གླིང་གེ་སར་སྟོང་ཐང་ཆེན་མོའི་བྲིས་ཆ་ལས་ལྷ་གླིང་གབ་ཙེ་དགུ་སྐོར་གྱི་བསྡུས་དོན།

ཚེ་རིང་དབང་རྒྱལ        2012-03-14

དེ་ཡང་ལྷ་སྲས་ཐོས་པ་དགའ་བ་དེ་ཉིད་འཛམ་གླིང་བོད་ཀྱི་ལྟེ་བ།སྒང་དྲུག་ས་ཡི་ཐིག་ལེ།ནག་པོ་བདུད་ཀྱི་གཉའ་གནོན།སེར་པོ་ཧོར་གྱི་གཉའ་ཤིང་།དབུ་ནག་བོད་ཀྱི་ལྷ་སྐལ།འདྲེ་སྲིན་བྱུར་གྱི་གཤེད་མ།གདོང་བརྒྱུད་འབུམ་པའི་ལྷ་སྲས་ལ་ཕེབས་དགོས་པར།སྔོན་གྱི་ཐུགས་བསྐྱེད་བཞིན་དུས་བབས་ཀྱི་བདུད་རིགས་རྣམས་ལྷ་ཕྲུག་ཉིད་ཀྱིས་ལྷ་གོང་མའི་མདུན་ནས་ཆམ་ལ་དབབ་རྒྱུ་དམ་བཅས་ཏེ་མི་ཡུལ་དུ་སྐྱེ་བ་བཞེས་ཚུལ་གྱི་རྟོགས་བརྗོད་དད་པའི་འདབ་བརྒྱ་བཞད་པའི་པདྨོ་འདིའི་བསྡུས་དོན་ལྟར་འགོད་པར་བྱའོ། དག་པ་ལྷ་ཡི་ཞིང་ཁམས་ནས།།རྒྱལ་བ་རབ་འབྱམས་རྒྱ་མཚོ་དང་།།པད་འབྱུང་ལ་སོགས་བཀའ་བགྲོས་ནས།།ལྷ་ཕྲུག་ཐོས་པ་དགའ་བ་ཉིད།།འཛམ་བུ་གླིང་གི་ས་ཆ་རུ།།ནག་པོ་བདུད་ཀྱི་གཉའ་གནོན་དུ།།མངའ་གསོལ་གཟེངས་བསྟོད་མཛད་པ་འོ།   བྲིས་ཆ།ཡུལ་བཀོད་བར་སྣང་ཡངས་པ་མཁའ་དབྱིངས་སྟོང་པའི་ངོས་སུ་སྤྲིན་དཀར་གྱི་ཕུང་པོ་ལང་ལོང་དུ་གཡོ་བའི་བར་དང་གསེབ་ཏུ་རྒྱུ་དང་རྒྱ་ཁྱོན་སོགས་ཀྱི་ཚད་དང་ཡོན་ཏན་འཇལ་མི་ནུས་པའི་ལྷའི་ཁང་བཟང་ངམ་དག་པ་ལྷ་ཡི་གཞལ་ཡས་ཁང་གི་བཀོད་པ་གང་མཛེས་ཀྱི་རྣམ་པ་སོགས་འབྲིའོ།དེའི་ཉེ་འགྲམ་སྤྲིན་དཀར་བལ་གྱི་འདབ་མ་འདྲ་བ་དང་འཇའ་ཚོན་ཁ་དོག་ལྔ་ལྡན་བཅས་ཀྱི་གུར་ཁྱིམ་ཕུབ་པ་ལྟར་ཡོད་པའི་དབུས་སུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྐུ་བཞེངས་སྟབས་ཅན་གྱི་རྣམ་པ་ལྟར་བྱོན་ནས།ལྷ་ཕྲུག་ཐོས་པ་དགའ་བ་དེ་ཉིད་འཇིག་རྟེན་མི་ཡུལ་དུ་མངགས་རྒྱུ་བཀའ་བགྲོས་མཛད་ནས་ཡོད་ཚུལ་གྱི་རྣམ་པ་སོགས་འབྲིའོ།དེ་ལས་ཅུང་ཟད་ཁད་དམའ་བ་ལྟར་བྱ་བའི་མཁའ་དབྱིངས་སྤྲིན་ཕུང་གི་དབུས་སུ་སློབ་དཔོན་པདྨ་འབྱུང་གནས་ཁོང་འཇའ་ཟེར་ཐིག་ལེ་འོད་ཕུང་སོགས་ཀྱི་ཀློང་ནས་སྐུ་བཞེངས་སྟབས་ཅན་གྱི་རྣམ་པ་བྱོན་ཏེ་སྐུ་ལ་ཟ་ཧོར་རྒྱལ་པོའི་སྐུ་ཆས་དང་།ཕྱག་གཡས་པས་རྡོ་རྗེ་དང་གཡོན་པས་ཐོད་བུམ་བདུད་རྩིས་གང་བ་འཛིན་པ།ཁ་ཊྭཱྃ་ག་རྩེ་གསུམ་གྲུ་མོ་བསྟན་པ་སོགས་སྤྱི་འགྲོས་ལྟར་བྱ་ཞིང་།དེ་ལས་ཁད་དམའ་བ་ལྟར་བྱ་བའི་མེ་ཏོག་པདྨའི་གདན་སྟེང་ནས་ལྷ་ཕྲུག་ཐོས་པ་དགའ་བ་དེས་སློབ་དཔོན་པདྨའི་ཅི་གསུང་དང་དུ་ལེན་ཅིང་གུས་གུས་ལྟར་བཞུགས་ཡོད་ཚུལ་གྱི་རྣམ་པ་སོགས་འབྲིའོ།ཡུལ་བཀོད་གཞན་ལྗོན་ཤིང་དང་ཆུ་བོ་བྲག་རི་མཚོ་དང་མཚེའུ་སོགས་དང་སྤྲུལ་བའི་བྱ་བྱེའུ་རི་དྭགས་བཅས་ཀྱི་རྣམ་པ་གང་མཛེས་ཀྱང་འགོད་པར་བྱའོ།ལྡེབ_སློབ་དཔོན་པདྨ་འབྱུང་གནས་ཀྱིས།།ཀླུ་མོ་ཡལ་ག་མཛེས་ལྡན་དེ།།ཐབས་ཀྱིས་བསླང་ཕྱིར་ཀླུ་རྣམས་ལ།།མནོལ་བའི་རྫས་ལ་རིགས་སྔགས་བཏབ།།མ་ཕམ་གཡུ་མཚོའི་ནང་དུ་འཕངས།།ཀླུ་ཡུལ་མནོལ་གྲིབ་ཀྱིས་ཁྱབ་སྟེ།།ཀླུ་རྣམས་ཀླུ་རྒྱལ་གཙུག་ནའི་མདུན།།བཀའ་བགྲོས་ཞུས་པས་ཀླུ་རྒྱལ་གྱིས།།ཀླུ་ཕྲུག་སྣང་བ་གཟི་ལྡན་དེ།།མོ་ལྷ་རྡོ་རྗེ་ངང་དཀར་མདུན།།དགོངས་བརྟག་ལུང་བསྟན་ཞུ་སར་མངགས།།མོ་བབས་བཞིན་དུ་ཀླུ་རྣམས་ཀྱིས།།སློབ་དཔོན་ཀླུ་ཡུལ་གདན་འདྲེན་ཞུས།   བྲིས་ཆ།ཡུལ་བཀོད་ཅུང་ཟད་རྒྱང་རིང་བ་ལྟར་བྱ་བའི་ཆུ་ཡི་འཇིག་རྟེན་ཆེན་པོ་ཞིག་གི་ཞབས་མ་འམ་འོག་མ་ཀླུ་ཡི་ཡུལ་ཏེ་དེར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཕོ་བྲང་ཉམས་དགའ་བ་ཞིག་གི་ནང་རོལ་ཏུ།ཀླུ་ཆེན་བརྒྱད་ཀྱི་ཡ་གྱལ་ཀླུ་རྒྱལ་གཙུག་ན་རིན་ཆེན་སྐབས་འདིར་ཀླུ་ཡི་རིགས་ཆེན་བཞི་གསུངས་ཡོད་ཀྱང་།རིགས་བཞི་པོ་རེ་རེ་བཞིན་བགྲང་མི་འདུགཀླུ་ལ་རྩ་བའི་རིགས་ལ་དབྱེ་ན་གྲངས་ལྔར་བརྩི་བ་དང་།གྲངས་བརྒྱད་དུ་བརྩི་བ་གཉིས་མཐོང་།གྲངས་བརྒྱད་དུ་བརྩི་བ་འདི་ལ་ཡང་གྲངས་འདྲེན་ཚུལ་མི་འདྲ་བ་དུ་མ་འདུག།གྲངས་ལྔར་འདྲེན་ཚུལ་ནི།རྒྱལ་རིགས་གསེར་གྱི་ཁྲི་ལ་བཞུགས་པ།རྗེའུའི་རིགས་གཡུའི་ཁྲི་