བོད་སྨན་གྱི་མ་ཕྱིན་བཙོ་ཐལ་བདུད་རྩི་མའི་སྨན་སྦྱོར་རྒྱུན་འཛིན་པ།—འགྲོ་འདུལ་རྣམ་རྒྱལ།

ཡེ་ཤེས་མགོན་པོ།        2010-12-23

དུས་ཚོད་ཀྱི་གོམ་འགྲོས་སྤྱི་ལོ༢༠༠༨ལོའི་སྟོན་ཟླ་ར་བའི་ནང་སླེབས་པའི་སྐབས་ཀྱི་རེས་གཟའ་ཉི་མ་ཞིག་ལ་སྨྱུག་འཛིན་པས་དཀར་མཛེས་ཁུལ་བོད་སྨན་ཁང་གི་སྨན་རམས་པ་ལྕགས་མགོན་འགྲོ་འདུལ་རྣམ་རྒྱལ་ལ་བཅར་འདྲི་བྱེད་དུ་ཆས་པ་ཡིན།ངས་འདིར་འོང་རྒྱུའི་དོན་དག་གསལ་བཤད་བྱས་རྗེས།ཁོང་གིས་རང་ཉིད་ཀྱི་འདས་དོན་བརྒྱུད་རིམ་ལྷུག་བརྗོད་བྱས་པའི་ཁྲོད་དུ་སྨྱུག་འཛིན་པས་ཤེས་རྒྱུས་ལོན་པ་འདི་སྨྱུག་རྩེར་དྲངས་ནས་ཐོ་འགོད་བྱས་པ་ཡིན། ༡༩༤༥ལོར་ལྕགས་མགོན་འགྲོ་འདུལ་རྣམ་རྒྱལ་ཉིད་ཧོར་བྲག་འགོའི་ཏྲེ་ཧོར་ཡུལ་གྱི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་འཁྲུངས།ལོ་ན་བརྒྱད་ལ་སོན་སྐབས་ཕ་མ་གཉིས་ཀྱི་རེ་འདུན་བཞིན་བོད་ཡིག་སྦྱར་ཀློག་བྱེད་འགོ་ཚུགས།ལོ་བཞིའི་རིང་ལ་བོད་ཀྱི་བརྡ་སྤྲོད་རིག་པ་དང་།སྙན་ངག མཁས་འཇུག ལོ་རྒྱུས་བཅས་ལ་བརྩོན་པ་དྲག་པོས་སློབ་སྦྱོང་མཐར་ཕྱིན་པ་བྱས་ཕྱིར།བོད་ཡིག་གི་རྨང་གཞི་ངེས་ཅན་ཞིག་བཏིང་མཐར།ཕྱིན་ཆད་རང་ཉིད་ཀྱིས་བོད་ཀྱི་གསོ་བ་རིག་པ་སྦྱོང་བར་རྨང་གཞི་ངེས་ཅན་ཞིག་བཏིང་བ་རེད།
༡༩༥༦ལོར་ལྕགས་མགོན་འགྲོ་འདུལ་རྣམ་རྒྱལ་གྱིས་མཁན་པོ་འཇམ་དབྱངས་ཤེས་རབ་ཀྱི་སྐུ་མདུན་ནས་ནང་དོན་རིག་པ་དང་བོད་ཀྱི་གསོ་བ་རིག་པའི་རྨང་གཞི་ཤེས་བྱ་སློབ་སྦྱོང་བྱེད་འགོ་ཚུགས་ཡོད།དེའི་སྐབས་སུ་ཁོང་གིས་དུས་ཚོད་སྐར་ཆ་ཙམ་ལ་དམ་འཛིན་བྱས་ཏེ།ཉིན་མོར་མཉམ་ལས་ཁང་གི་ངལ་རྩོལ་ལས་ལ་ཞུགས་པའི་དུས་མཚུངས་སུ།མཚན་མོར་སྣུམ་གྱི་སྒྲོན་མེའི་འོད་ལ་བརྟེན་ནས་དགེ་རྒན་གྱིས་ངལ་རྩོལ་བྱེད་ཞོར་དུ་ཞལ་ཁྲིད་གནང་བའི་བོད་ཀྱི་གསོ་བ་རིག་པའི་རིག་གཞུང་ལ་བསྐྱར་སྦྱོང་བྱས།བརྩོན་འགྲུས་ལྡན་ན་བྱ་བ་མི་འགྲུབ་གང་ཡང་མེད་ཅེས་པའི་དཔེར་ལྟར།ཁོང་གིས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་བོད་ཀྱི་གསོ་བ་རིག་པའི་རྩ་མདོ་དང་ཆུ་མདོའི་སྐོར་ལ་སྦྱངས་འབྲས་གཡུར་དུ་ཟ་བ་ཐོབ།༡༩༧༠ལོ་ནས་བཟུང་།སྔོན་རྗེས་སུ་སྙན་པའི་གྲགས་ཁྱབ་པའི་བོད་ཀྱི་གསོ་བ་རིག་པའི་ཆེད་རམས་པ་སྐྱེ་མེད་རྡོ་རྗེ་དང་ཀརྨ་དོན་འགྲུབ་རྣམ་གཉིས་ཀྱི་སྐུ་མདུན་ནས་བོད་ཀྱི་གསོ་བ་རིག་པའི་རིག་གཞུང་《རྒྱུད་བཞིའི》ནང་དོན་སོ་སོ་མཐར་ཕྱིན་པ་སྦྱངས་པས་མ་ཚད།བོད་ཀྱི་གསོ་བ་རིག་པའི་ཆེད་རམས་པ་བློ་བཟང་ཆོས་གྲགས་ཀྱི་སྐུ་མདུན་ནས་སྨན་གྱི་ངོས་འཛིན་དང་།སྨན་སྦྱོར་བྱེད་སྟངས།ལས་སྣོན་བྱེད་སྟངས་བཅས་སློབ་སྦྱོང་བྱས་ནས་བོད་ཀྱི་གསོ་བ་རིག་པའི་ནད་ཐོག་སྨན་སྦྱོར་དང་དེ་བཞིན་དུ་བོད་སྨན་བཟོ་ལུགས་ཀྱི་རྩ་བའི་རིག་གཞུང་དང་།ལག་ལེན་གྱི་ཤེས་བྱ་ཁོང་དུ་ཆུད་པ་བྱས་ཡོད།ཁོང་རིང་གིས་བརྩོན་པ་དྲག་པོ་བྱས་མཐར།མགྱོགས་མྱུར་དུ་གསོ་བ་རིག་པའི་རིག་གཞུང་ཤེས་བྱ་དང་།ནད་ཐོག་སྨན་སྦྱོར་བྱེད་སྟངས་ཀྱི་ཤེས་བྱ་དང་ལག་རྩལ་བཅས་ཐད་ཀྱི་མན་ངག་དང་སྙིང་བཅུད་སོགས་ཁོང་དུ་ཟབ་མོ་ཆུད་ནས་ཕྱིན་ཆད་རང་གིས་བོད་ཀྱི་གསོ་བ་རིག་པ་འཕེལ་རྒྱས་གཏོང་བར་རང་གི་འཇོན་ནུས་འབུལ་ཡས་སུ་རྨང་གཞི་ངེས་ཅན་ཞིག་བཏིང་བ་རེད།
༡༩༧༢ལོ་ནས༡༩༨༡ལོའི་བར་བྲག་འགོ་རྫོང་ཏྲེ་ཧོར་ཤང་གི་རྐང་རྗེས་སྨན་པ་བྱས་ཡོད།དེའི་སྐབས་སུ་སྨན་དཀོན་ལ་མི་འདང་བའི་ཆ་རྐྱེན་འོག ལྕགས་མགོན་འགྲོ་འདུལ་རྣམ་རྒྱལ་གྱིས་རྦད་དེ་བོད་ཀྱི་གསོ་བ་རིག་གི་ཐུན་མོང་མིན་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་པ་དང་ཆབས་ཅིག
དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་ནས་རྩྭ་སྨན་འཐུ་བ་དང་བོད་སྨན་སྡེབ་སྦྱོར་བྱས་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་བདེ་ཐང་གི་ཆེད་དུ་མཛད་རྗེས་བླ་ན་མེད་པ་བཞག་ཡོད་ཅིང་།ལས་ཀའི་རྣམ་འགྱུར་དང་བྱས་རྗེས་གཟེངས་སུ་ཐོན་པས༡༩༨༡ལོའི་ཟླ་བ༨པའི་ནང་འབྲེལ་ཡོད་སྡེ་ཁག་གིས་འགྲོ་གནས་སྤོས་ནས་བོད་ལུགས་ཀྱི་སྨན་བཅོས་ལས་ཀ་བསྒྲུབས་པ་རེད།ལྕགས་མགོན་འགྲོ་འདུལ་རྣམ་རྒྱལ་ལ་བོད་ཀྱི་གསོ་བ་རིག་པའི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་དང་སྨན་བཅོས་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པས༡༩༨༢ལོའི་ཟླ་བ༩པ་ནས་༡༩༨༥ལོའི་བར་སྔོན་རྗེས་སུ་དཀར་མཛེས་ཁུལ་འཕྲོད་བསྟེན་སློབ་གྲྭ་དང་།སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ནང་བོད་ཀྱི་གསོ་བ་རིག་པའི་སློབ་ཁྲིད་ཀྱི་ཕྱག་ལས་མཛད་ཡོད།དེའི་སྐབས་སུ་ཁམས་ཁུལ་དུ་སྙན་པའི་གྲགས་པ་ཁྱབ་པའི་བོད་ལུགས་ཀྱི་གསོ་རིག་ཆེད་རམས་པ་ཚེ་གྲུབ་རྡོ་རྗེས་ཁྲིད་སྟོན་གནང་འོག དཀར་མཛེས་ཁུལ་འཕྲོད་བསྟེན་སློབ་གྲྭའི་བ་སྨད་བོད་སྨན་ཁང་གི་རིན་ཆེན་བཙི་ཐལ་ཞིབ་འཇུག་གསར་བཟོ་བྱེད་སྟངས་ཀྱི་ལག་རྩལ་སྦྱངས་པས་མ་ཚད།དེ་ཞིབ་འཇུག་གསར་བཟོ་བྱེད་སའི་ནང་ཞུགས་ནས་རྒྱུད་པ་ཆད་ཉེན་ཡོད་པའི་བཙོ་ཐལ་བདུད་མ་བཟོ་སྟངས་ཀྱི་ལག་ལེན་ཉམས་མྱོང་དེ་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱས་པར་བླ་ན་མེད་པའི་མཛད་རྗེས་བཞག་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།ལྕགས་མགྲོན་འགྲོ་འདུལ་རྣམ་རྒྱལ་ནི་མིག་སྔར་རྒྱལ་ཁབ་ནང་ཁུལ་དུ་བཙོ་ཐལ་བཟོ་གྲུབ་ཀྱི་ལག་རྩལ་འཇོན་ནུས་དང་བྱང་ཆ་ཡོད་མཁན་གྱི་བོད་སྨན་ཆེད་རམས་པ་ཉུང་ངུའི་ནང་གི་ཡ་གྱལ་ཞིག་ཡིན་གྱིན་རེད།ལས་ཀའི་དགོས་མཁོར་གཞིགས་ནས་གོང་རིམ་རྩ་འཛུགས་ཀྱིས་ལྕགས་མགོན་འགྲོ་འདུལ་རྣམ་རྒྱལ་ཉིད་དཀར་མཛེས་ཁུལ་བོད་སྨན་ཁང་དུ་ལས་གནས་སྤོ་རུ་བཅུག དུས་དེ་ནས་བཟུང་ཁོང་གིས་ཕྱོགས་གཅིག་ནས་ཕྱོགས་སོ་སོ་ནས་ནད་ལྟ་རུ་འོང་མཁན་དག་ལ་རང་གི་ཅི་འཇོན་གང་ནུས་ཀྱིས་སྨན་བཅོས་གང་ལེགས་བྱས་པ་དང་།ཕྱོགས་གཞན་ཞིག་ནས་ཁུལ་བོད་སྨན་ཁང་གི་ཆེད་རམས་ཚོ་དང་མཉམ་དུ་རིན་ཆེན་བཙོ་ཐལ་ཞིབ་འཇུག་གསར་བཟོ་བྱེད་སའི་ནང་ཞུགས་ནས།དཀར་མཛེས་ཁུལ་བོད་སྨན་ཁང་གི་འགོ་ཁྲིད་ཀྱི་བཀོད་སྒྲིག་ལྟར།༡༩༩༣ལོར་ལྕགས་མགོན་འགྲོ་འདུལ་རྣམ་རྒྱལ་གྱིས་རིན་ཆེན་བཙོ་ཐལ་བཟོ་གྲུབ་ཀྱི་འགན་འཁུར་བ་དང་།༡༩༩༣ལོར་སེར་ཐར་རྫོང་དུ་ཕྱིན་ནས་སེར་ཐར་རྫོང་བོད་སྨན་ཁང་གི་རིན་ཆེན་བཙོ་ཐལ་བཟོ་གྲུབ་བྱེད་པར་ཁྲིད་སྟོན་བྱས་མཐར།བོད་ཀྱི་མ་ཕྱིའི་སྨན་མཆོག་འདི་ཉིད་ཐོན་སྐྱེད་འཕེལ་རྒྱས་གཏོང་བར་མཛད་རྗེས་ཆེན་པོ་བཞག་ཡོད་པ་རེད།
