ཁྱེད་ཀྱི་རྡོ་རྗེའི་གླུ་ལ་ཕན་པ་ཅི་ཡོད་ཅེས་སྨྲས་པའི་ལན་དུ་བླངས་པ།

ཞབས་དཀར་ཚོགས་དྲུག་རང་གྲོལ།    བོད་ཀྱི་རྩོམ་རིག་དྲ་བ།    2011-06-03

ཁྱེད་ཀྱི་རྡོ་རྗེའི་གླུ་ལ་ཕན་པ་ཅི་ཡོད་ཅེས་སྨྲས་པའི་ལན་དུ་བླངས་པ།

ཡང་འགའ་རེས་སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་རྡོ་རྗེའི་གླུ་བླངས་པས་ཕན་པ་མང་པོ་བྱུང་འདུག་ཀྱང་དེང་སང་ཁྱེད་ཀྱིས་གླུ་བླངས་པས་གཞན་ལ་ཕན་ཐོགས་འདྲ་ཨེ་བྱུང་ཟེར་བའི་ལན་དུ།  གདུལ་བྱ་མང་པོ་ལ་ཕན་ཐོགས་བྱུང་ཚུལ་གྱི་མགུར་འདི་བླངས་སོ། །
    སྔོན་རྒྱ་བོད་མཁས་གྲུབ་ཐམས་ཅད། ། ཆོས་མདོ་རྒྱུད་དགོངས་པ་གླུ་རུ་བླངས། །  འཁོར་གདུལ་བྱར་ཕན་ཐོགས་དཔག་མེད་བྱུང༌། ། མི་ངས་ཀྱང་དམ་པའི་གསུང་བཞིན་དུ། ། ཕ་བླ་མ་བསྟེན་ཚུལ་གླུ་དབྱངས་བླངས། ། རྗེ་ཚུལ་བཞིན་བསྟེན་མཁན་མང་པོ་བྱུང༌། །  རྟེན་དལ་འབྱོར་ཚང་བའི་མི་ལུས་འདི། ། ཕྱིས་རྙེད་དཀའ་དོན་ཆེན་གླུ་དབྱངས་བླངས། ། ཡར་ཆོས་སྒོར་ཞུགས་མཁན་མང་པོ་བྱུང༌། ། ཚེ་ལོ་ཟླ་ཞག་སོང་མྱུར་དུ་འཛད། །  ཀུན་མྱུར་དུ་འཆི་ཚུལ་གླུ་དབྱངས་བླངས། ། ཚེ་བློ་ཡིས་གཏོང་མཁན་མང་པོ་བྱུང༌། ། ལས་རྒྱུ་འབྲས་དཀར་དག་མི་བསླུ་སྨིན། ། དེ་འདོར་ལེན་བྱེད་དགོས་གླུ་དབྱངས་བླངས། ། སྡིག་སྤངས་ནས་དགེ་བྱེད་མང་པོ་བྱུང༌། ། བདེ་ཅུང་ཟད་མེད་ཚུལ་གླུ་དབྱངས་བླངས། ། སྐྱོ་ངེས་འབྱུང་སྐྱེས་པ་མང་པོ་བྱུང༌། །  གཞན་འགྲོ་བ་རིགས་དྲུག་མ་ལུས་པ། ། མ་དྲིན་ཅན་ཡིན་ཚུལ་གླུ་དབྱངས་བླངས། ། བྱམས་སྙིང་རྗེ་སྐྱེས་པ་མང་པོ་བྱུང༌། ། ཆོས་མདོ་རྒྱུད་མན་ངག་མང་པོ་ཉན། །  སྒོམ་སྒྲུབ་པ་བྱས་ཚུལ་གླུ་དབྱངས་བླངས། ། ཆོས་ཉན་ཅིང་སྒོམ་མཁན་མང་པོ་བྱུང༌། ། རྗེ་གོང་མའི་གདན་ས་རི་ཁྲོད་ནས། ། ཆོས་བྱས་ན་ཡོང་ཚུལ་གླུ་དབྱངས་བླངས། ། གནས་དབེན་པ་བསྟེན་མཁན་མང་པོ་བྱུང༌། །  ས་བོད་དུ་དར་བའི་གྲུབ་མཐའ་རྣམས། ། ཆོས་རྣམ་དག་ཡིན་ཚུལ་གླུ་དབྱངས་བླངས། །  མི་དག་སྣང་བྱེད་མཁན་མང་པོ་བྱུང༌། །  ཞེས་བླངས།  །

    ཁྱེད་ཀྱི་རྡོ་རྗེའི་གླུ་ལ་ཕན་པ་ཅི་ཡོད་ཅེས་སྨྲས་པའི་ལན་དུ་བླངས་པ།ujh

 ཡང་འགའ་རེས་དབུས་ཕྱོགས་ན་རྣལ་འབྱོར་བ་གཅིག་པུར་དུར་ཁྲོད་དང་མི་མེད་ལུང་སྟོང་གི་རིག་ཁྲོད་འགྲིམས་པ་དེ་ཁྱད་ཆོས་ཆེ་བར་གདའ་ཟེར་བའི་ལན་དུ་གླུ་དབྱངས་འདི་བླངས་སོ། །
      ཁྱབ་འཇུག་མཐུ་སྟོབས་རྫུ་འཕྲུལ་ཅན། ། གཟའ་སྐར་ཉི་ཟླར་མི་འཇིགས་པར། ། བར་སྣང་ཁམས་ལ་འཕྱོ་བ་དེ། ། གཤོག་སྒྲོ་བཟང་བའི་ཁྱད་ཆོས་ཡིན། ། རི་དྭགས་རྒྱལ་པོ་གཡུ་རལ་ཅན། །གཅན་གཟན་ཡོངས་ལ་མི་འཇིགས་པར། ། རི་ཀླུང་ཁྱབ་པར་ཉུལ་པ་དེ། ། རྩལ་སྟོབས་ཆེ་བའི་ཁྱད་ཆོས་ཡིན། ། དུང་དཀར་གཡས་སུ་འཁྱིལ་བ་ཅན།  ། ཆུ་སྲིན་ཉ་ལ་མི་འཇིགས་པར།  །  རྒྱ་མཚོའི་ཁ་གཏིང་ཉུལ་བ་དེ། ། གཞན་འབིགས་ནུས་པའི་ཁྱད་ཆོས་ཡིན། ། ཉམས་ལེན་མཁན་གྱི་རྣལ་འབྱོར་བ།   །  ལྷ་འདྲེ་གང་ལའང་མི་འཇིགས་པར།  ། དུར་ཁྲོད་རི་ཁྲོད་འགྲིམས་པ་དེ། ། ཉམས་རྟོགས་ལྡན་པའི་ཁྱད་ཆོས་ཡིན།  །  ཞེས་བླངས།  །
  • ལེ་ཚན་སྔོན་མ།:བླ་མ་སུ་བསྟེན་ཞེས་པའི་ལན་དུ་བླངས་པའི་མགུར།
  • ལེ་ཚན་རྗེས་མ།:མགུར་མོ།