ནག་ཆུ་ཕྱིང་ལུང་ཡུལ་གྱི་ཁྲམ་གླུ།

དོན་གྲུབ་རྒྱལ་གྱིས་བསྡུས།        2012-12-19

ནག་ཆུ་ཕྱིང་ལུང་ཡུལ་གྱི་ཁྲམ་གླུ།

དངོས་རྫས་མ་ཡིན་པའི་ཤུལ་བཞག་རིག་གནས་ངོ་སྤྲོད།
ཁྲམ་གླུ་ཞེས་པ་ནི་བོད་མདོ་དབུས་ཁམས་གསུམ་གང་སར་ཁྱབ་པའི་དམངས་གླུའི་གྲས་ཤིག་ཡིན་ལ།མིང་གཞན་ལ་ཇག་གླུ་ཡང་ཟེར།དེ་ནི་གཙོ་བོ་གནའ་སྔ་མོའི་དུས་སུ་སྟག་ཤར་ཚོ་ཇག་ལ་སོང་བའི་གནས་ཚུལ་ཏེ།ཁྲམ་པ་རང་ཉིད་ཀྱི་ལོ་རྒྱུས།ཇག་ལ་འགྲོ་སྐབས་རང་སྡེ་དང་ཕ་མར་དགོངས་འཁྲོལ་ཞུ་བ།ཇག་ལ་འགྲོ་ཚུལ་དང་ཇག་ལ་སོང་ནས་རྒྱུ་ནོམ་ལེན་ཚུལ།རྒྱུ་བླངས་རྗེས་ཇི་ལྟར་བགོ་བྱ་རྒྱག་ཚུལ་སོགས་མཚོན་པའི་དམངས་གཞས་ཤིག་ཡིན།ཡིན་ཡང་དུས་དང་སྤྱི་ཚོགས་ཀྱི་འགྱུར་ལྡོག་དང་བསྟུན་ནས་མདོ་སྟོད་སྨད་བར་གསུམ་གང་དུ་ཡང་ཁྲམ་གླུ་འདིའི་སྲོག་གི་ཉག་མ་རྟ་རྔ་ལྟར་ཕྲ་བའི་གནས་སུ་ལྷུང་ཡོད།སྟབས་ལེགས་པ་ཞིག་ལ་བོད་ལྗོངས་ནག་ཆུ་ས་གནས་དཔལ་མགོན་རྫོང་གི་ཁོངས་གཏོགས་ཕྱིང་ལུང་ཤང་ན་དེང་སྐབས་ཡང་རྒྱུན་འཛིན་བྱས་པ་ཅུང་འཐུས་ཚང་ཡིན་པས།བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་དམངས་གླུ་དེ་དངོས་རྫས་མ་ཡིན་པའི་རིག་གནས་ཤུལ་བཞག་གི་གྲས་སུ་བཞག་པ་མ་ཟད།རྒྱུན་འཛིན་པ་ཡང་གཏན་འཁེལ་བྱས་ཡོད།དེ་བས་ཕྲན་གྱིས་འདིར་དངོས་རྫས་མ་ཡིན་པའི་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་སྔོན་མ(ད་ལྟ་ཁོའི་ནུ་བོ་ལ་བརྒྱུད་སྤྲོད་བྱས་ཟིན)ཕྱིང་ལུང་རྡོ་གྲགས་བརྒྱུད་ནས་ཁོས་བཤད་པ་ཇི་མ་ཇི་བཞིན་ཡིག་ཐོག་ཏུ་བཀོད་པ་གཤམ་གསལ།
 ཇག་ལ་འགྲོ་བའི་སྐོར།
ང་ཡར་ལ་འགྲོ་དུས་རྟ་བོ་རྟ་རྐྱང་ཡིན།།
མར་ལ་ཡོང་དུས་རྟ་བོ་ནོར་དེད་ཡིན།།
ང་ཡར་ལ་འགྲོ་དུས་གཤར་འགོ་དྲ་དྲོ་ཡིན།།
མར་ལ་ཡོང་དུས་སྔོ་རྩི་ཉག་ཉིག་ཡིན།།
ཡར་འགྲོ་དུས་རྟ་བ་རྟ་རྐྱང་དུས།།
ང་དྲིན་ཆེན་ཕ་མའི་བྲོ་བརྡག་མེད།།
ཉེ་བ་བཟང་པོའི་སྐྱེལ་མ་མེད།།
གཞིས་ཕ་ཡུལ་དགའ་བའི་ཁ་ཏ་མེད།།
རྐྱང་ཆུང་རྟ་དང་ཁྲ་རིང་བོའུ།།
མགོ་སེར་གྲི་ཁྲ་ངས་དང་བཞི།།
ཡར་སོང་རྒྱ་གར་སྟོད་ལ་སོང་།།
སྟོད་རྒྱ་གར་ཆོས་ཀྱི་རྒྱལ་པོ་གཟིགས།།
ཆོས་ཡོད་ཀྱང་ངས་ཆོས་ཞྭ་ཞུ་རྒྱུ་མིན།།
རྒྱ་གར་ཆོས་ཞྭ་རྡོག་ཡོག་དྲངས།།
སྟོད་ནག་ཚང་ཞག་གི་གཤོང་པ་རེད།།
