བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་གནད་བསྡུས།

ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས།        2010-05-27

བོད་འདིར་འགྲོ་བ་མིའི་རིགས་ཐོག་མར་བྱུང་བ་ནས་བཟུང་སོ་སོའི་ལུས་ལ་ཕན་བྱེད་ཀྱི་ཐབས་ཤེས་བཙལ་བའི་འགོ་ཚུགས་ཡོད་པ་གོར་མ་ཆགས།བོད་ཀྱི་གཏམ་དཔེ་ལ།ནད་ལ་སྔ་བ་མ་ཞུ་བ།སྨན་ལ་སྔ་བ་ཆུ་ཁོལ་མ་ཟེར་བ་ལྟར།ལོ་ངོ་ཁྲི་ཕྲག་མང་པོའི་རིང་ལ་བོད་མི་རྣམས་རང་བྱུང་ཁམས་ཀྱི་གནོད་འཚེ་དང་འཐབ་རྩོད་ཡུན་རིང་བྱས་ཏེ་རང་གི་ལུས་ལ་ཕན་བྱེད་ཀྱི་ཐབས་ཤེས་མང་པོ་ཞིག་བསགས་ཡོད་པ་ནི་ཆུ་སྐོལ་ཚ་མོས་མ་ཞུ་བའི་ནད་བཅོས་པ་དང་།རྨ་ཁ་ལ་མར་ཁུ་བླུགས་ནས་ཁྲག་གཅོད་པ་སོགས་ཀྱི་རིག་པ་དེ་དག་རེད།  བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དར་ནས་ད་ཕན་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་ཙམ་ཟིན་ཡོད་པ་ལོ་རྒྱུས་ཡོངས་གྲགས་ཞིག་རེད།ཡིན་ནའང་དེང་དུས་ནུབ་ཕྱོགས་རྒྱལ་ཁབ་རྣམས་སུ་བོད་ཀྱི་ཤེས་རིག་ཆེ་ཕྲ་མཐའ་དག་སངས་རྒྱས་ཆོས་ལུགས་དང་ལྷན་དུ་དར་བའི་འགོ་ཚུགས་པའི་སྐབས་འདིར།མི་ཉུང་ཤས་ཞིག་གིས་བོད་ཀྱི་གསོ་བ་རིག་པ་དེའང་སངས་རྒྱས་ཆོས་ལུགས་ནང་བཞིན་ཡུལ་གྲུ་གཞན་ཞིག་ནས་བྱུང་ཡོད་པར་སེམས་ཏེ།བོད་ཀྱི་གསོ་བ་རིག་པ་དེ་སྤྱི་ལོའི་དུས་རབས་བདུན་པའི་ནང་རྒྱ་གར་གྱི་ཨ་ཡུ་བན་ད་དང་།རྒྱ་ནག་གི་གསོ་རིག་བཅས་ལ་གཞི་བཟུང་ནས་དར་སྲོལ་བྱུང་བའི་གསོ་བ་རིག་པ་ཞིག་ཡིན་ཚུལ་གྱི་ལོག་བཤད་འགའ་ཞིག་མཐོང་བར་བརྟེན།ལོག་རྟོན་གི་མུན་པ་སེལ་བའི་སྒྲོན་མེ་ལྟ་བུའི་བོད་ཀྱི་གསོ་རིག་གི་ལོ་རྒྱུས་མདོར་བསྡུས་ཞིག་ངོ་སྤྲོད་ཞུ་བ་ལ།  སྤྱིར་གནའ་བོའི་བོད་ཀྱི་ཤེས་རིག་ཐམས་ཅད་ཀྱི་འབྱུང་ཁུངས་སམ།ཐོག་མར་དར་སྲོལ་ཆེ་བའི་ཡུལ་ནི་ཞང་ཞུང་ཞེས་པ་དེང་དུས་མངའ་རིས་པུ་རངས་ཀྱི་ས་ཁུལ་འདིར་ཡིན་ཞིང་།བོད་ཀྱི་གནའ་བོའི་ཆོས་ལུགས་གདོད་མའི་བོན་ཆོས་ཞེས་པ་དེ་ཡང་གཙོ་བོར་ཡུལ་འདི་ནས་དར་སྲོལ་བྱུང་ཞིང་།བོན་གྱི་གཞུང་ལུགས་དག་ན་ལོ་ངོ་ཁྲི་ལྷག་གི་ལོ་རྒྱུས་ཡོད་པ་བཤད་སྲོལ་ཡོད་པ་རེད།ལྷག་པར་དུ་སྤྱི་ལོའི་སྔོན་གྱི༦༥༧པའི་ཤིང་བྱ་ལོར་ཞང་ཞུང་འོ་མོ་ལུང་རིང་ཞེས་པ་དེང་དུས་མངའ་རིས་པུ་རངས་ཀྱི་ཡུལ་ན་སྟོན་པ་གཤེན་རབ་མི་བོ་ཆེ་སྐུ་འཁྲུངས།སྐུ་ནར་སོན་པ་དང་རིག་གནས་སྤྱི་དང་བོན་ཆོས་ལ་མཁས་པར་ཆགས།བོད་ཀྱི་ཡུལ་འདིར་རྒྱལ་ཕྲན་མང་པོར་གྱེས་ནས་ཆགས་ཡོད་པ་ལ།དེ་དག་གི་སྲས་མོ་རྣམས་ཁབ་ཏུ་བཞེས་ནས་གཉེན་འབྲེལ་གྱི་མཐུན་ལམ་བྱས་ཏེ་ཕན་ཚུན་རྐུ་འཕྲོག་ཇག་གསུམ་གྱི་འཁྲུངས་པ་བསྡུམས།སྤྱི་ཚོགས་ཞི་བདེའི་མཐུན་རྐྱེན་ཇེ་ལེགས་སུ་ཕྱིན།ཕྱི་ནང་གི་ཆོས་ཐམས་ཅད་ལ་རིག་པ་བརྒྱ་ཕྲག་གིས་བརྟག་དཔྱད་གནང་སྟེ།དངོས་པོ་ཐམས་ཅད་ཀྱི་རྒྱུ་འབྱུང་བ་རིགས་བཞི་པོ་ཡོད་པ་དང་།དེའི་ནུས་པས་དངོས་པོ་ཐམས་ཅད་ལ་ཁྱབ་ཡོད་པར་ངོས་འཛིན་གནང་སྟེ།སྣོད་བཅུག་ཐམས་ཅད་འབྱུང་བའི་སྒོ་ང་ལས་བྱུང་ཚུལ་དང་།གསོ་བ་རིག་པ།འབྱུང་རྩིས།སྐར་རྩིས།གཞན་ཡང་མོ་ལུང་གཏོ་སེལ་སོགས་བསྟན་བཅོས་མང་པོ་བརྩམས་པས
བོད་ཀྱི་ཤེས་རིག་གི་ཚད་གཞི་ཇེ་མཐོ་དང་།ཁྱབ་རྒྱ་ཇེ་ཆེར་ཕྱིན་ཡོད་པ་རེད།
  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:གནམ་རི་སྲོང་བཙན་གྱི་སྐུ་དུས་ནས་ཀྲུང་དབྱིའི་གསོ་རིགས་བོད་དུ་དར་བའི་སྐོར།