གུ་གེའི་ལྡེབས་རིས་ལས་མངོན་པའི་ནང་མའི་ཞབས་བྲོ།(3)

        2012-02-01


ལས།མཛེས་པའི་གཟབ་མཆོར་སྤྲས་ཤིང་ལག་ལ་མེ་ཏོག་ཐོགས་པའི་ཡིད་འོང་བུ་མོ་བཅུ་དྲུག་གིས་གར་གྱི་སྟངས་སྟབས་ལ་གླུས་རམ་བུ་བཏེགས་ཏེ་ལུས་སེམས་གཅིག་ཅར་དུ་འགུགས་པའི་གར་ལ་རོལ་ཞེས་བཀོད།ཞབས་བྲོ་འདིའི་རིགས་ལ་བོད་ཀྱི་ལོ་རྒྱུས་སུ་གར་ཞེས་ཟེར་ཞིང་།དེ་ནི་བུད་མེད་ཀྱིས་འཁྲབ་པའི་ཞབས་བྲོ་ཞིག་ཡིན།མངའ་རིས་མཐོ་ལྡིང་དགོན་པའི་ལྡེབས་རིས་ཀྱི་ངོས་སུ་རྡོ་རྗེ་གླུ་གར་མ16གི་རི་མོ་ཡོད་པས།ཕལ་ཆེར་བོད་བཙན་པོའི་རྒྱལ་རབས་དུས་ཀྱི་གར་མ16གི་ཞབས་བྲོ་རྒྱུད་འཛིན་བྱས་པ་ཞིག་ཡིན་པར་འདོད། མཐོ་ལྡིང་དགོན་པ་ནི་མངའ་རིས་རྩ་མདའ་རྫོང་གི་ཁོངས་སུ་ཡོད་ཅིང་།སྤྱི་ལོ996ལོར་གསར་དུ་བཏབ་པ་ཞིག་ཡིན།དེ་ནི་གུ་གེ་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ལྷོ་ཁའི་བསམ་ཡས་དགོན་པར་དཔེ་བལྟས་ནས་བཞེངས་པའི་གཞི་ཁྱོན་ཆེས་ཆེ་ཞིང་།ཤུགས་རྐྱེན་ཆེས་ཆེ་བའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཞིག་ཡིན།དེས་བསྟན་པ་ཕྱི་དར་སྐབས་ནང་བསྟན་གྱི་རིག་གནས་བསྐྱར་དར་དང་བོད་ཀྱི་རིག་གནས་འཕེལ་རྒྱས་གཏོང་བར་མཛད་རྗེས་སུབ་ཏུ་མེད་པ་བཞད་ཡོད། མཐོ་ལྡིང་དགོན་པའི་རྡོ་རྗེ་གླུ་གར་མ་16གི་རི་མོ་ནི་ཚོགས་ཆེན་འདུ་ཁང་གི་སྒོ་འཕྱོར་དུ་ཡོད་ལ།ལྡེབས་རིས་ཧྲིལ་བོའི་རྣམ་པ་ལྟ་ན་སྡུག་ཅིང་བརྗིད་ཉམས་ཀྱིས་ཕྱུག་པ་ཞིག་གོ།གར་མ16པོས་སྨད་གཡོགས་རིང་པོ་གྱོན་ཞིང་།མེ་ཏོགགི་ཐོད་ཆིངས་དང་རྣ་ཆ་སྒོར་མོས་མཛེས་པ།འོ་འཛིན་མཁྲང་ཞིང་སྐེད་སྐབས་ཕྲ་བ།དར་གྱི་སྟོད་གོས་ལྷབ་ལྷུབ་ཏུ་གཡོ་བས་མཛེས་སྡུག་གིས་སྒེག་ཅིང་ཉམས་འགྱུར་གྱིས་ཕྱུག་པ་ཞིག་ཡོད།ཕྱག་སོར་གྱི་ཆ་དང་ཞབས་ཀྱི་ཆ་སོགས་ཀྱི་འགྱུར་བག་གིས་མི་སེམས་གཡོ་ལ་མཛེས་སྡུག་ལྡན།ཉམས་དང་འགྱུར་བག་དེ་དག་ནི་གནའ་བོའི་རྒྱ་གར་གྱི་ཞབས་བྲོ་མཛེས་དཔྱོད་བསམ་བློ་ལས་བརྩེ་དང་རོ་མཛེས་སོགས་ཀྱི་བྲོ་བ་ལྡན་པའི་ཞབས་བྲོའི་གོ་འཕང་ཆེས་མཐོན་པོ་དེ་རྒྱུད་འཛིན་བྱས་པར་མངོན། མཐོ་ལྡིང་དགོན་པའི་གཙང་ཁང་གི་ནུབ་ངོས་ཀྱི་ལྡེབས་རིས་ཁྲོད་ཀྱི་རོལ་མོ་ཐོགས་པའི་གར་མའི་རི་མོའང་བོད་རིགས་ཞབས་བྲོའི་ཁྲོད་ཀྱི་རིན་ཐང་ལྡན་པའི་ཉམས་འགྱུར་ཞིག་ཡིན།བྱམས་བརྩེའི་འཛུམ་གྱིས་སྒེག་པའི་དབྱངས་ལྡན་གར་མས་ཕྱག་གཡོན་པས་པི་ཝང་ཞིག་བསྣམས་ཡོད་ལ།ཕྱག་གཡས་པས་པི་ཝང་དཀྲོལ་བྱེད་ཀྱི་འཐེན་གཞུ་ཞིག་ཐོགས་འདུག