སྟོབས་ལྡན་བཀྲ་ཤིས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། 2011-03-31
མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནུབ་མཚོ་གྲོང་བརྡལ་གྱི་འཇིགས་མེད་ཚེ་རིང་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་རྗེས་བོད་སྨན་བཟོ་གྲྭ་ཞིག་ལས་གཉེར་བྱེད་ཐུབ་པ་ཁོའི་ཁྱིམ་མི་དང་གྲོགས་པོ་ཚོའི་ཡིད་ལའང་འཆར་མ་མྱོང་།
འཇིགས་མེད་ཚེ་རིང་ནི་མཚོ་བྱང་བོད་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཐོ་ལེ་ཞང་གི་ཡིན་ལ། ཕ་མ་གཉིས་ནི་ས་དེའི་འབྲོག་པ་རེད།ཆུང་དུས་འཇིགས་མེད་ཚེ་རིང་གིས་ཕུ་ནུ་མིང་སྲིང་ཚོ་དང་ལྷན་དུ་ཕྱུགས་ཟོག་འཚོ་སྐྱོང་བྱས་ཤིང་། ཁོར་ཆུང་དུས་ནས་ཕུགས་བསམ་ཞིག་ཡོད་པ་ནི་མ་འོངས་པ་ན་སྨན་པ་ཞིག་བྱེད་ཐུབ་ན་ཅི་མ་རུང་སྙམ། 2004ལོར་འཇིགས་མེད་ཚེ་རིང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གསོ་རིག་སློབ་གླིང་ནས་སློབ་མཐར་ཕྱིན་པ་དང་། དེའི་ཕྱི་ལོར་ལན་གྲུ་སློབ་གྲྭ་ཆེན་མོའི་གསོ་རིག་སློབ་གླིང་ནས་དངོས་སྦྱོང་བྱས་པར་མ་ཟད། ཆེས་བྲིན་བོད་སྨན་ཀུང་ཟི་ནས་བོད་སྨན་ཞིབ་འཇུག་དང་གསར་བཟོ། ཐོན་སྐྱེད་བཅས་ཀྱི་ལག་རྩལ་ལ་སློབ་སྦྱོང་བྱས། སློབ་གྲྭའི་ཚོད་ལྟ་ཁང་ནས་སྨན་རྫས་གསར་སྤེལ་དང་ཞིབ་འཇུག་བྱས་ཏེ་ལེགས་འགྲུབ་བྱུང་རྗེས་སྨན་རྫས་དེ་ཚོང་རྫས་སུ་བསྒྱུར་དགོས་མོད། འོན་ཀྱང་སློབ་གླིང་ན་ལས་ཀ་དེར་ནང་བྱན་ཆུད་པའི་ཆེད་ལས་སྙན་ཞུ་འབུལ་མཁན་མེད་པས། འཇིགས་མེད་ཚེ་རིང་གིས་རང་འགུལ་སྒོས་ལས་འགན་དེ་ཁུར་དུ་བླངས་པ་རེད། དེའི་བྱ་བའི་གོ་རིམ་ཁྲོད་ཁོས་རང་ཉིད་ཀྱི་ཆེད་ལས་ཤེས་བྱ་དེ་འདྲའི་འཛོམས་པོ་མིན་པ་ཤེས་ཏེ། 