བོད་ཀྱི་སྤོས་སྐྱོད་སྡོད་ཁང་སྦྲ་ནག་གླེང་བ།(2)

ཟི་ལིང་།སྦྲ་ནག་པ་ལྷ་དཔལ་རྒྱལ།    མང་ཚོགས་སྒྱུ་རྩལ་དུས་དེབ་ལས་དྲངས།    2011-06-01


བོད་མི་རིགས་ཡ་ཐོག་སྤྱི་ཚོགས་ནས་བཟུང་པགས་པའི་གར་དུ་གནས་རྟེན་འཆོས་ནང་དུས་ཡུན་རིང་བོ་ཞིག་འགོར་བ་དང་རིམ་གྱིས་རང་བྱུང་ཁམས་ཆེན་མོ་དང་འབྲེལ་འདྲིས་སྣ་ཚོགས་བྱས་ཏེ་ཤེས་རིག་གི་རྨང་གཞིའི་ཐོག་མ་གནམ་གཤིས་དང་ས་བབ་ལ་བསྟུན་པའི་རྩིས་རིག་བྱུང་བ་རེ།དེ་ལྟར་རྔོན་ལས་ནས་རིམ་གྱིས་རི་དྭགས་རེ་འགའ་གཡུང་དུ་ཕབས་ཏེ་ཕྱུགས་ལས་འགོ་བརྩམས་ནས་རྟ་ནོར་ལུག་གསུམ་དང་འབྲེལ་བའི་ལོ་རྒྱུས་ཀྱི་དབུ་ཁྱུད་བྲིས་ཤིང་རིམ་གྱིས་ནོར་གྱི་ཁུལ་རྩིད་དང་བལ་སོགས་ནི་ཁོ་ཚོའི་འཚོ་བའི་ཁྲོད་ཀྱི་ཐོན་སྐྱེད་ལས་རིགས་གལ་ཆེན་ཞིག་ཏུ་གྱུར་ལ།དེ་དག་ལས་སྣོན་བྱས་པས་བོད་གནའ་མིའི་འཚོ་བ་ནི་ཅུང་འཐུས་ཚང་ཞིག་ཏུ་གྱུར་བ་རེད།པགས་པའི་གུར་གྱི་རྨང་གཞིའི་སྟེང་ཕྱུགས་ལས་སྤྱི་ཚོགས་སུ་རེ་ལྡེ་ནག་པོའི་གུར་དེ་བྱུང་བ་རེད།དེའི་དུས་རེ་ལྡེ་ནག་པོའི་གུར་ནི་བོད་འབངས་མང་ཚོགས་ཀྱི་ཕྱུགས་ལས་གཉེར་དུས་ཀྱི་སྤྲོས་སྐྱོད་སྡོད་ཁང་ཡིན་ལ་དེང་དུས་ཀྱི་སྦྲ་ནག་གི་ཐོག་མའི་རྣམ་པ་ཙམ་སྟེ་ཀ་པ་དང་གདུང་མས་འདེགས་པའི་སྐས་དབྱིབས་སུ་བཟོས་ཡོད་པ་རེད།
བོད་བཙན་པོའི་དུས་སྐབས་སུ་མཐའ་སྐོར་ཁྱིམ་མཚེས་རྒྱལ་ཁབ་དང་དམག་འཁྲུག་སྣ་ཚོགས་ཀྱི་དབང་གིས་གནས་ངེས་མེད་དུ་དམག་དཔུང་འདྲེན་པ་དང་དམག་བྱོལ་སོགས་ལ་དམག་སྒར་དུ་རེ་ལྡེ་ནག་པོའི་གུར་ལ་མཐོ་རིམ་མི་སྣས་བཟོ་བཅོས་བརྒྱབ་ནས་ཧ་ཅང་འཐུས་ཚང་དུ་གྱུར།《ནག་རྩིས་རྡེལ་འགྲེམ་འབྲས་བཤད》ལས “བོད་ཡུལ་མུན་པའི་གླིང་འདིར་ནི།གནམ་རི་སྲོང་བཙན་དུས་ཉིས་ནས།གཙུག་ལག་རྩིས་ཀྱི་དབུ་བརྙེས་ཀྱང་།ཡི་གེ་མེད་པས་དར་ཆས་དབེན།སྔ་འགྱུར་ཕྱི་འགྱུར་བར་འགྱུར་གསུམ།རྒྱ་བཟའ་ཀོང་ཇོའི་དུས་ཉིད་ནས།བོད་མི་ཤེས་རབ་ཅན་བཞི་དང་།དུ་ཧར་ཀུན་འབྱུང་ཨ་ལོ་དང་།ཧྰུ་ཆེན་གཙུག་སྟོན་ཟླ་ནག་པ།སོགས་ཀྱིས་མཐའ་དབུས་ཀུན་དུ་སྤེལ།”ཟེར་བ་ལས་རྒྱ་ནག་རྩིས་ཀྱི་གཞུང་ལུགས་དེ་རྒྱལ་པོ་གནམ་རི་སྲོང་བཙན་ནས་བོད་དུ་དར་འགོ་ཚུགས་པ་དང་རིམ་གྱིས་མཐའ་དབུས་དམངས་ཁྲོད་ལ་ས་འཐིམས་རྡོ་འཐིམས་སུ་སོང་ནས་ཀུན་གྱིས་ས་དགྲ་འགོག་པའི་རང་བྱུང་དད་མོས་དང་དེ་ལ་ཕན་པའི་སྨན་དུ་གནས་ངེས་མེད་ལ་སྤོར་སྐྱོད་ཀྱི་རང་དབང་ཆེར་ལྡན་པའི་སྡོད་ཁང་རེ་ལྡེ་ནག་པོའི་གུར་དེ་སྲིད་པ་ལྷའི་ཕྱག་རྒྱའི་རི་མོ་དཔེ་གཞིར་བཟུང་སྟེ་སྦལ་གཟུགས་སུ་བཟོས་ནས་བོད་ཀྱི་དམག་སྒར་དུ་སྦྲ་ནག་བྱུང་བ་རེད།
རེ་ལྡེ་ནག་པོའི་གུར་རམ་སྦྲ་ནག་ནི་དབྱར་ཁར་ཚ་གདུག་ཆེ་དུས་བསིལ་ཞིང་དགུན་ཁར་གྲང་ངར་ཆེ་དུས་དྲོ་བ།ཆུ་དང་ཆར་བས་མི་གནོད་པ།ས་བབ་ལ་བརྟག་མི་དགོས་ཤིང་འཁྱེར་བདེ་ཞིང་ཕུལ་སླ་བ་སོགས་ལས་ཀྱང་བོད་བཙན་པོའི་དུས་དུ་དམག་ཏུ་བཀོལ་བ་གསལ་བོར་ཤེས་ཐུབ།ཡང་བཤད་རྒྱུན་གཞན་ཞིག་ལ་སྦྲ་ནག་ནི་བོད་བཙན་པོའི་སྐབས་ཀྱི་དམག་སྒར་ཡིན་པས་ཆེད་དུ་དུག་སྡོམ་གྱི་དབྱིབས་ལྟར་བཟོས་པ་ཡིན་ལ།དེ་ནི་བོད་དམག་ནི་དུག་སྡོམ་འབུ་སྲིན་གཞན་དག་ལ་འཕྲད་པ་ལྟར་གཞན་སྡེ་ལ་ཤིན་ཏུ་རྒོད་པའི་མཚོན་དོན་ཡིན་ཟེར།ད་དུང་ཡང་བོད་དམངས་ཁྲོད་ཀྱི་བཤད་པ་ཞིག་ཏུ“ཆོས་རྒྱལ་རལ་བ་ཅན་གནས་འདིར་བྱོན་ནས།རྒྱ་གར་ནག་གཉིས་ས་མཚམས་ཕྱེ་ནས།སྦྲ་རོག་པོའི་མགོ་རུ་དེ་དུས་དར།སོགས་མང་པོ་ཞིག་ཡོད་པ་ལས་ང་ཚོས་ཤེས་ཐུབ་པ་ནི་རེ་ལྡེ་ནག་པོའི་གུར་རམ་སྦལ་གཟུགས་ཀྱི་སྦྲ་ནག་དེ་མ་ཧྰ་ཙི་ནའི་རྩིས་རིག་བོད་དུ་དར་བ་དང་བསྟུན་ནས་སྔོན་གྱི་རེ་ལྡེ་ནག་པོའི་གུར་དེ་འཐུས་སྒོ་ཆ་ཚང་དུ་བྱས་པ་ཞིག་རེད།དེ་ནས་བཟུང་བོད་ཀྱི་ཡུལ་དུ་དམག་འཁྲུག་རབ་དང་རིམ་པ་མཚམས་མ་ཆད་ལ་ལན་རེར་འཐབ་ཅིང་རྒྱལ་བ།ལན་རེར་ཕམ་ཞིང་བྲོས་པ་སོགས་ལ་གཏན་སྡོད་ངེས་གཏན་རང་བཞིན་གྱི་སྡོད་ཁང་ཞིག་ཡོ་ད་མ་ཐུབ་པས།མཐའ་མཚམས་ས་ཁུལ་དུ་ད་ལྟའི་བར་སྦྲ་ནག་གི་སྐབས་དེའི་རྣམ་པ་དེ་མ་ཉམས་སོར་ཆུད་དུ་ཡོད་པ་རེད།དེ་ལྟར་ཐོག་མ་ནས་རྩྭ་ཆུ་བསྙེགས་ཏེ་འཚོ་བ་རོལ་བའི་འབྲོག་པ་མང་ཚོགས་ཀྱི་ལས་གུར་དེ་རིམ་བཞིན་དམག་སྒར་དུ་གྱུར་བ་ཡིན་ལ།སྐབས་ངེས་ཅན་ཞིག་ནས་རིམ་བཞིན་འབྲོག་འབངས་མང་ཚོགས་ཀྱི་སྡོད་ཁང་དུ་གྱུར་བར་སྙམ།
གསུམ་པ།བོད་ཡ་ཐོག་སྤྱི་ཚོགས་སུ་ལས་གུར་དར་བའི་ཆ་རྐྱེན།
ཡ་ཐོག་གདོད་མའི་རིགས་དུས་ཡུན་ངེས་ཅན་ཞིག་ལ་ནགས་ཚལ་དང་བྲག་ཕུག་སོགས་སུ་གཞི་སྡོད་བྱས་ནས་རི་དྭགས་རེ་འགའ་གཡུང་དུ་ཕབས་པ་དེར་བརྟེན་ནས་མི་དང་སྒོ་ཕྱུགས་བར་དུ་གཅིག་ལ་གཅིག་བརྟེན་གྱི་འཚོ་བའོ་སྤྱི་འགྲོས་ཤིག་ཆགས།སྤྱི་འགྲོས་དེ་ནི་གློ་བུར་དུ་ཆགས་པ་ཞིག་མིན་ལ།ནམ་ཟླའི་དྲོ་གྲང་དང་ས་ཆུའི་གནས་བབ་སོགས་ཕྱིའི་ཆ་རྐྱེན་ངེས་ཅན་གྱི་སྦྱོང་བརྡར་ལས་བྱུང་བ་ཡིན།མིའི་རིགས་ཀྱི་ཐོག་མའི་བློ་གྲོས་ཀྱི་འབྱུང་ཁུངས་ནི་ལས་ཀ་སྣ་ཚོགས་ལས་པ་ལས་འཕེལ་བའི་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བ་འདི་ལྟར