མི་ཆུང་ཁ་བདེ།

        2010-11-18

 
འགོག་སྡེ་ཤོག་གི་མི་ཡིན་ཞིང་།ཁོའི་ཕ་མ་ཤི་སོང་བས་ཕ་མ་ལ་དགེ་རྩ་སྒྲུབ་པའི་ཆེད་དུ་རང་ཉིད་སྤྱི་དཔོན་རོང་ཚ་ཁྲ་རྒན་ཚང་ལ་བཙོངས་རྗེས་སུ་ཁྲོ་ཐུང་གིས་ཧོར་ཡུལ་ལ་གཏའ་མར་བྱིན་པས་ཧོར་ཡུལ་དུ་ལུས།ཡང་བཤད་སྲོལ་ཞིག་ལ་གླིང་རྗེ་གེ་སར་རྒྱལ་པོ་བྱང་དུ་བདུད་འདུལ་བར་ཕེབས་སྐབས།ཧོར་དམག་གིས་ཧོར་གླིང་ས་མཚམས་སུ་མི་ཆུང་ཁ་བདེ་གསོན་བཟུང་བྱས།མི་ཆུང་ཁ་བདེས་བསམ་བཞིན་མ་ཡིན་ཡང་གླིང་རྗེ་གེ་སར་རྒྱལ་པོ་བྱང་ཕྱོགས་བདུད་ཡུལ་དུ་ཕེབས་ཟིན་པའི་གནས་ཚུལ་བཤད་ཤོར་སྟབས།ཧོར་གུར་དཀར་རྒྱལ་པོས་གླིང་ལ་བཙན་ཤེད་ཀྱི་དཔུང་འཇུག་བྱས་པ་རེད།
དེར་བརྟེན་མི་ཆུང་ཁ་བདེ་གླིང་ཡུལ་དུ་ལོག་མ་ཕོད་པར་ཧོར་ཡུལ་དུ་ལུས་སོང་།ཁོང་ཁ་བདེ་ཞིང་རྩོད་པ་ལ་མཁས་པས་ཧོར་གུར་དཀར་རྒྱལ་པོས་ཁོང་ལ་ཡིད་ཧ་ཅང་དགའ་སྟབས་མིང་ལ་ག་མ་གཟིག་མགོ་བཏགས་ཤིང་སྐུ་འཁོར་གྱི་གཡོག་པོར་བསྐོས།རྗེས་སུ་ཧོར་གུར་དཀར་རྒྱལ་པོས་ཁོང་འབྲུག་མོ་ལ་ཞབས་ཕྱི་ཞུ་བའི་གཡོག་པོར་བསྐོས་ཤིང་།གླིང་རྗེ་གེ་སར་རྒྱལ་པོས་ཧོར་གུར་དཀར་བཏུལ་རྗེས་སུ་ཁོང་ཡང་གླིང་ཡུལ་དུ་ཁྲིད་ནས་སྐུ་འཁོར་གྱི་གཡོག་པོར་བསྐོས།ཁོང་ཁ་བདེ་ཞིང་རྩོད་པ་ལ་མཁས་པར་མ་ཟད།དམག་དོན་ལ་ཡང་མཁས་པ་རེད།གླིང་རྗེ་གེ་སར་རྒྱལ་པོས་མོན་ཡུལ་བཏུལ་བ་དང་།རྒྱ་ཡུལ་ཇ་རྫོང་ཕབ་པར་ཁོས་མཛད་རྗེས་ཆེན་པོ་བཞག་ཡོད་པས།གླིང་རྗེ་གེ་སར་རྒྱལ་པོ་ཡང་ཁོང་ལ་ཐུགས་དགྱེས་པ་རེད།
  • ལེ་ཚན་སྔོན་མ།:སྣང་ཆུང་གཡུ་སྟག
  • ལེ་ཚན་རྗེས་མ།:སེང་བློན།