས་གུར་མ་གཏོགས་པའི་མི་སྐྱ་ཕོ་མོའི་གུར་ལ་འཇོག་སྲོལ་མེད་ལ།དགོན་ཆེན་གྱི་འཚོགས་གུར་ཤིན་ཏུ་རྒྱས་པའི་སྟེང་གི་དབུས་སུ་གཉྫུ་ར་དང་ཕྱོགས་གཉིས་སུ་བྱ་ཤང་ཤང་ཟུང་།ཡང་ན་རི་དྭགས་ཆོས་འཁོར།གདུང་ཤིང་སྣེ་གཉིས་སུ་ཁ་ཕྱི་བསྟན་དུ་ཆུ་སྲིན།འབྲིང་པོར་དཀྱིལ་དུ་འཁོར་ལོ་དང་ཡང་ན་གཉྫུ་ར་ཆུང་ཙམ།བསྡུས་པ་ལ་ཟངས་གསེར་གྱི་སྟེང་རྒྱན་མེད་པ་སོགས་ཏེ།སྟེང་རྒྱན་རི་དྭགས་ཆོས་འཁོར་ཡིན་ན།གུར་གྱི་སྟེང་ཁེབས་ཀྱི་པ་ཏྲའི་དབུས་སུ་ཡང་རི་དྭགས་ཆོས་འཁོར་བྲིས་ན་བསྐྱར་ཟློས་སུ་འགྲོ་བས།གཞི་གང་སྟེང་རི་མོ་གང་ཞིག་བྲི་སོགས་ཐོག་མ་ཉིད་ནས་འཆར་གཞི་ཡག་པོ་ཞིག་ཡོད་དགོས་ལ།སྟེང་ཁེབས་ཀྱི་ངོས་ཆུང་ས་གཉིས་སུ་རྣམ་བཅུ་དབང་ལྡན་རེ་བྲིས་ན་གུར་དེ་ས་གང་དུ་ཕུབ་ཀྱང་གནས་དེའི་ས་དགྲ་འགོག་པས་ལེགས་ཅེས་བཤད། གུར་མོ་ཆེའི་རིགས་ལ་ནང་ཤ་མེད་ན་དྭངས་པས་བཟང་ལ།སྟེང་ཁེབས་ཀྱི་མཐར་དུང་ཕྲེང་དང་འཕུར་མ་རིམ་པ་གཉིས་སམ་རྒྱས་པ་ལ་འཇའ་རིམ་པ་དང་བཅས་པའོ།
གཞན་ཡང་རས་གུར་གྱི་རིགས་མང་སྟེ།གཟིམ་གུར་ནི་བླ་ཆེན་དང་དཔོན་པོ་སོགས་ཡུལ་གཞན་དུ་འགྲོ་བ་དང་ཡང་ན་དབྱར་སྐྱིད་སོགས་ཀྱི་སྐབས་དབུབ་བྱ་མི་བཞི་ལྔ་ཙམ་ལས་མི་ཤོང་ལ་པ་ཏྲ་རྒྱན་རིས་དང་བཟོད་བཀོད་ཕུལ་དུ་བྱུང་ཞིང་།རྒྱུ་དང་དྲུབ་སྟང་སྤུས་ཀ་ཅན་ཞིག་སྟེ།དེབ་འདིའི་པར་རིས་སུ་བཀོད་པའི་རྒྱལ་དབང་ལྔ་པའི་གཟིམ་གུར་ལྟ་བུའོ།། རེ་འགའ་གུར་དེ་ཉལ་ས་ཙམ་མ་ཡིན་པར་ནང་དུ་དཀྱིལ་འཁོར་བསྡུས་པ་རེ་བཤམས་ནས་བླ་གྲྭ་བཞི་ལྔ་རེས་སྒྲུབ་པ་འདོན་བཞིན་ཡོད་པའང་མཐོང་། མི་སྐྱ་ཕོ་མོ་འདུས་སའི་གུར་མོ་ཆེ་ནི།སྤྱིར་གོང་སྨྲོས་ཀྱི་གུར་མོ་ཆེ་དང་ཕྱོགས་མཚུངས་ལ།གསེར་ཏོག་དང་རི་དྭགས་ཆོས་འཁོར་སོགས་ཀྱི་སྟེང་རྒྱན་མེད་ལ།སྟེང་ཁེབས་ཀྱི་དཀྱིལ་དུ་ནོར་བུ་མེ་འབར་དང་།རྣམ་བཅུ་དབང་ལྡན།ཙི་པ་ཏྲ་སོགས་དང་མཐའ་ར་ལ་ནོར་བུ་ཆ་བདུན་སོགས་ཀྱིས་མཛེས་པར་བྱེད། གུར་ཟུར་བརྒྱད་པ་ནི།སྟེང་དུ་གདུགས་ལྟ་བུའི་ཆར་ཁེབས་དུང་ཕྲེང་འཕུར་མ་དང་བཅས་པ།དེའི་འོག་ཏུ་གུར་དྲིལ་མདོང་གི་དབྱིབས་དང་འདྲ་བར་ངོས་བརྒྱད་དུ་བགོས་པར་རྟགས་བརྒྱད་དང་རྫས་བརྒྱད་སོགས་ཀྱི་པ་ཏྲས་མཛེས་ཤིང་ལོགས་རེའི་མཐའ་ནས་རས་ནག་གི་ཤན་ཆ་ཅན།སྟེང་ཁེབས་ནི་གུར་གྱི་སྟེང་ཁེབས་ལས་ཅུང་ཟད་ཆེ་བས་སྟེང་དུ་ཞྭ་ལྟར་ལྡིང་བ་སྟེ་ཕལ་ཆེར་རས་ཁྲ་སྐྱ་མདོག་ཅན་མེ་ཏོག་ཆུང་ཆུང་ན་གྱི་ནང་ཤ་ཡོད་མོད།གུར་སྒོ་ནི་ལོགས་བརྒྱད་ཀྱི་ངོས་གང་ཞིག་ཕྱེས་ནའང་ཆོག་ལ།ཆར་ཁེབས་ཅན་གུར་གྲུ་བཞི་སོགས་ལའང་ཡོད་དེ་དབྱིབས་དང་འཕུར་མ་ཡོད་མེད་ཀྱང་སྣ་ཚོགས་འབྱུང་ངོ་།། གུར་མགོ་ནག་ནི།སྟེང་ཁེབས་རེ་ལྡེ་ལས་བཟོས་ཤིང་སྟེང་གི་དཀྱིལ་དུ་མཐོང་གྲུ་བཞི་ལ་རེ་ལྡེའི་ཁེབ་གཅོད་རང་འགྲིག་ཅན།མཐའ་ར་རས་དཀར་ལས་བཟོས་ཤིང་མཛེས་རྒྱན་པ་ཏྲ་སོགས་གང་ཡང་མེད་པ་ཞིག་སྟེ།དེ་ནི་ཕལ་ཆེར་ཐབ་ཚང་དུ་སྤྱད་བྱ་དཀྱིལ་དུ་ཐབ་ཆེན་བཙུགས་པར་མེ་བུས་ནས་ཟས་གཡོ་བ་དང་ཇ་སྐོལ་སྐབས་ཚ་རླངས་དང་དུ་བ་གུར་ཀླད་ཀྱི་མཐོང་ནས་ཕྱིར་འགྲོ་ཞིང་།ཆར་དྲག་པོ་འབབ་ན་ཁེབ་གཅོད་ཀྱིས་དགབ་ཆོག་པ་ཞིག་གོ།
བསིལ་གཡབ་ནི།སྟེང་ཁེབས་ཁོ་ན་ཙམ་གྱིས་གྲུབ་ལ་རྒྱན་རིས་སོགས་གང་མེད་པའི་ཕྱར་བ་ལྟ་བུ།གདུང་ཤིང་གཅིག་དང་ཀ་ར་གཉིས་ཕུར་པ་བཞི་ལས་གཞན་གང་ཡང་མི་དགོས་པའི་རི་ཁར་ལས་ཀར་འགྲོ་བ་དང་།ཁུར་པོ་ཁུར་ནས་ལམ་ཐག་རིང་པོར་འགྲོ་བར་ཁྱེར་བདེ་མི་གཉིས་ཙམ་ཞིག་ཉལ་ན་ཆར་པ་ཁོག་ཙམ་པ་ཞིག་ཡིན་ལ།དེ་མཚུངས་ཀྱི་བཟོ་ཐབས་ཀྱང་སྟབས་བདེ་ཡིན།