་ན།མིའི་རིགས་ཞིང་ལས་དང་ཕྱུགས་ལས་སུ་ཞུགས་པའི་བརྒྱུད་རིམ་ཁྲོད་བློ་གྲོས་ཀྱི་རྩལ་ཀྱང་རིམ་བཞིན་ཇེ་ཆེ་ནས་ཇེ་ཆེ་རུ་འགྲོ་བཞིན་ཡོད་པ་ཤེས་ཐུབ།བོད་མི་རིགས་ཀྱང་དེ་ལྟར་རྔོན་ལས་ནས་ཕྱུགས་ལས་སུ་གྱུར་བ་དང་གནས་ངེས་གཏན་ནས་ངེས་མེད་དུ་སྤོར་དགོས་བྱུང་བས།སྦྲ་ནག་ལྟ་བུའི་འཁྱེར་བདེ་ཞིང་ཟོར་ཡང་བའི་ལས་གུར་དེ་བོད་མིའི་འཚོ་བའི་ཁྲོད་མེད་མི་རུང་བའི་སྡོད་ཁང་གལ་ཆེན་ཞིག་ཏུ་འགྱུར་བ་ལ་རྨང་གཞི་བཏིང་།ཐོག་མར་ཁོ་ཚོས་སྒོ་ཕྱུགས་སྣ་ཚོགས་བསད་ནས་ཤ་ཟོས་པ་དང་པགས་པའི་གུར་སོགས་བཟོས་ནས་ནང་དུ་བསྡད།ཡིན་ན་ཡང་ལོ་བརྒྱ་ཕྲག་མང་པོར་སྒོ་ཕྱུགས་དང་འབྲེལ་འདྲིལ་བྱས་པའི་སྡོམ་ཚིག་ལས་ནོར་ལུག་གི་ཁུལ་དང་བལ་གྱིས་ཁོ་ཚོའི་བྱུང་བས།དབྱར་ཁར་བལ་དང་ནོར་རྩིད་སོགས་བྲེགས་ཏེ་སྐུད་པ་བཀལ་ནས་རེ་ལྡེ་འཐག་པ་དང་དེ་དག་ཡང་བསྐྱར་ལྷན་དུ་བསྒྲིགས་ནས་བཙེམ་སྟེ་སྡོད་ཁང་ལས་པ་རེད།དེ་ནས་བཟུང་བོད་ཀྱི་ཡུལ་དུ་ཐོག་མར་སྤོས་སྐྱོད་སྡོད་ཁང་བྱུང་བ་ཡིན་ལ།སྦྲ་ནག་གི་ཐོག་མའི་དབྱིབས་ཙམ་ཡང་བྱུང་བ་རེད།གཉིས་ནས་ནམ་ཟླ་དང་ས་བབ་ཀྱི་དབང་གིས་ལས་གུར་བྱུང་བར་ཡང་ཆ་རྐྱེན་ངེས་ཅན་བསྐྲུན།བོད་ཡུལ་ནི་རི་མཐོ་ཞིང་གཡང་གཟར་དང་བྲག་རི་མང་ལ་གནམ་གཤིས་འགྱུར་ལྡོག་ལ་ངེས་པ་མེད་པས།ཡུལ་གྲུ་ལ་ལར་གངས་དང་འཁྱག་རོམ་གྱིས་ཡོངས་སུ་བསྐོར་ཡོད་ལ།ལ་ལ་རྡོ་དང་བྲག་རི་ཡིན་པས་སྡོད་ཁང་ལས་པར་དཀའ་ཁག་ཧ་ཅང་ཆེན་པོ་ཡོད།འདི་ལྟ་བུའི་ཡུལ་དུ་རང་བྱུང་བྲག་ཕུག་སོགས་མེད་ཚེ།མིའི་རིགས་ཀྱི་འཚོ་གནས་འགག་སྲིད་པས།ཁོ་ཚོས་སྤོས་སྐྱོད་སྡོད་ཁང་བཟོ་བར་འཆར་གཞི་མི་འཐེན་ཀ་མེད་བྱུང་།གསུམ་ནས་ལས་རིགས་དེའི་དབང་གིས་ལས་གུར་བཟོ་བ་ལ་བླ་ན་མེད་པའི་སྔོན་འགྲོའི་ཆ་རྐྱེན་ལྡན་ཡོད།བོད་ཡ་ཐོག་མིའི་རིགས་ཕྱུགས་ལས་སུ་ཞུགས་པ་ནས་བཟུང་ཕྱུགས་འཚོ་སྐྱོང་ལ་རྩྭ་ཆུ་སྙེག་ནས་གནས་ངེས་མེད་དུ་དུས་ངེས་མེད་ལ་འགྲོ་དགོས་པས་གཏན་སྡོད་སྡོད་ཁང་ལ་བཀོལ་སྤྱོད་ཀྱི་རིན་ཐང་མེད་པ།ཁོ་ཚོའི་འཚོ་བའང་ཕྱུགས་རིགས་དང་འབྲལ་ཐུབ་མེད་པས་ཐོན་སྐྱེད་དངོས་པོ་མང་ཆེ་བ་ཡང་དེ་དང་འབྲེལ་ཡོད་པ་སོགས་ཡིན།
བཞི་པ།སྦྲ་ནག་གི་གསར་གཏོད་དེ་ཚན་རིག་དང་མཐུན་མིན།
