མི་ཉག་ས་ཁུལ་གྱི་བྲོ་ཚིག་འགའ།

མིག་དམར་དང་ཀུན་དགའ།        2012-04-05

དང་པོ། འཛོམས་བྲོ།
༡དགུང་ཨ་སྔོན་མ་འཛོམས་ལོ་གསུམ་རེད། །
གསེར་ཉི་ཟླ་འཛོམས་པ་ད་ལོ་རེད།།
སྐར་སྨིན་དྲུག་འཛོམས་པའི་སྨོན་ལམ་ཤོག།
 
བྲག་དཀར་ཡག་མ་འཛོམས་ལོ་གསུམ་རེད། །
བྱ་ཐང་དཀར་འཛོམས་པ་ད་ལོ་རེད།།
བྱ་གཤོག་སྒྲོ་འཛོམས་པའི་སྨོན་ལམ་ཤོག།
 
གྲོང་རྒྱ་གྲོང་མ་འཛོམས་ལོ་གསུམ་རེད།།
རང་མིང་སྲས་འཛོམས་པ་ད་ལོ་རེད།།
གླུ་མཉམ་དགའ་འཛོམས་པའི་སྨོན་ལམ་ཤོག།
 
༢   དགུང་ཨ་སྔོན་དཀྱིལ་ལ་འཛོམས་གསུམ་ཡོད།།
གསེར་ཉི་མས་འཛམ་གླིང་དྲོད་ནས་ཡོང་།།
དུང་ཟླ་བས་འཛམ་གླིང་གསལ་ནས་ཡོང་།།
སྐར་སྨིན་དྲུག་འཛམ་གླིང་བཀྲ་ནས་ཡོང་།།
དགུང་ཨ་སྔོན་སྟེང་གི་འཛོམས་གསུམ་རེད།།
བྲག་དཀར་ཡག་སྟེང་ལ་འཛོམས་གསུམ་ཡོད།།
བྱ་རྨ་བྱས་རྒྱ་གར་བསྐོར་ནས་ཡོང་།།
བྱ་ཁུག་བྱུག་མོན་ཡུལ་བསྐོར་ནས་ཡོང་།།
བྱ་ཐང་དཀར་བྲག་དཀར་བསྐོར་ནས་ཡོང་།།
བྲག་དཀར་ཡག་སྟེང་གི་འཛོམས་གསུམ་རེད།།
དགུང་ཨ་སྔོན་ཕ་ཡུལ་སྐྱིད་པོ་རེད།།
གསེར་ཉི་ཟླ་ཕ་མ་འཇམ་པོ་རེད།།
སྐར་སྨིན་དྲུག་ཕ་མ་མིང་སྲིང་འཛོམས།།
 
བྲག་དཀར་ཡག་ཕ་ཡུལ་སྐྱིད་པོ་རེད།།
བྱ་ཐང་དཀར་ཕ་མ་འཇམ་པོ་རེད།།
སྒྲོ་གཤོག་སྒྲོ་ཕ་མ་མིང་སྲིང་འཛོམས།།
 
གྲོང་རྒྱ་གྲོང་ཕ་ཡུལ་སྐྱིད་པོ་རེད།།
རང་མིང་སྲིང་ཕ་མ་འཇམ་པོ་རེད།།
གླུ་ཉམས་དགའ་ཕ་མ་མིང་སྲས་འཛོམས།།
གྲོང་རྒྱ་གྲོང་སྟེང་ལ་འཛོམས་གསུམ་ཡོད།།
མགོ་བླ་མས་ཆོས་ར་བསྐོར་ནས་ཡོང།།
མགོ་དཔོན་བློན་ཁྲིམས་ར་བསྐོར་ནས་ཡོང་།།
རང་མིང་སྲིང་བྲོ་ར་བསྐོར་ནས་ཡོང་།།
གཉིས་པ། འགྲོ་བྲོ།
བྱ་ཕྲུག་ཆུང་ཆུང་ལ་ཆེན་བརྒལ་ནས་འགྲོ།།
ལ་ཆེན་མ་བརྒལ་སྨོན་ལམ་ཚིག་གསུམ་བཏབ།།
བྱ་ཕྲུག་ལོ་ལ་བར་ཆད་མ་འོངས་དགོས།།
 
ཐང་དཀར་ཆུང་ཆུང་བྲག་དཀར་བརྒལ་ནས་འགྲོ།།
བྲག་དཀར་མ་བརྒལ་སྨོན་ལམ་ཚིག་གསུམ་བཏབ།།
ཐང་དཀར་ལོ་ལ་བར་ཆད་མ་འོངས་དགོས།།
 