ལྕགས་མགོན་འགྲོ་འདུལ་རྣམ་རྒྱལ་གྱིས་དུས་ཡུན་རིང་པོར་བོད་ལུགས་སྨན་བཅོས་དང་སློབ་ཁྲིད་ཀྱི་ལས་ཀ་བསྒྲུབས་མཐར།སྨན་བཅོས་ཕྱག་ལས་སྒྲུབ་ཞོར་དུ་དཀར་མཛེས་ཁུལ་འཕྲོད་བསྟེན་སློབ་གྲྭ་དང་ཁྲེང་ཏུའུ་རྒྱ་སྨན་སློབ་གྲྭ་ཆེན་པོའི་བོད་ཀྱི་གསོ་བ་རིག་པའི་དགེ་རྒན་མཛད་ནས་སི་ཁྲོན་གྱི་བོད་ཁུལ་ལ་ཚད་ལྡན་སློབ་མ༦༠༠ལྷག་ཙམ་གསོ་སྐྱོང་བྱས་ཡོད།དེ་དང་ཆབས་ཅིག་སྨན་བཅོས་ལག་ལེན་ཁྲོད་དུ་ཉམས་མྱོང་ཕྱོགས་བསྡོམས་བྱས་ཏེ།སྔོན་རྗེས་སུ《ཕོ་བའི་ནད་བཅོས་སྟངས》དང་《འགོས་ནད་སྔོན་འགོག་བྱེད་སྟངས》《གྲུམ་བུའི་ནད་བཅོས་སྟངས》《མོ་ནད་བརྟག་ཐབས》《རྒྱུད་བཞིའི་འབྱུང་ཚུལ》《ཁམས་པའི་བོད་ཀྱི་གསོ་རིག་གི་བཅོས་ཐབས་ཀྱི་ཁྱད་ཆོས》དཔྱད་རྩོམ་བཅུ་ལྷག་ཙམ་རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་པའི་རིག་གཞུང་ཞིབ་འཇུག་བགྲོས་གླེང་ཐོག་འགྲེམ་སྤེལ་བྱས་པ་རེད།ལྕགས་མགོན་འགྲོ་འདུལ་རྣམ་རྒྱལ་གྱི་ལས་གྲོགས་ཚོས་ངོ་སྤྲོད་བྱས་པར་གཞིགས་ན།ལོ༣༠ལྷག་གི་སྨན་བཅོས་ལག་ལེན་བྱས་པའི་ཁྲོད་དུ་ལྕགས་མགོན་འགྲོ་འདུལ་རྣམ་རྒྱལ་གྱིས་སྨན་བཅོས་བྱས་པའི་ནད་པ་ནི་བགྲང་གིས་མི་ལངས།ནད་ཐོག་ཉམས་ལེན་ཐད་ཉམས་མྱོང་ཕུན་སུམ་ཚོགས་པོ་དང་གཟེངས་སུ་ཐོན་པའི་སྨན་བཅོས་ལག་ཤེས་གསོག་འཇོག་བྱས་ཡོད་ཅིང་།ཁྱད་པར་དུ་སྙིང་ཁམས་ཁྲག་རྩའི་ནད་རིགས་བཅོས་ཐབས་ཐད་རང་གི་ཐུན་མོང་མིན་པའི་རིགས་པས་ཁུངས་ལུང་ཡོད་པ་རེད།ལོ༣༠ལྷག་གི་རིང་ལ་སྙིང་ཁམས་ཁྲག་རྩའི་ནད་རིགས་ཕོག་མཁན་གྱི་ནད་པ་མང་པོ་གཤིན་རྗེའི་ལག་ནས་འཕྲོག་སྟེ་ཚེ་སྲོག་གསར་པ་རྙེད་དུ་བཅུག་མཐར།ཁོ་ཚོའི་དགའ་བསུ་དང་གཟེངས་བསྟོད་ཐོབ་པ་རེད།
ལོ་མང་པོའི་རིང་ལ་བོད་ཀྱི་གསོ་བ་རིག་པ་ལག་ལེན་དང་ཞིབ་འཇུག་བྱས་ནས་གཡུར་དུ་ཟ་བའི་འབྲས་བུ་ཐོབ་ཕྱིར།ལྕགས་མགོན་འགྲོ་འདུལ་རྣམ་རྒྱལ་ཉིད་རང་ཁུལ་གྱི་སྙན་པའི་གྲགས་པ་ཁྱབ་པའི་སྨན་རམས་པ་ཐང་ག་ངག་དབང་རྒྱ་མཚོ་ལྷ་རྗེའི་སྨན་སྦྱོར་གྱི་ལག་རྩལ་རྒྱུན་འཛིན་བྱེད་མཁན་དུ་གྱུར།
 
  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།: བོད་ཀྱི་སྨན་པ་མཁས་ཅན་ཕུན་ཚོགས་རབ་བརྟན།