སྦྲ་ནག་ནི་བོད་གནའ་བོའི་མིའི་རིགས་ཀྱི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་ལྟོས་བཅས་ཀྱིས་ཕྱོགས་ཡོངས་ནས་ཅུང་ཆ་ཚང་བའི་སྡོད་ཁང་ཞིག་ཡིན་ལ།འབྱུང་གཞིའི་རྩ་བ་རུས་སྦལ་གྱི་དབྱིབས་སུ་བཟོས་ཡོད་པས།རང་བྱུང་གནོད་འཚེ་གང་གིས་ཀྱང་མི་ཚུགས་པའི་བཤད་རྒྱུན་ངོ་མཚར་བ་མང་པོ་ད་ལྟའི་བར་དུ་ས་འཐིམས་རྡོ་འཐིམས་སུ་སོང་ཡོད།འདིའི་ཕྱིའི་བཀོད་པ་དང་ནང་གི་གྲུབ་སྟངས།ཐོན་ལས་རྒྱུ་ཆ་སོགས་མང་པོ་ཞིག་ལས་ང་ཚོ་བོད་མི་རིགས་ལ་གནའ་སྔ་མོ་ནས་ཚན་རིག་གི་བློ་གྲོས་ཁྱད་པར་ཅན་ལྡན་པ་ཤེས་ཐུབ།
གཅིག ཁོར་ཡུག་སྲུང་སྐྱོབ་ལ་ཐོན་པའི་ནུས་པ།སྦྲ་ནག་ཕུབ་དུས་སམ་ཡང་ན་གནས་སྤོར་དུས་གང་ཡིན་རུང་ས་བརྐོ་རྡོ་སློག་བྱེད་མི་དགོས་ལ།རང་གི་རྒྱ་ཁྱོན་དང་འོས་འཚམ་གྱི་གནས་གཞིས་ཤིག་གདམ་ནས་ཕུབ་ཆོག དེའི་ཀ་བ་སོགས་ནི་ཧ་ཅང་ཕྲ་ཞིང་ཐུང་ལ།སྦྲ་ནག་གི་གྲུབ་ཆ་ལ་མེད་དུ་མི་རུང་མོད།འོན་ཀྱང་རང་བྱུང་ནགས་ཚལ་མང་པོ་བརླགས་ནས་བཟོ་མི་དགོས་པར་སྡོང་བོའི་ཡན་ལག་གཅིག་གཉིས་ཙམ་གྱིས་འཐུས།དེ་མིན་གྲུབ་ཆ་གཞན་དག་ནི་ནོར་རྩིད་ཀྱིས་བསླེས་པའི་ཐ་གུ་དང་རེ་ལྡེ་སོགས་ཡིན་ལ།དེའི་རང་བྱུང་ཁོར་ཡུག་ལ་ཤུགས་རྐྱེན་ངན་པ་ཅི་ཡང་ཐེབས་མི་སྲིད།སྦྲ་ནག་གི་ཁ་དོག་ནག་པོ་ལ་ཉི་འོད་ལྡོག་འཕྲོས་ཀྱི་ནུས་པ་ཞན་མོད་ཡིན་ན་ཡང་ནང་དུ་སྡོད་དུས་ཆར་བ་སོགས་བབས་ཚེ་འཁལ་འཐག་གི་བར་གསེང་ལ་ཆུ་འཐིམས་ནས་དྲོད་སྲུང་ཐུབ་པ་དང་ཉི་མ་ཤར་ཚེ་ཆུ་བསྐམས་ནས་དབུགས་རྒྱུ་ཐུབ་པས་བསིལ་སྐྱེད་ཀྱི་ནུས་པ་ལྡན།ནང་གི་འབྲོག་ཐབ་རྡོ་གསུམ་ཟུར་གསུམ་གྱིས་བསྣོལ་ནས་བཟོས་ཡོད་ལ།མེ་འབུད་པ་ལ་ཨོང་བ་དང་རིལ་མ་སྐམ་པོ་འབུད་པ་ལས་སྡོང་བོ་བཅད་ནས་བུད་ཤིང་སོགས་སྤྱོད་བཞིན་མེད།འོན་ཀྱང་དེང་དུས་འབྲོག་པ་མང་ཚོགས་ཀྱིས་མེས་པོའི་ཤུལ་བཞག་རིན་ཆེན་ནོར་བུ་འདིའི་རིན་ཐང་མ་ཤེས་པར་སོག་གུར་ལ་དཔེ་གཞི་བཟུང་ནས་རས་གུར་དུ་སྡོད་པ་ཡང་ཡོད།
གཉིས།རང་བྱུང་གནོད་འཚེ་ལ་གདོང་ཕྱོགས་པ།དུས་ཡུན་ངེས་ཅན་ཞིག་ལ་རི་སྟོང་ལུང་སྟོང་དུ་གནས་སྡོད་ལ་ངེས་གཏན་མེད་པའི་ཕྱུགས་སྐྱོང་བ་དག་ནི་རང་བྱུང་གི་གནོད་འཚེ་མང་པོ་ཞིག་ལས་རྣམ་པར་རྒྱལ་བ་ཡང་ཁོ་ཚོས་ལོ་ངོ་སྟོང་ཕྲག་མང་པོའི་ཉམས་མྱོང་དང་སྦྱོང་བརྡར་ལས་ཐོན་པ་ཡིན།དེ་བས་ཁོ་ཚོས་སྦྲ་ནག་ནི་ཡན་ལག་ཐམས་ཅད་རེ་རེ་བཞིན་སྤར་ཁ་བརྒྱད་དང་སྨེ་བ་དགུ།ལོ་རིས་བཅུ་གཉིས་ཀྱི་དཔེ་རུ་བཀོད་ཡོད་པས་ས་དགྲ་ནོན་པ་དང་ས་ཆུ་ལ་བརྟག་མི་དགོས་པའི་བཤད་རྒྱུན་ཡོད།དེ་མིན་སྒོ་ཕྱར་དཀར་པོ་བྱས་པ་སོགས་རང་རང་གི་ཁྱད་ཆོས་ལྡན་པའི་འབྱུང་བཞིའི་རྩ་བ་རུས་སྦལ་གྱི་དབྱིབས་སུ་བཟོས་ཡོད།དེ་བས་ད་དུང་བོད་དམངས་ཁྲོད་ཀྱི་བཤད་རྒྱུན་ཞིག་ཏུ་འབྲོག་པའི་རུ་སྤོར་དུས་སྦྲ་མ་ཕུབ་པར་ཨ་མས་ཁྱེའུ་སར་མི་འཇོག་པའི་སྲོལ་དེ་ཡང་ས་སྲི་འགོག་པའི་ཆེད་དུ་ཡིན་ནོ།།
ལྔ་བ།སྦྲ་ནག་གིས་བོད་སྤྱི་ཚོགས་ལ་ཐོན་པའི་ནུས་པ།
གནའ་བོའི་བོད་ཀྱི་མེས་པོ་དག་མི་རབས་ནས་མི་རབས་བར་དུ་ས་མཐོ་ཆུ་གཙང་གི་འཛམ་གླིང་ཡང་རྩེ་རུ་ཕྱུགས་རིགས་ལ་བརྟེན་སན་འཚོ་བ་རོལ་ཏེ་སྒོ་ཕྱུགས་རྟ་ནོར་ལུག་གསུམ་དང་བོད་མི་རིགས་བར་བློས་དཔོག་དཀའ་བའི་འབྲེལ་བ་ཆགས་ཡོད་ལ།སྒོ་ཕྱུགས་མེད་ན་བོད་མི་རིགས་ཡོད་མི་སྲིད་ལ།བོད་མི་རིགས་མེད་ན་སྒོ་ཕྱུགས་ཡོད་མི་ཐུབ་པའི་ཆ་རྐྱེན་ངེས་ཅན་ཞིག་ལྡན་ཡོད།དེ་ལྟར་ཁོ་ཚོས་རྟ་ནོར་ལུག་གསུམ་འཚོ་སྐྱོང་ལ་རྩྭ་ཆུ་མཁོ་བའི་བསྡོམས་ཚིག་དེ་རྙེད་པ་ནས་བཟུང་།ས་རྡོ་བརྐོས་ནས་བྲག་ཕུག་ཏུ་སྡོད་པའི་སྲོལ་དེ་རིམ་གྱིས་བསྒྱུར་ལ།གནས་ངེས་གཏན་མེད་པར་རྩྭ་ཆུ་སྙེག་ནས་སྤོར་སྐྱོད་བྱས།དེ་བས་རུ་སྤོར་སྤྱི་ཚོགས་སྐབས་ཀྱི་འཚོ་བ་འདིས་བོད་མིའི་སྡོད་ཁང་དང་འཛུགས་སྐྲུན་སྣ་ཚོགས་ལ་འགྱུར་ལྡོག་བྱུང་དུ་བཅུག་སྟེ་རྔོན་ལས་ཁོ་ན་ནས་ཕྱུགས་ལས་དང་ཞིང་ལས་སུ་གྱུར་བ་དང་།བྲག་ཕུག་དང་སྤྱིལ་བུར་སྡོད་པ་ནས་སྦྲ་གུར་དུ་སྡོད་པའི་རྣམ་པ་བྱུང་།དེ་བཞིན་ལས་གུར་སྦྲ་ནག་གམ་སྡོད་ཁང་གཙོ་བོ་དེ་བོད་ཡུལ་དུ་དར་བ་ནས་བཟུང་སྟེ།སྤྱི་ཚོགས་སྟེང་ཡང་ནུས་པ་ཆེན་པོ་ཞིག་ཐོན་ཡོད།ཐོག་མར་ཕྱུགས་རིགས་འཚོ་སྐྱོང་ཙམ་གྱི་ནུས་པ་ལས་མེད་ན་ཡང་རིམ་བཞིན་བོད་ཆེན་པོའི་མངའ་ཁོངས་ཡོངས་སུ་མེད་མི་རུང་བའི་འཚོ་རྟེན་གྱི་གནས་གཞི་གལ་ཆེན་ཞིག་ཏུ་གྱུར།《ཐང་ཡིག་གསར་རྙིང་》ལས།བྷོད་འབངས་རྣམས་ཡུལ་གྲང་སར་སྡོད་ཅིང་མི་རྣམས་དབྱར་བལ་ཕྱིང་དང་དགུན་སློག་པ་གྱོན།རྩྭ་ཆུ་གང་བཟང་ལ་བལྟས་ནས་མཚེར་ས་འཛིན་ཅིང་སྦྲ་ནག་ཏུ་སྡོད་ཟེར་བ་ལས་ཤེས་པ་ནི་སྐབས་དེའི་བོད་འབངས་ཡོངས་ཀྱི་བརྒྱ་ཆའི་གྲངས་ཚད་ཆེས་མང་བ་ནི་སྦྲ་ནག་ཏུ་སྡོད་པའི་ཕྱུགས་འཚོ་མཁན་རེད།སྦྲ་ནག་མེད་ན་ཁོ་ཚོའི་སྡོད་ཁང་སྤོས་སྐྱོད་ལ་དཀའ་ཁག་དང་ལས་ཚེགས་མང་པོ་ཞིག་ཡོད་པ་དང་།དེ་ནི་འབངས་ཁོལ་གྱི་སྡོད་ཁང་ཙམ་མིན་པར་དམག་སྒར་དུ་བཀོལ་བཞིན་ཡོད་ཅིང་།དེའི་རྒྱུ་ཆ་སྣ་ཚོགས་བོད་རང་གིས་ལས་སྣོན་བྱས་པ་ཡིན་ལ།རྟ་གཡག་སོགས་ལ་བཀལ་ན་སྟབས་བདེ་ཞིང་ཡང་བ།ནང་ཁོད་ཡངས་ཤིང་དམག་མི་བརྒྱ་ཕྲག་ཙམ་སྡོད་ཐུབ་པ།ས་དགྲ་ཆུ་དགྲ་ལ་འཛེམ་མི་དགོས་པར་གང་འདོད་ལྟར་ཕུབ་ཆོག་པ་སོགས་བོད་སྤྱི་ཚོགས་སུ་ནུས་པ་གལ་ཆེན་ཐོན་ཡོད།
