ངོ་མཚར་རྟོགས་བརྗོད་བརྡ་གསང་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །

འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།        2013-05-13

ༀ་སྭསྟི། འཛམ་གླིང་ཕན་བདེ་གྲུབ་པའི་རོལ་མོ་རུ། ། ཡེ་ཤེས་ནོར་བུ་འབར་བའི་ཟེར་ཕྲེང་གིས།། ནག་ཕྱོགས་བདུད་དགྲ་འདུལ་ལ་མཐུ་བོ་ཆེ། ། སྐྱེས་མཆོག་སེང་ཆེན་རྒྱལ་པོས་ཤེས་པ་སྕོལ།
༡ འདམ་གྱི་པདྨོ་སྣང་བའི་དང་པོ་ལ། ། གློག་ཕྲེང་མེ་ལོང་དམར་པོའི་དཀྱིལ་དུ་ཤར། ། འབྲུག་སྒྲས་དཔའ་བོ་རླུང་གི་བང་ཞོན་པས། ། ཀུན་ཀྱང་དབང་དུ་གྱུར་ལ་གསོལ་བ་འདེབས། །   ༢ དབང་ཆེན་ཅང་ཤེས་དམར་པོར་སྣང་བ་ཡི། ། རྫུ་འཕྲུལ་རྐང་པ་འཕྲུལ་གྱི་ཞགས་པས་བཀུག ། སྒྱུ་མའི་གཏེར་ལས་སྲིད་གསུམ་ཡོ་བྱད་འགྲིགས། ། ཆེ་རྒུས་མངའ་གསོལ་མཛད་ལ་གསོལ་བ་འདེབས། ། ༣ སྟག་དང་སེང་འབྲུག་ཁྱུང་དང་གླང་པོ་ཁྱུ། ། དྲེགས་པའི་ཆང་གིས་མྱོས་བཞིན་རྣམ་རྒྱུ་བ། །ཕན་ཚུན་འགྲན་པ་བཞིན་དུ་དངར་བའི་མཐར། ། སྦས་པའི་ཟོལ་གྱིས་གཤེགས་ལ་གསོལ་བ་འདེབས། ། ༤ དྭངས་པའི་ཤེལ་ལས་འཕོས་པའི་གཟུགས་བཞིན་དུ། ། དུ་མའི་མདུན་ན་སྣ་ཚོགས་ཉམས་ཀྱི་གླུས། ། སོ་སོའི་ཡིད་ཀྱི་འདོད་པ་གསལ་བྱེད་པའི། ། སྒྱུ་འཕྲུལ་རོལ་མོ་ངོམས་ལ་གསོལ་བ་འདེབས། །  ༥ བཞིན་ལེགས་ལྷ་ཡི་ནི་གུའི་ཚོགས་མདུན་ནས། ། ཟླ་ཉི་སྒྲ་གཅན་སྐར་མའི་རྒྱུ་བ་བཞིན། ། སྟོབས་ནུས་རླུང་གི་ཤེད་མོང་རབ་འཁྲུགས་པས། ། སྙན་པའི་བ་དན་བསྐྱོད་ལ་གསོལ་བ་འདེབས། །  ༦ དགའ་སྐྱིད་ཉི་ཟླ་འབར་བའི་སྣང་བའི་ངོགས། ། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་དྲུང་། ། གྲགས་པའི་འབྲུག་སྒྲས་ས་ཆེན་འདར་བཞིན་དུ། ། རྒྱལ་ཐབས་ཁྲི་ཆེན་གནོན་ལ་གསོལ་བ་འདེབས། ། ༧ སྤྲིན་ལས་སྣང་བའི་མུ་ཁྱུད་དང་ནི་ཡང་། ། འདམ་གྱི་སྦུབས་ནས་པདྨ་གཞོན་ནུ་བཞིན། ། ལྷར་བཅས་ཀུན་དགའི་ལུས་མཆོག་དྲི་མ་མེད། ། མངོན་སུམ་སྣང་བར་མཛད་ལ་གསོལ་བ་འདེབས། ། ༨ སྟོབས་ཀྱིས་དྲེགས་པ་ཀུན་ཀྱང་འདི་ཡི་དྲུང་། ། ཅོད་པན་རལ་པས་བཏུད་དང་ལྷན་ཅིག་ཏུ། ། བདུད་ཀྱི་སྡེ་ཆེན་ཕམ་པའི་ཆོ་ངེ་བསྒྲགས། ། དཀར་ཕྱོགས་རྣམ་པར་རྒྱལ་ལ་གསོལ་བ་འདེབས། །  ༩ དེ་ནས་སྲིད་དང་ཞི་བའི་དྭངས་བཅུད་ཀུན། ། དབང་མེད་འཕྲོགས་པ་ཡིད་བཞིན་ནོར་བུའི་སྐུ། ། རྟག་བརྟན་བགྲེས་རྒུད་བྲལ་བའི་རང་བཞིན་གྱིས། ། བསྟན་འགྲོའི་ཕན་བདེ་སྤེལ་ལ་གསོལ་བ་འདེབས། ། ༡༠ དེ་ལྟར་གསོལ་བ་བཏབ་པའི་རྟེན་འབྱུང་གིས། ། རིགས་གསུམ་པདྨའི་སྒྱུ་འཕྲུལ་དགྲ་བླའི་རྒྱལ། ། ཡིད་ཀྱི་ཨུཏྤལ་གཞོན་ནུའི་དབུས་བཞུགས་ནས། ། རེ་འབྲས་ཡིད་བཞིན་འགྲུབ་པའི་དངོས་གྲུབ་སྩོལ། །  ༡༡ རབ་ཚེས་ཤིང་ཁྱི་ཧོར་ཟླ་བཅུ་གཅིག་པའི། ། དམར་ཕྱོགས་མཁའ་འགྲོ་འདུ་བའི་ཚེས་བཅུ་ལ། ། དཔའ་བོ་གླིང་ལ་གུས་པའི་རྣལ་འབྱོར་པ། ། མི་ཕམ་རྣམ་པར་རྒྱལ་བས་ལེགས་པར་སྤེལ། ། ལུས་ཟུངས་དགའ་སྐྱིད་ནྱ་གྲོ་དྷ་ཡི་འབྲས། ། ཕྲ་ཡང་ཇེ་བས་ཇེ་ཆེར་རྒྱས་པ་ཡི། ། རྟེན་འབྲེལ་བཟང་པོའི་རྟོག་པ་བཅོས་མིན་དུ། ། ཡང་ཡང་སྐྱེ་བའི་རྩལ་ལས་འདི་ཡང་སྣང་། ། ཉམས་དགའི་བྲོ་གར་རྩེན་པར་འདོད་པའི་ངང་། ། སྒྱུ་མའི་གཉིད་ལས་བརྡ་དོན་སྣ་ཚོགས་ཤར།།  དེ་ཚུལ་བརྟགས་ན་འདི་ཡང་རྟེན་འབྲེལ་གྱི། ། མཆོག་བཟང་གཡུལ་རྒྱལ་ལྷ་ཡི་རྔ་དང་འདྲ། ། གེ་སར་ནོར་བུ་དགྲ་འདུལ་ཞེས་བྱ་བ། ། འཛམ་གླིང་ཐ་གྲུ་ཀུན་ན་གྲགས་པ་ཡི། ། ངོ་མཚར་རྟ་བརྒྱུགས་རྟོགས་པ་བརྗོད་པའི་གཏམ། ། བརྡ་གསང་ནོར་བུའི་མེ་ལོང་འདི་ཡིན་ནོ། །
  • ལེ་ཚན་སྔོན་མ།:དཔའ་ལྷ་སེང་སྟག་ཨ་དོམ་གྱིས་ཧོར་གུར་དཀར་ལ་བླངས་པའི་གླུ།
  • ལེ་ཚན་རྗེས་མ།:གླིང་སྒྲུང་ནང་གི་ཆང་བཤད།