གུར་ལ་ནང་ཤ་ཡོད་མེད་རང་རང་གི་འདོད་པ་ལྟར་ལ།ནང་ཤ་ལ་སྐྱོན་དང་ཡོན་ཏན་གཉིས་སྣང་བ་ནི།ནང་ཤ་སྦྱར་ན་ཆར་ཟེགས་ཁོག དྲོ་བ་ལའང་ཅུང་ཟད་ཕན།འོན་ཀྱང་གུར་ཆར་པས་བངས་ན་སྐེམ་དཀའ།ནང་ཤའི་ཚོས་དང་རྒྱུ་ངན་ན་ཚོས་བོར་བས་རས་དཀར་རྫོད་ཉེན་ཆེ།གུར་མ་སྐམ་ནས་སྟེབས་ན་མཐུག་རྐྱེན་གྱིས་རུལ་སླ།གནམ་གཤིས་ལེགས་དུས་ཀྱི་སྤང་སྟེང་དུ་གུར་ཕུབ་ནས་འདུག་པ་ནི་ཧ་ཅང་སྐྱིད་པོ་ཞིག་ཡིན་མོད་ཀྱང་།ནང་ཤ་ཅན་གྱི་གུར་ནང་དེ་ཙམ་སྣང་བ་མི་དྭངས་བ་སོགས་སོ།། གུར་ལ་ངེས་པར་དུ་ནང་ཤ་སྦྱར་འདོད་ན།དེང་གི་ཆུ་མི་འཐུང་ལ་ཆར་ཁོག་པ།མདོག་ཨེ་ཙམ་ལས་མི་འགྱུར་པ།རྒྱུ་སྲབ་པ་ཕྱི་ནང་ཕལ་ཆེར་མི་སྒྲིབ་ལ་ཉི་མ་ཚ་དུས་དྲི་ངན་མེད་པ་བཟང་ཡང་མཚན་མོའི་ཉལ་གུར་ནི་དེ་ལས་ཁྱད་པར་ཅན་དུ་ཤེས་པར་བྱའོ།། བོད་སྔར་ལུགས་ཀྱི་ལག་ཤེས་ལྟར་ན།གུར་གྱི་པ་ཏྲའི་རིགས་ཐམས་ཅད་རས་དང་གོས་ཆེན་སོགས་ལ་དྲས་ནས་ལྷན་དྲུབ་ཀྱི་ཚུལ་དུ་མཐའ་ནང་ཕྱོགས་སྟེབས་ནས་དྲུབ།རི་མོ་ཞིབ་པ་ལ་ཟུར་སྐུད་ཀྱི་བཅད་རིས་ལྟ་བུ་གཏོང་ཡིན་མོད།དེང་སང་མགྱོགས་ཐབས་སུ་རས་དཀར་གྱི་ཚད་གཅིག་མཚུངས་ཀྱི་གུར་མང་པོ་བཟོས་ཐོག་དེང་གི་རྫས་འགྱུར་གྱིས་བཟོས་ལ་ཆར་གྱིས་མི་གནོད་པའི་སྣག་ཚས་པ་ཏྲ་དང་མཐའ་ཤན་བཅས་པར་གྱིས་བཏབས་པ་དང་།ཡང་སྟེང་ཁེབས་བོད་གུར་གྱི་རྣམ་པར་མཐའ་ར་ཤེལ་གྱི་སྐར་བཀྲ་ཅན་ལྕགས་དང་ཡང་ན་འགྱིག་རྒྱུ་ལས་བཟོས་པ་དང་།ཡང་གུར་གྱི་འཛིན་བྱེད་ཐམས་ཅད་ལྕགས་རྒྱུག་གི་སྤྲས་ཀ་ཅན།ཆོན་ཐག་དང་ཕུར་པ་སོགས་གང་ཡང་མི་དགོས་པའི་བོད་གུར་དཔེ་གསར་མང་དུ་ཡོད་ཀྱང་བོད་སྲོལ་རྒྱུན་གྱི་ལག་ཤེས་དངོས་མིན་ཕྱིར་འཕྲོས་ཙམ་དུ་བྲིས་པའོ།།