དྲུག་པ།སྦྲ་ནག་གི་གྲུབ་ཆ་དང་རྟེན་འབྲེལ་བརྟག་ཚུལ།
བོད་ཀྱི་སྡོད་ཁང་གཙོ་བོ་སྦྲ་ནག་དེ་བོད་སྤྱི་ཚོགས་སྟེང་བྱུང་ནས་ལོ་ངོ་སྟོང་ཕྲག་མང་པོ་ཞིག་འགོར་ཡོད་ལ།མི་རབས་མང་པོ་ནས་རྒྱལ་རབས་མང་པོའི་ནང་བོད་མི་དག་གིས་ཉམས་པ་བཟོ་བཅོས་དང་མེད་པ་ཁ་སྣོན་བརྒྱབ་སྟེ་ཡོངས་སུ་ཆ་ཚང་བའི་འཛམ་གླིང་གི་མཁས་པ་མང་པོ་ཞིག་གིས་བརྟོལ་མི་ཐུབ་པའི་གསང་བའི་རང་བཞིན་ཅན་གྱི་ད་ལྟའི་རྣམ་པ་དེ་བྱུང་བ་རེད།སྦྲ་ནག་གི་གྲུབ་ཆ་ཁོ་ན་ཡང་ཅུང་རྙོག་འཛིང་ལྡན་ཞིང་སྣ་མང་ཅན་ཞིག་ཡིན་ལ།དེ་དག་རེ་རེ་བཞིན་འགྲེལ་རྒྱུ་ནི་ཧ་ཅང་དཀའ་མོད།ཡིན་ན་ཡང་རང་གི་མིག་མཐོང་ལག་ཟིན་གྱིས་སྦྲ་ནག་གི་ཕྱི་ནང་ཟུང་གི་གྲུབ་ཆ་དང་གྲུབ་སྟངས་དེ་ངོ་སྤྲོད་ཙམ་བྱེད་པ་ལ།
 གཅིག སྦྲ་ནག་གི་ཕྱིའི་གྲུབ་ཆ།སྦྲ་ནག་གི་རྒྱུ་ཆ་གཙོ་བོ་ནི་ང་ཚོས་ཤེས་གསལ་ལྟར་བོད་རིགས་བུད་མེད་ཀྱིས་འཐག་པའི་རེ་ལྡེ་བསྒྲིགས་ནས་བཟོས་པ་ཡིན་ཅིང་།སྒྲོག་གུ་དང་སྒྲོག་ལུང་།ཀ་བ་དང་ཐ་གུ་རིང་ཐུང་སོགས་ནི་སྦྲ་ནག་གི་གྲུབ་ཆ་ལ་མེད་དུ་མི་རུང་རྒྱུ་ཆ་གལ་ཆེན་ཞིག་ཡིན།སྦྲ་ནག་ནི་ཁྱིམ་ཚང་གང་རུང་གི་འཚོ་བའི་ཆ་རྐྱེན་དང་བསྟུན་ནས་ཆེ་ཆུང་ལ་ངེས་གཏན་མེད་མོད།སྦྲ་ཚད་ལྡན་ཞིག་ནི་ཕལ་ཆེར་སྲིད་དུ་ཕོ་འདོམ་བཞི་དང་ཕྱེད་ཀ་ཞེང་ལ་སྦྲ་ཀླད་དུ་རེ་ཞེང་(རེ་ལྡེའི་ཞེང་ཚད་ཞེས་པའི་བསྡུས་ཚིག)དགུ་དང་མཁལ་དུ་རེ་ཞེང་བཅུ་སྟེ་བསྡོམས་པས་རེ་ཞེང་བཅུ་དགུ་དགོས།སྦྲའི་ཕྱི་རོལ་གྱི་ཟུར་བཞིར་ཆོན་ཐག་བཞི་དང་སྦྲའི་སྐེད་དམ་མཁལ་གཉིས་ཀར་ཆོན་ཐག་རེ།དེ་མིན་སྒོ་ཆོན་གཉིས་དང་ཕུག་ཆོན་གཅིག་སྟེ་བསྡོམས་པས་ཆོན་ཐག་དགུ་ཡོད་ལ་དེ་དག་རེ་རེ་བཀར་བྱེད་ཀྱི་ཀ་བའང་དགུ་ཡོད་པ་སྨེ་བ་དགུའི་མཚོན་དོན་ཡིན་པར་བཤད།ཁྱོན་བསྡོམས་སྦྲའི་ཕྱི་རོལ་ཏུ་ས་འདོགས་ཕུར་བ་ཉེར་བརྒྱད་ཡོད་ལ་དེ་ཡང་རྒྱུ་སྐར་ཉེར་བརྒྱད་ཀྱི་མཚོན་དོན་དུ་བགྲང་།དེ་མིན་ད་དུང་བོད་མི་ཚོ་རྟེན་འབྲེལ་བརྟག་རྒྱུར་ཧ་ཅང་དགའ་ལ་ཁ་དོག་ནག་པོའི་རིགས་ནི་བཀྲ་མི་ཤིས་པ་ཞིག་ཏུ་བརྩི་བས་སྦྲ་ནག་ཀྱང་ནག་པོ་ནག་རྐྱང་ཞིག་མིན་ལ།སྦྲའི་ཁ་ཚུབ་(ཕོ་ཁྱིམ་དང་མོ་ཁྱིམ་གཉིས་སྦྲེལ་མཚམས་ཀྱི་ཡོ་བྱད་ཅིག་སྟེ།གནམ་གཤིས་བཟང་དུས་ཕྱེ་ཆོག་ལ།ཆར་བ་སོགས་འབབ་དུས་བཀབ་ཆོག)ནི་ལུག་བལ་དཀར་པོ་འཐག་པའི་རེ་ལྡེས་བཟོས་ཡོད་པ་དང་སྒོ་ཕྱར་ནི་རས་དཀར་པོས་བཟོས་ནས་གྲུབ་ཡོད།དེས་གདོན་དང་འདྲ།བཙན།གཉན།གཟའ་བཅས་ཀྱི་གནོད་འཚེ་འགོག་ཐུབ་པའི་བཤད་རྒྱུན་དང་མཚོན་དོན་