2006ལོར་འགྲོ་གྲོན་རང་གིས་བཏང་ནས་ཧྲིན་དབྱང་སྨན་རྫས་ཚན་རྩལ་སློབ་གྲྭ་ཆེན་མོར་ཕྱིན་ཏེ་དེའི་ཐད་ཀྱི་ཆེད་ལས་ཤེས་བྱར་སློབ་སྦྱོང་བྱས། འཇིགས་མེད་ཚེ་རིང་གིས་ཕྱོགས་གཅིག་ནས་སློབ་སྦྱོང་བྱེད་པ་དང་། ཕྱོགས་གཅིག་ནས་སྨན་རྫས་བཙོང་བའི་ལས་ཚབ་པ་བྱས་ཏེ། རྒྱལ་ཡོངས་ཀྱི་སྨན་རྫས་བཟོ་གྲྭ་མང་པོའི་སྨན་རྫས་མཚོ་སྔོན་ནས་ཕྱིར་འཚོང་བྱེད་པའི་ལས་ཚབ་པའི་འགན་ཁུར། ཁོས་ལོ་གཉིས་རིང་གི་དུས་ཚོད་བེད་སྤྱད་དེ་བཟོ་གྲྭ་དང་སྨན་རྫས་ཀུང་ཟི། སྨན་ཁང་། སྨན་རྫས་ཞིབ་འཇུག་དང་གསར་བཟོ། སྨན་རྫས་ཚོང་རར་འགྲེམ་པའི་ཡིག་ཐོག་སྙན་ཞུའི་འབྲི་ལུགས།ཐོན་སྐྱེད་གོ་རིམ། རིན་གོང་གཅོད་པ་སོགས་ཀྱི་བྱ་བའི་མགོ་མཇུག་བར་གསུམ་རྒྱུག་ཏེ་ཚོང་རའི་ཉམས་མྱོང་མང་བོ་བསགས་པ་དང་། ཡོང་སྒོ་ཡང་མི་ཉུང་བ་ཞིག་རྙེད། ན་ནིང་། འཇིགས་མེད་ཚེ་རིང་ཧྲིན་དབྱང་སྨན་རྫས་ཚན་རྩལ་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན། ཁོའི་བསམ་པར་སྨན་པ་ཞིག་བྱས་ཏེ་མང་ཚོགས་ལ་ནད་བཅོས་སྨན་གསོ་བྱེད་ཐུབ་ན་རབ་ཡིན་མོད། གལ་སྲིད་སྨན་པ་ཞིག་བྱེད་མ་ཐུབ་པར་སྤྱི་ཞབས་པ་ཞིག་བྱེད་ཐུབ་པར་གྱུར་ཚེ། དེ་ཡང་རང་གི་འདོད་བློ་དང་མཐུན་ལ་ཕ་མ་གཉིས་ཀྱི་བསམ་ནའང་གཟི་བརྗིད་ཅིག་རེད་འདོད། ཡིན་ནའང་དོན་དངོས་ནི་རང་གི་བསམ་ཕྱོགས་དང་ཡེ་ནས་མི་མཐུན་ལ་རང་ཉིད་ཀྱི་མདུན་ལམ་འཚོལ་སྙེག་བྱེད་པར་དཀའ་ཁག་མང་པོར་འཕྲད་པས། ཁོ་རང་སྨན་པ་བྱེད་མ་ཐུབ་ལ་སྤྱི་ཞབས་པ་ཞིག་ཏུའང་འགྱུར་མ་ཐུབ།
སྐབས་དེར་ཁོ་རང་མི་ཚེའི་བགྲོད་ལམ་དུ་ཅི་བྱ་གཏོལ་མེད་དུ་གྱུར། ཡང་བསྐྱར་གྲོང་ཁྱེར་དུ་སོང་ནས་སྨན་རྫས་ཚབ་འཚོང་བྱེད་དགོས་སམ། ལོ་འདི་འགའི་རིང་ལ་ལས་རིགས་དེ་ཡང་སྒྲུབ་དཀའ་ཚོད་འདུག་ལ། ཡང་གཅིག་བཤད་ན་ཁོ་ནི་རང་གི་ཕ་ཡུལ་མཚོ་བྱང་ལ་དུངས་ཤིང་རང་གི་ཡུལ་མི་སྤུན་ཟླ་ལ་བརྩེ་འདང་ཆེ་བ་ཞིག་ཡིན་པས་ས་གཞན་ལ་འགྲོ་འདོད་ཀྱི་འདུན་པའང་ཆེར་མེད། ཡང་ན་མུ་མཐུད་དུ་སྨན་པ་དང་སྤྱི་ཞབས་པར་རྒྱུགས་སྤྲོད་དམ། དེ་དག་ལ་ཡང་འགྲན་རྩོད་ཆེ་བས་ཁོར་གདེང་ཚོད་ཆེར་མེད།
