སྨད་མདོ་ཁམས་སྒང་དྲུག་གི་ལམ་ཡིག་ཤེས་བྱ་ཟེགས་མ།

ཀརྨ་རྒྱལ་མཚན།        2010-09-01

སྨད་མདོ་ཁམས་སྒང་དྲུག་གི་ལམ་ཡིག་ཤེས་བྱ་ཟེགས་མ།

  མདོ་ཁམས་ཟེར་བ་ནི་བོད་ཆོལ་ཁ་གསུམ་གྱི་ནང་ཚན་ཕྱི་མ་གཉིས་ལ་མདོ་ཁམས་ཟེར་ཞིང་། མདོ་སྟོང་དེ་ལ་ནང་གསེས་ཀྱིས་ཕྱེ་ན། ཆུ་བཞི་དང་།  སྒང་དྲུག་ཏུ་ཕྱེ་བ་ཡིན་ལ། མདོ་སྨད་ནི་རྨ་ཆུ་ལྷོ་བྱང་བརྒྱུད་དེང་སང་མཚོ་སྔོན་དང་། ཀན་སུའུ་ཞིང་ཆེན་གྱི་མངའ་ཁུལ་རྣམས་ལ་ཟེར། མདོ་སྟོད་མདོ་སྨད་གཉིས་བསྡོམས་པར་མདོ་ཁམས་ཞེས་བཤད་སྲོལ་ཡོད། དེང་སང་ཆབ་མདོ་མངའ་ཁུལ་ལ་མདོ་སྨད་མངའ་ཁུལ་ཟེར་བ་ནི། སྔར་ས་གནས་སྲིད་གཞུང་གི་སྐབས་མིང་དེ་ལྟར་གཏགས་པ་གཞིར་བཞག་བྱས་པ་ཡིན། ཅེས་དུང་དཀར་ཚིག་མཛོད་ཆེན་མོ་ལས་གསལ། ཁམས་ཞེས་པའི་ཐ་སྙད་འདི་ལ་གོ་དོན་མང་ཙམ་ཡོད་པ་ཡིན་ལ། འདིར་གླེང་བའི་ཁམས་ཞེས་པ་ནི། ཡུལ་མཐའི་དོན་ཏེ་མཐའི་རྒྱལ་ཕྲན་ཁམས་ཀྱི་རྒྱལ་ཕྲན་དུ་འབོད་པ་ལྟར་རོ། །  དེ་ལྟར་བོད་ཡུལ་དབུས་ཀྱི་ལྟོས་འཇོག་གི་ཆ་ནས་མིང་དེ་ལྟར་ཐོགས་པ་ཡིན། ཁམས་བྱ་བའི་མིང་འདི་ཡུལ་མིང་གི་ཆ་ནས་འབོད་པ་བོད་བཙན་པོའི་དུས་སྐབས་ནས་བྱུང་ཡོད་ནའང་། སྐབས་དེའི་ངོས་འཛིན་ནི་ལྟའི་ཁམས་ཕྱོགས་ཙམ་ལ་གོ་བ་ཁོ་ན་མིན་ཏེ། མདོ་སྨད་ཕྱོགས་ལའང་ཁམས་ཀྱི་གཡར་མོ་ཐང་ཞེས་འབོད་པ་ལྟ་བུས་མཚོན། མདོ་སྟོད་སྨད་གཉིས་ཀྱི་ཡུལ་གྲུ་གཉིས་ལ་གོ་འདུག་སྙམ། ཁམས་ཕྱོགས་ཀྱི་གནའ་བོའི་ཡུལ་མིང་འགའ་རེ་དཔེར་ན་ཏྲེ་དང་མདན་དང་རྟའུ་དཀྱུས་ལྟ་བུའང་ཏུན་ཧོང་གཏེར་ཡིག་ཏུ་མཐོང་རྒྱུ་ཡོད་ལ། ཡུལ་སྤྱི་ལ་ཁམས་ཞེས་འབོད་པ་ནི་དུས་ཕྱིས་སུ་བྱུང་བ་ཡིན་འདུག   དུས་ཕྱིས་རིམ་གྱིས་མདོ་སྟོད་སྨད་གཉིས་ལ་མདོ་ཁམས་ཞེས་འབོད་པ་དེ་ནས་རིམ་གྱིས་མདོ་སྨད་ལ་ཨ་མདོ་དང་མདོ་སྟོད་ལ་ཁམས་ཞེས་པའི་མིང་ཆགས་ཤིང་། བོད་ཡུལ་ཡོངས་སྟོད་སྨད་བར་གསུམ་དུ་བགོ་སྐབས་སྨད་མདོ་ཁམས་སྒང་དྲུག་ཅེས་ཁམས་ཕྱོགས་ཀྱི་སྤྱི་མིང་ལྟ་བུའང་ཆགས་འདུག   