ཞག་དཀོར་ཟས་མ་ཕུད་བསམ་རྒྱུ་མེད།།
རྫ་ཟུར་གསུམ་རྩེ་ནས་ནོར་ཁྱུ་ཕབ།།
གཡོན་སྤང་གཞུང་སྟེང་ནས་ལུག་ཁྱུ་ཕབ།།
ཁྲ་ཨ་ཡར་གཞུང་ནས་ར་ཁྱུ་ཕབ།།
ཐང་གྱ་གྱུ་གོང་ནས་རྟ་ཁྱུ་ཕབ།།
ནོམ་མང་མང་མ་དེད་ཉུང་ཉུང་དེད།།
ནོམ་ཉུང་ཉུང་སུམ་བརྒྱ་དྲུག་ཅུ་དེད།།
ཉིན་གུང་ཉི་མ་རི་ལས་ཕབ།།
ཉིན་གུང་གྱ་གྱུ་ཐང་ལས་བསྡུས།།
ཕྱིར་ཕ་ཡུལ་ཡོང་ལ་འཁོར་བའི་དུས།།
བརྒྱ་ཐམ་པ་དྲིན་ཆེན་བླ་མ་འབུལ།།
ཚེ་ཕྱི་མའི་སྐྱབས་གནས་ཁོང་ལ་ཞུ།།
བརྒྱ་ཐམ་པ་དྲིན་ཆེན་ཕ་མ་འབུལ།།
ལུས་ཤ་ཁྲག་རྒྱུ་འབྲས་དག་ན་བསམ།།
བརྒྱ་ཐམ་པ་འདང་ཆེན་ཕ་ཡུལ་འབུལ།།
སྐྱིད་ཕ་ཡུལ་དབུ་འཕང་མཐོ་ན་བསམ།།
ཁོ་དྲུག་ཅུ་ཐམ་པ་ནོམ་ལ་བཅོལ།།
ཁྲ་རིང་བོའུ་ཡི་རུ་དར་དང་།།
མགོ་སེར་གྲི་ཁྲའི་དཔའ་དར་དང་།།
འདོ་རིག་རྟ་བོའི་རྔོག་དར་དང་།།
ང་ཁྲམ་ཕྲུག་བུ་ལོའི་སྲོག་དར་རེད།།
ཁྲམ་པའི་ལོ་རྒྱུས།
ང་ཁྲམ་པའི་བུ་ལ་མགོ་སྦྲ་མེད།།
ང་མགོ་སྦྲ་མེད་ལས་དོ་ལེ་མ།།
རྫ་ཁྲ་ཡག་ཁྲམ་པའི་མགོ་སྦྲ་ཡིན།།
ང་ཁྲམ་པའི་བུ་ལ་གློ་རྟ་མེད།།
ང་གློ་རྟ་མེད་ལས་དོ་ལེ་མ།།
སྡེ་ཁྲ་ལོའི་འདོ་ཁྱུ་གློ་རྟ་ཡིན།།
ང་ཁྲམ་པའི་བུ་ལ་དཔུང་རོགས་མེད།།
ང་དཔུང་རོགས་མེད་ལས་དོ་ལེ་མ།།
བོའུ་ཁྲ་རིང་ཁྲམ་པའི་དཔུང་རོགས་ཡིན།།
ང་ཁྲམ་པའི་བུ་ལ་རྒྱུ་ནོར་མེད།།
ང་རྒྱུ་ནོར་མེད་ལས་དོ་ལེ་མ།།
མ་སྡེ་བའི་རྒྱུ་ནོར་ངའི་རྒྱུ་ནོར་ཡིན།།
ཁྲམ་པའི་སྣང་བ།
ང་རྟ་ཐོག་ཁྲམ་པའི་སྣང་སྐྱིད་འདི།།
འདི་ཁྲི་ཐོག་དཔོན་ལ་ཡོད་རབས་མེད།།
སྒ་ཐོག་སེང་གེའི་འཇིགས་ཉམས་འདི།།
གངས་ཐོག་སེང་ལ་ཡོད་རབས་མེད།།
རྒྱུ་མེད་ཁྲམ་པའི་སྣང་སྐྱིད་འདི།།
ཕ་ཕྱུག་པོའི་བུ་ལ་ཡོད་རབས་མེད།།
ཁྲམ་པའི་ཚེ་སྟོད་སྨད་བར་གསུམ།
ང་ཚེ་སྟོད་ཇག་པའི་ཇག་དཔོན་ཡིན།།
བརྒྱ་ནོར་ལྷས་ལས་གཞབ་མྱོང་ཡོད།།
སྟོང་ནོར་རྡང་ལས་འཇབ་མྱོང་ཡོད།།
ཕ་ཕྱུག་པོ་ཤུལ་མེད་གཏོང་འགྲོ་མྱོང་།།
ང་ཚེ་སྨད་བླ་མའི་བློན་བོན་ཡིན།།
མི་གསོན་པོ་འཕོ་བ་རྒྱག་གཏོང་མྱོང་།།
དཔོན་ཆོས་རྒྱལ་མདའ་སོ་གཏད་སྡོད་མྱོང་།།
ང་ཚེ་སྐེད་ཕ་མའི་གཅེས་ཕྲུག་ཡིན།།
གཉེན་ཉེ་བོའི་འཁོར་རྟེན་བྱས་གཏོང་མྱོང་།།
ཆུང་རེའུ་ལུག་འཚོ་སྐྱོང་བྱས་མྱོང་ཡོད།།
 
  • ལེ་ཚན་སྔོན་མ།:མགུར་མོ།
  • ལེ་ཚན་རྗེས་མ།:མགུར་གླུ།