ཕྱུགས་འཚོ་སྐྱོང་བྱེད་བཞིན་པའི་ཨ་ཕས་ཁོ་ལ་བཤད་རྒྱུར། ཧོད་རྒྱུག་བྱས་ནས་ཅི་བྱེད། དེ་ལས་རང་ས་གནས་ཀྱི་སྨན་ཁང་ཞིག་ཏུ་སོང་ནས་ཡུན་གྱིས་གསོ་རིག་ལ་སློབ་སྦྱོང་བྱོས་དང་མཁོ་ས་ཡོད་ན་ཐང་ཟེར་བས། ཁོ་རང་མཚོ་བྱང་ཁུལ་བོད་སྨན་ཁང་དུ་སོང་ནས་དངོས་སྦྱོང་བྱས་པ་རེད། ཅང་མ་འགོར་བར་ཁོས་བོད་སྨན་གྱི་ཁྱད་ཆོས་དང་དེར་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་ཡོད་པ་ཤེས། སྨན་རྫས་སྡེབ་སྦྱོར་ཁང་གིས་གསར་སྤེལ་བྱས་པའི་བོད་སྨན་གྱི་ཕན་ནུས་ཆེ་ཞིང་རིན་གོང་བདེ་ལ། སྨན་རྫས་དེ་དག་གྲུམ་བུ་དང་། ཕོ་བ། རྒྱུ་མ། མཆིན་མཁྲིས། སྙིང་དང་ཁྲག་རྩ་སོགས་ལ་ཕན་ནུས་ཁྱད་པར་ཅན་འདོན་ཐུབ་པར་མ་ཟད། དེ་དག་གིས་རང་ས་གནས་ཀྱི་ནད་པའི་སྡུག་བསྔལ་སེལ་བ་ལས་ད་དུང་ཀྲེ་ཅང་དང་པེ་ཅིན། ཞི་ཨན། ལན་གྲུ་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱི་ནད་པའང་སྨན་ཁང་དེར་སྨན་བཅོས་བྱེད་དུ་ཡོང་གིན་ཡོད། ཡིན་ནའང་བོད་སྨན་གྱི་ཁྱབ་རྒྱ་དེ་འདྲ་མི་ཆེ་བས་སྨན་ཁང་རང་གིས་སྡེབ་སྦྱོར་བྱས་པའི་སྨན་རྫས་དེ་དག་ཚད་ཡོད་པའི་ཁྱབ་ཁོངས་ནང་མ་གཏོགས་འཁོར་བསྐྱོད་བྱེད་མི་ཐུབ་ལ་ཚོང་རར་བཀྲམ་ནས་ཕྱིར་འཚོང་དེ་བས་ཀྱང་བྱེད་ཐུབ་ཀྱིན་མེད། གནད་དོན་དེའི་རིགས་ཐག་གཅོད་བྱེད་པར་ཁོས་རང་ཉིད་ལ་དེའི་ཐད་ཀྱི་ཤེས་བྱ་དང་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་ཡོད་པར་འདོད།
“སྨན་ཁང་ནི་ཞིབ་འཇུག་ཁང་ཆེན་མོ་ཞིག་ཡིན་ལ་ནད་ཐོག་སྨན་བཅོས་དང་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ཕུན་སུམ་ཚོགས་པ་ཞིག་ཡོད་པས་ངས་དེ་དག་འཁོར་རྒྱུག་སྔར་ལས་ཆེ་བའི་ཐོན་རྫས་སུ་བསྒྱུར་རྒྱུ་ཡིན”ཞེས་འཇིགས་མེད་ཚེ་རིང་གིས་རང་གི་བསམ་ཚུལ་དེ་མཚོ་བྱང་ཁུལ་བོད་སྨན་ཁང་གི་སྨན་བཅོས་ཚན་ཁག་གི་ཀྲུའུ་རིན་བསམ་གྲུབ་ལ་བཤད་པ་ན། ཀྲུའུ་རིན་བསམ་འགྲུབ་ཀྱིས་ཀྱང་ཁོ་ལ་ན་གཞོན་འདིའི་ཆེད་ལས་ཤེས་བྱའི་རྨང་གཞི་བརྟན་ཅིང་། བོད་ཡིག་དང་སོག་ཡིག