ཡོད།དེ་མིན་སྦྲ་ནག་གི་གྲུ་བཞིའི་ཆོན་ཐག་གམ་ཁ་ཐིག་ལ་དུས་ཚིགས་བཞིའི་མཚོན་རྟགས་ཡོད་པར་ཡང་བཤད།ད་དུང་ཧྲག་ཕྱར་ནི་ཁྱིམ་ཚང་ལ་ཤས་ཀྱིས་བལ་དཀར་པོའི་རེ་ལྡེ་དང་ཡང་ལ་ཤས་ཀྱིས་ཁ་དོག་ལ་ངེས་གཏན་མེད་པར་གོས་དང་རས་ཀྱིས་བཟོས་ཡོད།ང་བརྒྱད་སྔོན་དུ་གཏན་སྡོད་དུ་འཛུགས་སྐྲུན་བྱས་པའི་ཁང་བ་མེད་པས།དགུན་ཁར་ས་དམའ་ཞིང་ཅུང་དྲོ་བའི་གནས་སུ་འབྲོག་པ་མང་ཚོགས་ཀྱིས་སྦྲ་ཕུབ་ནས་དགུན་བསྐྱལ་བཞིན་ཡོད་ལ།སྦྲའི་ཕྱི་རོལ་གྱི་ཆོན་ཐག་དགུ་ཡི་སྟེང་དུ་དར་ལྕོག་འདོགས་པའི་སྲོལ་ཡང་ཡོད།ཇག་ལ་དགའ་ཞིང་དཔའ་འཛིང་རྟུལ་ཕོད་ཅན་གྱི་ཁྱིམ་བདག་རེ་འགས་ཐབ་ཀའི་བང་ཁ་རུ་མདུང་མོ་བསླངས་ནས་བ་དན་དང་མདུང་རྩེ་ཁ་ཚུབ་བརྒྱུད་ནས་ཕྱི་རུ་འཕུད་པའང་གང་མང་ཡོད།སྦྲའི་ཕུག་ཆོན་སྲུང་མའི་རྟེན་དང་དཀྱིལ་ཆོན་ཕྱུགས་ཀྱི་རྟེན།སྒོ་ཆོན་འཁོར་བའི་རྟེན་གྱི་མཚོན་བྱེད་དུ་བཤད་པས།རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ཕུག་ཆོན་ལ་བསང་ཕུལ་པའི་རྟེན་བཏགས་ཏེ་ལྷ་བསང་གཏོང་བ་དང་།དཀྱིལ་ཆོན་ལ་གཡང་རྟེན་གྱི་བལ་འདོགས་པ།སྒོ་ཆོན་ལ་བག་གསར་གྱི་གཡང་རྟ་འདོགས་པ་སོགས་ཀྱི་རྟེན་འབྲེལ་བསྒྲིགས།  གཉིས།སྦྲ་ནག་གི་ནང་གི་གྲུབ་ཆ།སྦྲ་ནག་གི་ནང་རོལ་ནི་ཕྱི་རོལ་ལས་ཅུང་རྙོག་འཛིང་ཅན་ཡིན་ལ།སྒྲིག་གཞི་དང་གྲུབ་ཚུལ་གཙོ་བོ་ཡང་ནང་དུ་ཡོད་པས་འདིའི་སྐོར་སྦྲ་ནག་ཏུ་འཚོ་བ་རོལ་བའི་བགྲེས་སོང་མེས་པོ་དག་གི་ངག་སྒྲོས་དེ་རྒྱུ་ཆར་བཟུང་ནས་དཔྱད་པ་ཙམ་བགྱི་ཁུལ་བྱེད་ན།སྦྲ་ནག་གི་ནང་གི་གྲུབ་ཚུལ་གཙོ་བོ་ནི་ཐ་གུ་དང་སྒྲོག་ལུང་གཉིས་ཡིན།དེར་ཁྱོན་བསྡོམས་ངོ་ཐིག་བཅུ་གཉིས་ཡོད་པ་དེ་ལོ་སྐོར་ཟླ་བ་བཅུ་གཉིས་ཀྱི་མཚོན་བྱེད་ཡིན།སྦྲའི་ནང་བཀར་བྱེད་ལ་ཀ་བ་བརྒྱད་ཡོད་པ་ནི་སྤར་ཁ་བརྒྱད་ཀྱི་མཚོན་དོན་ཡིན་ལ་ཕྱི་ནང་ཟུང་འབྲེལ་གྱིས་སྦྲ་ནག་དེ་རྩིས་གཞུང་དུ་བཤད་པའི་རུས་སྦལ་གྱི་དབྱིབས་དང་ཡོངས་སུ་མཚུངས་པ་ཞིག་བཟོས་ཡོད།སྦྲ་ནག་བཀར་བྱེད་ཀྱི་ནང་ཀ་བརྒྱད་ལས་ཡས་ཕུག་གི་ཀ་བ་ནི་ཤིང་སྟག་པ་ཡིན་ལ།དེས་ཁྱིམ་མིའི་སྐུ་ཚེ་ཡུན་རིང་བརྟན་པ་དང་སྦྲའི་སྒོ་ཁའི་ཀ་བ་ནི་ཤུག་པ་ཡིན་ལ་དེས་སྒོ་ཕྱུག་པ་སྟེ་རྒྱུ་ཡི་འཕེལ་ཁ་དར་བའི་རྟེན་འབྲེལ་གྱི་ཕྱྭ་གཡང་བསྒྲིགས་ཡོད།སྦྲའི་ནང་གི་གཡས་ཁྱིམ་ལ་མོ་ཁྱིམ་དང་གཡོན་ཁྱིམ་ལ་ཕོ་ཁྱིམ་དུ་འབོད།མོ་ཁྱིམ་གྱི་ཕྱོགས་སུ་བུད་མེད་རྣམས་ཀྱིས་འོ་ཞོ་མར་གསུམ་སོགས་ཀྱི་ཁྱིམ་ལས་གཉེར་བ་དང་ཕོ་ཁྱིམ་ཕྱོགས་ཀྱི་ཕུགས་བྶཀོར་ནས་དོ་ཆ་བརྩིགས་པ་དང་སྐུ་གསུང་ཐུགས་རྟེན་གྱི་མཆོད་ཁྲི་བཤམས།དེ་དག་དཔེ་གཞི་རི་མོ་ལས་མཚོན་པར་བྱས་པ་གཤམ་གསལ་ལྟར་ཡིན།