ཡང་ཐོག་མར་ཁམས་ཞེས་པ་ཆབ་མདོ་གཙོས་པའི་ཉེ་འཁོར་ཡུལ་གྲུ་དག་ལ་ངོས་འཛིན་སྲོལ་འདུག་ནའང་། ཕྱིས་སུ་སྐད་བརྡའི་ཁྱད་ཆོས་གཙོ་བོར་བཟུང་སྟེ་ཁམས་ཕྱོགས་ཀྱི་ཡུལ་སྐད་སྨྲ་བའི་ཡུལ་ཐམས་ཅད་ལ་ཁམས་པ་ཞེས་བརྗོད་ལ། སྔོན་ཆད་རྒྱ་སྐད་དུ་ཞི་ཁམས་སྟེ་ནུབ་ཀྱི་ཁམས་པ་ཞིང་ཆེན་བྱ་བ་བཙུགས་མྱོང་བ་ལྟར་ཡུལ་གྲུ་རྒྱ་ཆེན་པོ་ཡོད་པ་ཡིན། དེས་ན་དེང་སང་ཁམས་པའི་གཞི་རྒྱ་ནི་བོད་ལྗོངས་ཆབ་མདོ་ཁུལ་ཡོངས་དང་སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་ཁུལ་ཕལ་ཆེར་དང་ད་དུང་མུ་ལི་རྫོང་། ཡུན་ནན་ཞིང་ཆེན་གྱི་བདེ་ཆེན་ཁུལ་ཡོངས་དང་ལིས་ཅང་སྟེ། སྔོན་གྱི་འཇང་ས་ཐམ་གྱི་ས་ཆའི་བོད་རིགས་འདུས་སྡོད་ཡུལ་གྲུ་ཁག་དང་། མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་ཁུལ་ཡང་སྐད་ལུགས་དང་ལོ་རྒྱུས་འཕེལ་རིམ་གྱི་དབང་གིས་ཁམས་སུ་གཏོགས་ཤིང་། ཡུལ་མི་དག་གིས་ཀྱང་རང་ཉིད་ཁམས་པའི་ཁོངས་སུ་འཇོག་པས་འདིར་ཡང་ཁམས་ཀྱི་གྲས་སུ་བཞག་སྟེ་གླེང་བར་བྱའོ། །
    དེའང་བོད་དབུས་གཙང་གི་ཡུལ་ནས་རགས་རིམ་གྱིས་གཞལ་བའི་ཤར་དང་བྱང་ཤར་གྱི་ཕྱོགས་སུ་སྨད་མདོ་ཁམས་ཀྱི་ས་ཆ་ཡོད་པ་དེ་ལ་ནང་གསེས་ཀྱིས་དབྱེར་ན། རྨ་བྱ་ཟབ་མོ་སྒང་། ཚ་བ་སྒང་། སྤོམ་ར་སྒང་སྟེ་སྒང་གསུམ་མམ། ཡང་ན་གོས་སྨོས་སྒང་གསུམ་གྱི་ཐོག་ཏུ་དམར་ཁམས་སྒང་། མི་ཉག་སྒང་། གཡེར་མོ་སྒང་བཅས་བསྣན་པས་སྒང་དྲུག་དང་། ཚ་བ་རོང་། ས་ངན་རོང་། ཉག་རོང་། རྒྱལ་མོ་རོང་སྟེ་རོང་ཆེན་བཞི་དང་། མི་ཉག་རོང་སོགས་རོང་ཆུང་མང་པོ་ཡོད། །
  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:ཤར་རྒྱལ་མོ་ཚ་བ་རོང་ཞེས་པའི་མིང་གི་འབྱུང་ཁུངས།
  • དོ་སྣང་ཆེ་བའི་རྩོམ།