དབྱིན་ཡིག་སོགས་ཤེས་པ་དང་དེ་ལས་ཀྱང་གལ་ཆེ་བ་ནི་ཁོས་སྨན་རྫས་ཞིབ་འཇུག་དང་གསར་བཟོ། ཐོན་སྐྱེད། དེ་མིན་སྨན་རྫས་ཐོ་འགོད་དང་ཡིག་ཐོག་སྙན་ཞུ་འབུལ་བ། ཚོང་གཉེར་སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བྱང་ཆ་ལྡན་པ་དང་། དེ་མིན་རང་རྐྱ་འཕེར་བའི་སྒོ་ནས་སྨན་རྫས་གསར་བ་ཐོ་འགོད་དང་ཡིག་ཐོག་སྙན་ཞུའི་བྱ་བ་བཅས་ཡོད་ཚད་ལས་ཤེས་པས། ཁོ་ནི་ན་གཞོན་ཤེས་ལྡན་པ་ཞིག་ཡིན་ལ། དེ་ལས་ཀྱང་ལས་རིགས་གསར་སྐྲུན་བྱེད་མཁན་ཞིག་ཡིན་ཞེས་གདེང་འཇོག་བྱས། སྨན་ཁང་གིས་ཀྱང་འཇིགས་མེད་ཚེ་རིང་དང་མཉམ་ལས་བྱེད་རྒྱུ་ཐག་གིས་བཅད་དེ་སྨན་རྫས་སྡེབ་སྦྱོར་བྱེད་པའི་བྱ་བ་དེ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་གཏང་རྒྱུ་བྱས།
“ང་རང་ལས་རིགས་གསར་སྐྲུན་གྱི་ལམ་དུ་ཞུགས་ཐབ་པ་ནི་རང་གི་ཆེད་ལས་ཤེས་བྱ་དང་སྔོན་ཆད་ལས་རིགས་འདིའི་ཐད་ནས་བསགས་པའི་ཉམས་མྱོང་མང་པོ་ཡོད་པ་དང་། དེ་མིན་གོ་སྐབས་དམ་འཛིན་བྱེད་ཤེས་པས་རེད”ཅེས་འཇིགས་མེད་ཚེ་རིང་གིས་རང་ཉིད་ལ་བཞག་པའི་སྤྱི་སྡོམ་ཞིག་རེད།
ན་ནིང་ཕྱོགས་མང་པོའི་བརྩོན་ལེན་དང་རོགས་རམ་འོག མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་གི་སྨན་རྫས་སྡེབ་སྦྱོར་ཁང་དེ་རྨང་གཞི་བྱས་པའི་འཇིགས་མེད་ཚེ་རིང་གི་མཚོ་བྱང་ཞལ་དཀར་བོད་སྨན་གསར་སྤེལ་ཚད་ཡོད་ཀུང་ཟི་དངོས་སུ་བཙུགས། དེ་ནི་མཚོ་བྱང་ཁུལ་དུ་སློབ་ཆེན་མཐར་ཕྱིན་སློབ་མས་བཙུགས་པའི་རང་བདག་གསར་སྐྲུན་གྱི་ཁེ་ལས་ཐོག་མ་ཡིན།
“ཨ་ཕས་ལོ་འགའི་རིང་ང་ལ་སྒོར་ཁྲི་འགའ་བྱིན་པའི་མི་ཚད་རང་གིས་བཙལ་བའི་ཡོང་སྒོ་ཡང་ཅུང་བཟང་བ་དང་། དེའི་ཁར་མཚོ་བྱང་ཁུལ་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་རང་བདག་གསར་སྐྲུན་གྱི་ཐེབས་རྩ་ཨུ་ཡོན་ལྷན་ཁང་ལ་ཡར་ཞུ་བྱས་པས་སྒོར་ཁྲི་དྲུག་གི་དངུལ་བུན་ཐོབ། དེ་མིན་མི་གཞན་ལ་བསྐྱི་བ་སོགས་བྱས་ཏེ་སྒོར་འབུམ་ལྔ་དང་ཁྲི་གཉིས་ཀྱིས་ཀུས་ཟི་དེ་ཐོ་འགོད་བྱས་པ་ཡིན། ” ཁོས་ཀུང་ཟི་བཙུགས་པའི་བརྒྱུད་རིམ་རྣམས་བཤད་སྐབས་གདོང་ལ་བཤད་མི་ཤེས་པའི་རང་རློམ་ཞིག་དང་གཟི་བརྗིད་ཅིག་གིས་ཁེངས་འདུག
