མངའ་རིས་སྐོར་གསུམ་ཤ་རྐྱང་རི་དྭགས་གླིང་། ། བར་གྱི་རུ་བཞི་སྟག་གཟིག་གཅན་གཟན་གླིང་། ། སྨད་ཀྱི་སྒང་དྲུག་འདབ་ཆགས་བྱ་ཡི་གླིང་། ། ཞེས་བོད་ཀྱི་ཡུལ་ཁམས་ཀྱི་ཐོག་མའི་ཆགས་ཚུལ་སྐོར་རགས་རིམ་དུ་གསུངས་པ་དང་། དེང་གི་ཆར་རང་ལྗོངས་ཀྱི་འཛིན་མའི་ཁོངས་ནས་ཪྙེད་པའི་གནའ་བོའི་མཚོ་ནང་གི་དུང་དཀར་རྡོ་ལ་འགྱུར་བ་དང་། དེ་མིན་མཚོ་ནང་གི་སེམས་ཅན་རྡོ་འགྱུར་བྱུང་བའི་རིགས་ལ་དེང་རབས་ཚན་རིག་མཁན་ཚོས་ཞིབ་འཇུག་བརྟག་དཔྱད་བྱས་རྗེས་བོད་ལྗོངས་འདི་བཞིན་ཡ་ཐོག་ནས་ཆུ་གཏེར་ཆེན་པོས་ཡོངས་སུ་གང་བ་ཞིག་ཡིན་པར་ར་འཕྲོད་བྱུང་བ་དེས་གོང་གི་ཤོད་ཚུལ་ལ་སྒྲུབ་བྱེད་ཡོད་པར་ལུང་རིགས་ཚད་མ་གསུམ་གྱིས་དཔང་པོ་འཕེར་བ་དང་། ། དེ་རྗེས་བོད་ཡུལ་གྱི་རང་བྱུང་ཁོར་ཡུག་དང་། ས་ཁམས་ལ་འགྱུར་ལྡོག་བྱུང་བའི་གོ་རིམ་བརྒྱུད་དེ་དུས་ནམ་གྱི་ཚེ་མིའི་འགྲོ་བ་བསྐྱེད་བསྲིང་བྱུང་བ་ཡིན་ཞེ་ན། ཇི་སྐད་དུ་༼མཁས་པའི་དགའ་སྟོན༽ལས། བོད་ཁམས་ཡུལ་དུ་རུང་བར་གྱུར་ནས་ཀྱང་། ། དང་པོ་མི་མ་ཡིན་གྱི་ཡུལ་དུ་གྱུར། ། གནོད་སྦྱིན་ལ་སོགས་བཅུ་ཡིས་དབང་བྱས་སྐད། ། ཡུལ་གྱི་མིང་ཡང་བཟང་ཡུལ་རྒྱན་མེད་ཟེར། །