ཨ་ཟིག་ཆུང་ཆུང་གྲོང་ཁྱེར་བརྒལ་ནས་འགྲོ།།
གྲོང་ཁྱེར་མ་བརྒལ་སྨོན་ལམ་ཚིག་གསུམ་བཏབ།།
ཨ་ཟིག་ལོ་ལ་བར་ཆད་མ་འོངས་དགོས།།
མ་མཁའ་འགྲོ་གཅིག་ལ་བུ་གསུམ་འཁྲུངས།།
བུ་ཆེ་བ་ཆུང་བ་འབྲིང་བ་གསུམ།།
བུ་ཆེ་བ་རྒྱ་གར་ཆོས་ལ་ཕེབས།།
སྒ་ད་རིང་མ་འགྲོ་སང་ཉིན་འགྲོ།།
མགོ་བླ་མ་བརྒྱ་ཡིས་སྐྱེལ་མ་བྱས།།
གྲྭ་བན་དེ་བརྒྱ་ཡིས་བསུ་མ་བྱས།།
 
བུ་འབྲིང་བ་རྒྱ་ནག་ཁྲིམསས་ལ་ཕེབས།།
སྒ་ད་རིང་མ་འགྲོ་སང་ཉིན་འགྲོ།།
མགོ་དཔོན་བློན་བརྒྱ་ཡིས་སྐྱེལ་མ་བྱས།།
མགོ་དཔོན་ཆུང་བརྒྱ་ཡིས་བསུ་མ་བྱས།།
 
བུ་ཆུང་བ་མི་ཉག་ཕྱོགས་ལ་ཕེབས།།
སྒ་ད་རིང་མ་འགྲོ་སང་ཉིན་འགྲོ།།
དྲིན་ཕ་མ་བརྒྱ་ཡིས་སྐྱེལ་མ་བྱས།།
རང་མིང་སྲིང་བརྒྱ་ཡིས་བསུ་མ་བྱས།
གསུམ་པ།ཆོས་བྲོ།
དགུང་ཨ་སྔོན་ཆོས་གདན་བཏིང་པ་འདྲ།།
གསེར་ཉི་ཟླ་མཆོད་པ་འབུལ་བ་འདྲ།།
སྐར་སྨིན་དྲུག་མར་རྒྱན་བཏགས་པ་འདྲ།།
 
བྲག་དཀར་ཡག་ཆོས་གདན་བཏིང་པ་འདྲ།།
བྱ་ཐང་དཀར་མཆོད་པ་འབུལ་པ་འདྲ།།
སྒྲོ་གཤོག་སྒྲོ་མར་རྒྱན་བཏགས་པ་འདྲ།།
 
གྲོང་རྒྱ་གྲོང་ཆོས་གདན་བཏིང་པ་འདྲ།།
རང་མི་སྲིང་མཆོད་པ་འབུལ་བ་འདྲ།།
ཁ་རྩེད་མོ་མར་རྒྱན་བཏགས་པ་འདྲ།།
 
 
ཕུ་ལ་ཆགས་ས་སྐྱིད་པོ།།
དགའ་ལྡན་ལྷ་ཡི་ཕོ་བྲང་།།
མ་རྩིག་རྩིག་ལུགས་ཡག་པོ།།
བཀའ་འགྱུར་བརྒྱ་ཡི་རྩིག་པ།།
རྩིས་ན་བགྲང་བ་མེད་པ།།
གྲྭ་པ་སྟོང་དང་ལྔ་བརྒྱ།།
 
སྐེད་ལ་ཆགས་ས་ཡག་མོ།།
ཚོང་དཔོན་ནོར་བུ་བཟང་པོ།།
མ་རྩིག་རྩིག་ལུགས་ཡག་མོ།།
ཇ་རྒྱབ་བརྒྱ་ཡི་རྩིག་པ།།
རྩིས་ན་བགྲང་བ་མེད་པ།།
སྨུག་ཆུང་དྲེལ་ལ་བཀལ་ཡོད།།
 
མཐའ་ལ་ཆགས་ས་ཡག་མོ།།
དཔལ་ཆེན་རི་བོ་རྩེ་ལྔ།།
མ་རྩིག་རྩིག་ལུགས་ཡག་མོ།།
མར་རྒྱབ་བརྒྱ་ཡི་རྩིག་པ།།
རྩིས་ན་བགྲང་བ་མེད་པ།།
འབྲི་མ་བརྒྱ་ཡི་འབྲི་དོ།།
 