འཇིགས་མེད་ཚེ་རིང་གིས་གསར་འགོད་པར་བཤད་རྒྱུར། ད་ལྟ་ཐོན་སྐྱེད་བྱེད་ཀྱིན་པ་ནི་བོད་ཀྱི་གསོ་རིག་རྒྱུད་བཞི་ལྟར་གསར་སྤེལ་བྱས་པའི་གུར་གུམ་མཆོག་དྲུག་ཡིན་ལ། མིག་སྔར་བོད་སྨན་སྣ་ཁ་བརྒྱ་དང་གོ་གསུམ་སྡེབ་སྦྱོར་བྱས་ཆོག་པ་དང་དེའི་ནང་གི་སྣ་ཁ་སོ་གཉིས་ལ་ཞིབ་འཇུག་དང་སྡེབ་བཟོ་བྱས་ཡོད། ལས་རིགས་གསར་སྐྲུན་གྱི་བགྲོད་ལམ་དུ་ཞུགས་པའི་འཇིགས་མེད་ཚེ་རིང་གིས་སློབ་གྲྭ་ཆེན་མོ་བས་ལས་ཀ་འཚོལ་བར་རོགས་རམ་བྱེད་རྒྱུ་མ་བརྗེད་པར་ཀུ་ཟི་དེའི་ལས་བཟོ་བ་བཅུ་གསུམ་ཁྲོད་ས་གནས་དེའི་སློབ་གྲྭ་ཆེན་མོ་བ་བཞི་ཡོད། དེང་སྐབས་སློབ་གྲྭ་ཆེན་མོ་བ་ལས་ཞུགས་བྱེད་རྒྱུ་ཧ་ཅང་དཀའ་བས། ཅིས་ཀྱང་རང་ཉིད་ཀྱིས་འཕེལ་རྒྱས་ལམ་སྣ་འཚོལ་དགོས། ངས་ཁོ་ཚོ་དང་མཉམ་དུ་ལས་རིགས་འཕེལ་རྒྱས་སུ་གཏང་འདོད་ཡོད་ཅེས་བཤད་ཚུལ་ལ་བལྟས་ན་འཇིགས་མེད་ཚེ་རིང་ལ་དམིགས་འབེན་བརྟན་པོ་ཞིག་དང་བློ་ཐག་རྦད་ཆོད་ཀྱི་མ་འོངས་པའི་འཆར་གཞི་ཞིག་ཡོད་པ་ཤེས་ཐུབ།
ཁོས་བཤད་རྒྱུར། ཅུང་རྗེས་ལུས་ཡིན་པའི་མཚོ་བྱང་ཁུལ་གྱི་དཔལ་འབྱོར་ལ་ཁ་ཕྱོགས་ནས་ཀུང་ཟིས་རིམ་གྱིས་སྨན་བཅོས་ཚན་ཁག་སོ་སོ་དང་མཉམ་འབྲེལ་གཏིང་ཟབ་བྱས་ཏེ་སྔོན་ཐོན་དང་རྣམ་པ་གསར་བ། ཕན་ནུས་ཆེ་བ། བདེ་འཇགས་ཡིན་པ་བཅས་ཀྱི་བོད་སྨན་ཐོན་སྐྱེད་དང་གསར་སྤེལ་བྱེད་རྒྱུ་མ་ཟད། ད་དུང་ཚོང་རར་བཀྲམས་པའི་དང་དུས་མཉམ་དུ། རྒྱལ་ནང་གི་རྣམ་པ་གསར་བའི་བོད་སྨན་ཐོན་རྫས་དང་འབྲེལ་འདྲིས་བྱས་ཏེ་ལོ་གསུམ་གྱི་ནང་ཐོན་རྫས་གསར་བ་གསུམ་ནས་ལྔ་ཐོན་སྐྱེད་བྱས་ཏེ། བོད་སྨན་གསར་སྤེལ་ལ་བརྟེན་ནས་ས་གནས་དཔལ་འབྱོར་སྔར་ལས་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་ཟེར།
འཇིགས་མེད་ཚེར་རིང་གིས་ད་རུང་བཤད་རྒྱུར། ལས་རིགས་གསར་སྐྲུན་བྱེད་པའི་བགྲོད་ལམ་དུ་ད་དུང་འཕྲད་མ་མྱོང་བའི་དཀའ་ཁག་མང་བོ་ཡོད་སྲིད་མོད། འོན་ཀྱང་ང་ལ་འགྱུར་བ་མེད་པའི་ཆོད་སེམས་ཡོད་ཅིང་། དེའི་ཁར་རང་གི་ལྷན་སྐྱེས་ཀྱི་བློ་གྲོས་དང་སྦྱངས་སྟོབས་ཀྱི་ཡོན་ཏན་ཡོད་པས་རང་ཉིད་ཀྱི་དོན་བྱ་ཐམས་ཅད་ལེགས་འགྲུབ་ཡོང་བར་ཡིད་ཆེས་ཡོད་ཟེར། །
རྩོམ་གསར། 10