དེ་ཡང་བོད་མ་གཏོགས་ཡུལ་གཞན་ན་མི་སྲིད་པའི་གུར་ཞིག་ཡོད་པ་ནི།གཅན་གཟན་སྟག་གི་ལྤགས་པ་བརྒྱ་ཐམ་པ་ལས་བཟོས་ཤིང་།དབྱིབས་སོག་གུར་དང་ཡང་ན་གོང་དུ་བཤད་པའི་ཟུར་བརྒྱད་མ་དང་ཕྱོགས་མཚུངས་ལ་སྟེང་ཁེབས་དང་མཐའ་ར་གཉིས་ལས་གྲུབ་ཅིང་སྤུ་ཕྱི་ཕྱོགས་སུ་བསྟན་པ།སྟེང་ཁེབས་ཀྱི་ཀླད་དབུས་སུ་ཟངས་གསེར་གྱི་ཏོག་གི་མཛེས་པ།ནང་དུ་འབུ་རས་དཀར་དམར་ཤོ་སྒྲིག་གི་ནང་ཤ་ཅན།སྟེང་ཁེབས་ཀྱི་མཐའ་ནས་སྲམ་ལྤགས་དམར་པོ་དང་།སྲམ་ལྤགས་དཀར་པོ།སྲམ་ལྤགས་ནག་པོ་གསུམ་གྱི་འཇའ་རིས་རིམ་པ་གསུམ།དེའི་མཐར་འཕུར་མའི་དོད་དུ་མགྲོན་བུ་ལས་བཟོས་པའི་དྲ་བ་དྲྭ་ཕྱེད་ཅན།གུར་ཕུབ་དུས་ནང་གི་རུ་ཤིང་དང་ཕྱིའི་ཆོན་ཐག་གཉིས་ཀར་བརྟེན་ནས་ཕུབ་དགོས་པའི་གུར་ཁྱར་པར་བ་ཞིག་སྟེ།དེ་བཟོ་མཁན་ནི་སྔོན་ལི་ཐང་གཡོན་རུ་དཔོན་ཡིན་པར་བཤད་ལ།ད་ལྟར་དཀར་མཛེས་ཁུལ་དངོས་མཛོད་ཁང་དང་ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་ཕྱོགས་གཉིས་ནས་བདག་བྱེད་བཞིན་ཡོད་དོ།། སྤྱིར་སྟག་ལྤགས་གུར་གྱི་བཟོ་རྒྱུན་བོད་དམངས་ཁྲོད་དུ་ཡོད་ཁུངས་མེད་ལ།ཕྱིས་དེ་བས་ཀྱང་འབྱུང་བ་དཀའ་བས་ལག་ཤེས་ཐད་ནས་དགོས་ཆེས་མེད་པ་འདྲ་ཡང་བོད་ཀྱི་ལག་ཤེས་ལས་བྱུང་བའི་དངོས་པོ་ཁྱད་པར་ཅན་ཞིག་ཡིན་ཕྱིར་མདོ་ཙམ་བྲིས་པའོ།།
  • ལེ་ཚན་སྔོན་མ།:སྦྲའི་བཟོ་ཐབས།
  • ལེ་ཚན་རྗེས་མ།:འཛམ་གླིང་ན་གཅིག་ལས་མེད་པའི་སྟག་ལྤགས་བརྒྱ་ཡི་གུར་ཆེན།