ཕུག་ལ་གནས་ཤིག་མ་ཆགས།།
ཕུག་ལ་གནས་ཤིག་ཆགས་ཡོད།།
ཕུག་ལ་གནས་ཤིག་ཆགས་ས།།
གནས་ཆེན་དཔལ་ཡུལ་ལྷ་སྒང་།།
 
ནང་ལ་ནོར་བུ་མ་བཞུགས།།
ནང་ལ་ནོར་བུ་བཞུགས་ཡོད།།
ཇོ་བོ་མི་འགྲོ་གསུང་བྱོན།།
ནང་ལ་ནོར་བུ་བཞུགས་ཡོད།།
 
ཕྱི་ལ་ལྕགས་རི་མ་བསྐོར།།
ཕྱི་ལ་ལྕགས་རི་བསྐོར་ཡོད།།
མཆོད་རྟེན་བརྒྱ་དང་རྩ་བརྒྱད།།
ཕྱི་ལ་ལྕགས་རི་བསྐོར་ཡོད།།
 
ས་ལ་བདེ་ལུང་བདེ་ལུང་པ་བདེ།།
ས་བདེ་མོ་ཕྱོགས་ལ་དགོན་ཆེན་ཆགས།།
དགོན་ཡག་མོ་ཕྱི་ཡག་ནང་ཡག་རེད།།
ནང་ཡག་མོ་བླ་མ་བཟང་པོ་བཞུགས།།
ཕྱི་ཡག་མོ་གྲྭ་པ་སྟོང་གིས་བསྐོར།།
 
ས་ལ་བདེ་ལུང་བདེ་ལུང་པ་བདེ།།
ས་བདེ་མོ་ཕྱོགས་ལ་རྫོང་ཆེན་ཆགས།།
རྫོང་ཡག་མོ་ཕྱི་ཡག་ནང་ཡག་རེད།།
ནང་ཡག་མོ་དཔོན་པོ་བཟང་པོ་བཞུགས།།
ཕྱི་ཡག་མོ་མི་སེར་སྟོང་གིས་བསྐོར།།
 
ས་ལ་བདེ་ལུང་བདེ་ལུང་པ་བདེ།།
ས་བདེ་མོ་ཕྱོགས་ལ་གྲོང་ཁྱེར་ཆགས།།
གྲོང་ཡག་མོ་ཕྱི་ཡག་ནང་ཡག་རེད།།
ནང་ཡག་མོ་ཕ་མ་བཟང་པོ་བཞུགས།།
ཕྱི་ཡག་མོ་བུ་རྒྱུད་སྟོང་གིས་བསྐོར།།
 
 
ས་རྒྱ་གར་རྡོ་རྗེ་གདན་ཐོག་ལ།།
གུར་མི་འདྲ་བ་ཡི་གུར་ཞིག་ཕུབ།།
གུར་ཞོལ་བླ་མ་བཟང་པོ་བཞུགས།།
གུར་ཐོག་ཆོས་ཀྱི་ཆར་པ་བབས།།
 
ས་རྒྱ་ནག་རྡོ་རྗེས་གདན་ཐོག་ལ།།
གུར་མི་འདྲ་བ་ཡི་གུར་ཞིག་ཕུབ།།
གུར་ཞོལ་དཔོན་པོ་བཟང་པོ་བཞུགས།།
གུར་ཐོག་ཁྲིམས་ཀྱི་ཆར་པ་བབས།།
 
ས་མི་ཉག་རྡོ་རྗེ་གདན་ཐོག་ལ།།
གུར་མི་འདྲ་བ་ཡི་གུར་ཞིག་ཕུབ།།
གུར་ཞོལ་ཕ་མ་བཟང་པོ་བཞུགས།།
གུར་ཐོག་བྲོ་ཡི་ཆར་པ་བབས།།
 
གསུམ་པ། བཀྲ་ཤིས་བྲོ།
གངས་རི་རྩེར་སེང་གེ་འཁོར་བའི་བཀྲ་ཤིས་ཤོག།
སེང་གེ་འདི་ལ་གཡུ་རལ་རྒྱས་པའི་བཀྲ་ཤིས་ཤོག།
གཡུ་རལ་འདི་ཚོ་མཐའ་ནས་རྒྱས་པའི་བཀྲ་ཤིས་ཤོག།
  • ལེ་ཚན་སྔོན་མ།:ཁམས་པའི་ཞབས་བྲོ།
  • ལེ་ཚན་རྗེས་མ།:འཕྱོངས་རྒྱས་འཇུ་བྲོ།