ཞབས་གཡོན་པ་ཅུང་ཟད་བརྐྱངས་ཤིང་།ཞབས་གཡས་པ་ཕྱེད་བསྐུམས་ཤིང་།མེ་ཏོག་གི་ཐོད་ཆིངས་དང་།ལྷ་རྫས་ཀྱི་ན་བཟའ་ལྷབ་ལྷུབ་ཏུ་གཡོ་བས།སྙན་འཇེབ་ཀྱི་གཞས་དང་འགྲོགས་ནས་གར་གྱི་སྟངས་སྟབས་སྒྱུར་བ་དང་གཉིས་སུ་མ་མཆིས།དེ་དག་ལས་རོལ་མོའི་རམ་བུ་འདེགས་པའི་གར་མ་དང་།མཆོད་ཡོན་འབུལ་བའི་གར་མ།མེ་ཏོག་གི་ཕྲེང་བ་ཐོགས་པའི་གར་མ་སོགས་ཀྱི་ཉམས་འགྱུར་ནི་ཡིད་དབང་འཕྲོག་ལ་མཛེས་ཉམས་ཀྱིས་སྤུད་ཅིང་བརྗིད་ཉམས་ཀྱིས་ཀྱང་ཕྱུག་ལྷག་པར་དུ་ལྡེབས་རིས་ཁྲོད་ཀྱི་ཞབས་བྲོའི་ལྷ་མོ་ནི་མཛེས་ཉམས་གཞན་ལས་ལྷག་པ་ཞིག་འདུག དེའི་སྟངས་སྟབས་ཀྱི་སྒོར་འགྲོས་དང་།དབུའི་ཆ་དང་།ཕྱག་གི་ཆ།བྲང་གི་ཆ།སྐེད་སྐབས་ཀྱི་ཆ།དེ་མིན་ཞབས་ཀྱི་ཆ་སོགས་ཀྱིས་ཞབས་བྲོའི་ཉམས་འགྱུར་ངོམ་པའང་ཚད་དང་རན་ལ་མཛེས་སྡུག་གིས་སྒེག་པ་ཞིག་གོ། འདི་ལྟ་བུའི་ཡིད་ཀྱི་བརྟན་པ་གཅིག་ཅར་དུ་འཕྲོག་པའི་ཞབས་བྲོའི་ལྡེབས་རིས་དག་ནི།སྤྱི་ལོ་དུས་རབས10པའི་སྔ་རྗེས་ཀྱི་གུ་གེ་རྒྱལ་རབས་ཀྱི་ནང་མའི་ཞབས་བྲོར་ཞིབ་འཇུག་བྱེད་པར་ཐད་ཀར་མཐོང་དུ་ཡོད་པའི་རྒྱུ་ཆ་གལ་ཆེན་ཞིག་ཡིན་པས།ང་ཚོས་བལྟས་ན་ཕྱོགས་འདིར་ཞིབ་འཇུག་བྱེད་པར་ཧ་ཅང་རྩ་ཆེ་བའི་ལོ་རྒྱུས་ཀྱི་རིན་ཐང་ལྡན་པར་འདོད། བོད་བརྒྱུད་ནང་བསྟན་གྱི་དགོན་པའི་ལྡེབས་རིས་སྒྱུ་རྩལ་ལ་རོལ་མྱོང་བྱེད་ན།ཞབས་བྲོ་དང་རོལ་མོའི་གཅིག་ལ་གཅིག་བརྟེན་གྱི་འཆར་སྣང་ངམ་གོ་རྟོགས་དང་བྲལ་ཚེ།གཏན་དུ་བརྒལ་མི་ཐུབ་རོལ་མོའི་གཅིག་ལ་གཅིག་བརྟེན་གྱི་འཆར་སྣང་ངམ་གོ་རྟོགས་དང་བྲལ་ཚེ།གཏན་དུ་བརྒལ་མི་ཐུབ་པའི་དོན་ཞིབ་ཏུ་འཁུམས།དེའང་ཆེས་མཛེས་སྡུག་ལྡན་པའི་ལྡེབས་རིས་ཀྱི་བཀོད་པ་ནི་ཞབས་བྲོའི་ཉམས་འགྱུར་དང་དམ་དུ་འབྲེལ་ཡོད་པས་སོ།།མངའ་རིས་གུ་གེའི་དུས་རབས་ཀྱི་ཞབས་བྲོའི་ལྡེབས་རིས་ཏེ།སྒྱུ་རྩལ་གྱི་བཀོད་པའི་སྟེང་གི་མཛེས་དཔྱོད་ཀྱི་འཚོལ་རྟོག་དེ་འདིར་མང་ཉུང་རན་པའི་སྒོ་ནས་མཚོན་ཙམ་བཤད་ཟིན་ཏོ།།
(རྩོམ་སྒྲིག་པ་བདེ་ཆེན།)
  • ལེ་ཚན་སྔོན་མ།:འཕྱྭོངས་རྒྱས་འཇུ་བྲོ།
  • ལེ་ཚན་རྗེས་མ།:ཁམས་པའི་ཞབས་བྲོ།