    མཇུག་བསྡུ་བ།
བོད་དེང་རབས་ལོ་རྒྱུས་སྟེང་མ་ཉམས་པར་གནས་པའི་སྲོལ་རྒྱུན་རིག་གནས་མང་ཤོས་ཤིག་ད་ལྟ་མྱུར་དུ་མ་བསྐྱབས་ན་འཇིག་ཉེན་ཆེ་ལ།འདི་དག་ལ་བློ་གཟུར་བོའི་སྒོ་ནས་དཔྱད་པ་གཏོང་སྐབས་མི་རིགས་གཞན་དང་མི་འདྲ་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་པོ་ཞིག་ཡོད།དྲང་མོར་བཤད་ན་རྩོམ་ཐུང་འདིའི་མགོ་མཇུག་བར་གསུམ་གྱི་དཔྱད་གཞིའི་ཡིག་ཆ་མང་ཤོས་ནི་བོད་ཡིག་ཏུ་རྟ་མོག་མོག་གི་སྤུ་ལྟར་དཀོན་ཞིང་ཡིག་རིགས་གཞན་དུ་འཁོད་པ་ཅུང་མང་།དེ་དག་ལས་ང་རང་ཧ་ལས་པ་ཞིག་ནི་ཉི་ཧོང་གི་རྩོམ་པ་པོ་ཞིག་གིས་ཞིབ་ཚགས་ལྡན་པའི་སྒོ་ནས་སྦྲ་ནག་གི་ཕྱི་ནང་བར་གསུམ་ཡི་གེ་དང་རི་མོར་བཀོད་ཡོད་པ་དང་།རང་རིགས་ནི་སྦྲ་ནག་དང་ཆེས་ཉེ་བའི་མི་རིགས་ཤིག་ཡིན་ནའང་འདི་ལྟར་སྦྲ་ནག་གི་ཕྱི་ནང་བར་གསུམ་ཡི་གེ་དང་རི་མོར་བཀོད་ནས་ཀུན་གྱི་མིག་ལམ་དུ་སྟོན་པའི་བརྩམས་ཆོས་ཤིག་ད་དུང་མ་མཐོང་བ་དེ་རེད།སྤྱིར་རང་གི་རིག་གནས་ནི་རང་གིས་གཞན་ལ་ངོ་སྤྲོད་བྱེད་དགོས་ཀྱང་ད་ལྟ་གཞན་གྱིས་ང་ཚོ་ལ་ང་ཚོའི་རིག་གནས་ངོ་སྤྲོད་བྱེད་པའི་གནས་ཚུལ་འདི་འདྲ་འབྱུང་བཞིན་ཡོད་པས།རང་གི་ནུས་ཚོད་ཀྱིས་སྦྲ་ནག་ཅེས་པའི་བོད་ཀྱི་ལས་གུར་དེ་ཀུན་ལ་ངོ་སྤྲོད་ཙམ་བྱས་པ་ཡིན་ལ་གཤམ་ནས་སྦྲ་ནག་དང་འབྲེལ་བའི་གཏམ་དཔེ་འགས་རྩོམ་མཇུག་བསྡུ་ན།
༡སྦྲ་ནག་དུ་བ་ཅན།།སླ་ང་དྲེག་པ་ཅན།
༢སྦྲ་རོག་རོག་ཅན་ལ་མཛེ་ནད་མི་ཕོག
༣སྦྲ་ཆེན་ལ་ཧེབ་མ་ལང་།སྦྲ་ཆུང་ལ་ཡིད་མ་ཆད།
༤བུ་ཁེར་འདུག་ལ་མི་ཁ་རང་འཁོར།སྦྲ་འདབས་ལོ་ལ་བསེར་བུ་རང་ཐོན།
༥སྦྲ་མཐིང་སྨུག་ཁ་རུ་ལྷོར་བརྐྱངས།ཕྱུགས་ཁྲ་ཁྲའི་མགོ་ལོ་རྫར་བྱས།
༦སྦྲ་རོག་རོག་ཅན་པོ་རུ་སྡེར་བསམ།མིག་ཁྲ་རིལ་ཅན་པོ་བུ་ལོར་བསམ།
༧སྦྲ་བཀལ་འགོ་གཅིག་ནས་བཀལ་ནོ།ཐབ་སླང་འགོ་གཅིག་ནས་ཕོག་ནོ།
༨སྦྲ་ཡྰ་མོན།(衙门)འདྲ་བོ།གཞིས་རྒྱ་མཁར་འདྲ་བོ།
༩ཕུགས་ཀྱི་སྦྲ་རྒན་དུད་པ་ཅན།རྩིག་གི་ཡུམ་རྒན་ངམ་ཁ་ཅན།
༡༠མགོ་སྦྲ་སྨུག་པོའི་ནང་འཛིན།ཁྲ་ཁྲ་ཕྱུགས་ཀྱི་འགོ་རྫི།ཞེས་པའོ།།
 (རྩོམ་སྒྲིག་པ་བདེ་ཆེན་དབང་མོ།)
 

  • ལེ་ཚན་སྔོན་མ།:ཁམས་པའི་སྦྲ་གུར་གྱི་གཙུག་ནོར།
  • ལེ་ཚན་རྗེས་མ།:གནམ་སའི་བར་ན་གཟི་བྱིན་གྱི་དྲོད་རླངས་མ་ཡལ་པའི་འབྲོག་པའི་སྦྲ་ཁྱིམ།