ལ་བཞུགས་པ།དམངས་རིགས་ཟངས་ཀྱི་ཁྲི་ལ་བཞུགས་པ།བྲམ་ཟེའི་རིགས་ལྕགས་ཀྱི་ཁྲི་ལ་བཞུགས་པ།གདོལ་བའི་རིགས་ཁྲོ་ཆུའི་ཁྲི་ལ་བཞུགས་ཞེས་པ་གསལ་ལོ།ཡང་ལྷ་ཆེན་པོ་བརྒྱད་ཡོད་པ་བཞིན་དུ།ཀླུ་ལའང་ཆེན་པོ་བརྒྱད་དེ་ཤར་དུ་མཐའ་ཡས་དང་།ལྷོ་རུ་འཇོག་པོ།ནུབ་ཏུ་སྟོབས་རྒྱུ།བྱང་དུ་རིགས་ལྡན།ཤར་ལྷོར་ནོར་རྒྱས།ལྷོ་ནུབ་དུང་སྐྱོང་།ནུབ་ཏུ་པདྨ།བྱང་དུ་ཆུ་ལྷའོ།ཡང་ཀླུའི་རྒྱལ་པོ་ཆེན་པོ་བརྒྱད་ནི།ནོར་རྒྱས་དང་།པད་མ།སྟོབས་རྒྱུ།འཇོག་པོ།པད་མ་ཆེན་པོ།དུང་སྐྱོང་།རིགས་ལྡན།མཐའ་ཡས་ཏེ་བརྒྱད་དོ།།ཡང་ཀླུ་ཡི་རྒྱལ་པོ་དགའ་བོ་དང་།དུང་སྐྱོང་།གཙུག་ན་རིན་ཆེན།འཇོག་པོ།ནོར་འཛིན།རིགས་ལྡན།པདྨ།མཐའ་ཡས་སོགས་སྦྲུལ་གྱི་གདེངས་ཀ་ཡོད་པའི་ཀླུ་ཡི་རྒྱལ་པོ་ཆེན་པོ་བརྒྱད་དོ།   དེ་སྐུ་གཟི་བརྗིད་དང་བཀྲག་མདངས་ཀླུ་རིགས་གཞན་གྱིས་འགྲན་དུ་མེད་པ་ལྟར་དང་།སྐུ་ཆས་མཛེས་རྒྱན་སོགས་ཀྱང་དེ་མཚུངས་དང་རིན་པོ་ཆེ་དུ་མ་ལས་གྲུབ་པའི་བཞུགས་ཁྲི་རུ་འཁོད་དེ་ཡོད་པའི་མདུན་དུ།ཀླུ་འཁོར་འགས་ཀླུ་ཡུལ་མནོལ་གྲིབ་ཀྱིས་ཁྱབ་ཚུལ་ཞུ་བ་ཕུལ་ཏེ་ཡོད་ཚུལ་གྱི་རྣམ་པ་སོགས་འབྲིའོ།ཕྱོགས་གཅིག་ནས་ཀླུ་རྗེའི་བཀའ་བཞིན་ཀླུ་ཕྲུག་སྣང་བ་གཟི་ལྡན་དེ་མོ་མ་རྡོ་རྗེ་ངང་དཀར་གྱི་མདུན་དུ་སོང་སྟེ་ནོར་བུ་ཤེལ་འོད་གཅིག་མོ་ཡོན་དུ་ཕུལ་ནས་དོན་རྣམས་ཞུས་ཏེ་ཡོད་ཚུལ་གྱི་རྣམ་པ་སོགས་འབྲིའོ།ཕྱོགས་གཅིག་ནས་མོ་མས་མོ་བབས་པ་ལྟར་ཀླུ་ཕྲུག་ཡེར་བའི་སྤྲིན་དགའ་སོགས་ཀྱིས་སློབ་དཔོན་པདྨ་ཀླུ་ཡུལ་དུ་གདན་འདྲེན་ཞུ་བཞིན་ཡོད་ཚུལ་གྱི་རྣམ་པ་སོགས་འབྲིའོ།ཡུལ་བཀོད་རྒྱ་མཚོ་དང་ཁང་བཟང་བྲག་རི་ཆུ་གནས་སོགས་ཀླུ་རིགས་དང་མཐུན་པའི་རྣམ་པ་སོགས་ཀྱང་འགོད་པར་བྱའོ།ལྡེབ_སློབ་དཔོན་པདྨ་འབྱུང་གནས་ཀྱིས།།འོག་མ་ཀླུ་ཡི་འཇིག་རྟེན་གྱི།།འགྲོ་བའི་ནད་བཅོས་སྲོག་བསྐྱབས་དང་།།སྨིན་གྲོལ་གདམས་པ་བསྩལ་བའི་ཡོན།།ཀླུ་མོ་ཡལ་ག་མཛེས་ལྡན་དང་།།ཀླུ་སྦྲ་མཐིང་ཤོག་གུང་དགུ་དང་།།ཀླུ་འབུམ་པོ་ཏི་བཅུ་དྲུག་དང་།།ཀླུ་ཟོག་འབྲི་མོ་གཡང་རྭ་དང་།།ཟས་གཡང་གསེར་ཟོ་སྨུག་ཆུང་དང་།།སྐོམ་སེལ་གངས་ཀྱི་སྙིང་པོ་སོགས།།བཞེས་ཏེ་མ་ཕམ་གཡུ་མཚོའི་ཁར།།རྫུ་འཕྲུལ་སྟོབས་ཀྱིས་འབྱོན་པ་ན།།ཀླུ་རིགས་རྣམས་ཀྱིས་ཕེབས་བརྫངས་ཞུས།།དེ་ནས་སློབ་དཔོན་པདྨ་ཡིས།།ར་ལོ་བསྟན་པ་རྒྱལ་མཚན་ལ།།ཀླུ་མོ་ཡལ་ག་མཛེས་ལྡན་སོགས།།བཅོལ་ཏེ་རྔ་ཡབ་གླིང་དུ་གཤེགས།   བྲིས་ཆ།ཡུལ་བཀོད་ཅུང་ཟད་ཉེ་རྒྱུད་ལྟར་བྱ་བའི་མཚོ་མ་ཕམ་གཡུ་མཚོའི་མ་ཕམ་གཡུ་མཚོ་ནི།བོད་རང་སྐྱོང་ལྗོངས་ཀྱི་སྤུ་ཧྲེང་རྫོང་གི་དབུས་རྒྱུད་ན་ཡོད་དོ།།ཀླུ་མོ་ཡལ་ག་མཛེས་ལྡན་ནི་འགོག་བཟའི་མཚན་གྱི་རྣམ་གྲངས་ཤིག་ཡིན་ལ།གེ་སར་ཚིག་མཛོད་ལས།མཚོ་མ་དྲོས་པའི་ནང་གི་ཀླུ་རྒྱལ་གཙུག་ན་རིན་ཆེན་གྱི་སྲས་མོ་གསུམ་པ་ཡིན་ཞིང་མཚན་ལ་མེ་ཏོག་ལྷ་མཛེས་གསོལ་ཞེས་གསུངས།།མཚོ་མ་དྲོས་པ་ནི་མཚོ་མ་ཕམ་གྱི་མིང་གཞན་ཞིག་ཡིན།    དབུས་ནས་སློབ་དཔོན་པདྨ་དང་ཀླུ་མོ་ཀླུ་ཟོག་རྣམས་རང་སར་བྱུང་བ་ལྟ་བུའི་རྣམ་པ་སོགས་འབྲིའོ།དེའི་ཉེ་རྒྱུད་ཙམ་ནས་ཀླུ་རིགས་རྣམས་ཀྱིས་ཀླུ་མོ་ཡལ་ག་མཛེས་ལྡན་དང་།སློབ་དཔོན་པདྨ་རྣམ་གཉིས་ལ་སྐྱེལ་རྫོང་དཔག་མེད་འབུལ་བཞིན་ཡོད་ཚུལ་གྱི་རྣམ་པ་སོགས་འབྲིའོ།ཡུལ་བཀོད་ཅུང་ཟད་རྒྱང་རིང་བ་ལྟར་བྱ་བའི་འཇའ་ཟེར་དར་ཐག་ལྟར་བརྐྱངས་བའི་ལམ་བརྒྱུད་དེ་ཁོང་རྣམ་པ་གཉིས་འགོག་ར་ལོ་བསྟན་པ་རྒྱལ་མཚན་གེ་སར་ཚིག་མཛོད་ལས།སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཀླུ་ཡུལ་དུ་འགྲོ་དོན་མཛད་སྐབས་ཀླུ་རྒྱལ་རང་གི་སྲས་མོ་མེ་ཏོག་ལྷ་མཛེས་སློབ་དཔོན་པདྨ་འབྱུང་གནས་ལ་ཕུལ།སློབ་དཔོན་གྱིས་འགོག་སྡེ་ཤོག་བསྟན་པ་རྒྱལ་མཚན་ལ་བསྩལ།བསྟན་པ་རྒྱལ་མཚན་གྱིས་མེ་ཏོག་ལྷ་མཛེས་བཙུན་མོ་རུ་ཁབ་ཏུ་བཞེས།ཕྱིས་སུ་འགོག་གླིང་གཡུལ་འཁྲུག་བྱུང་སྟེ་འགོག་སྡེ་ཕམ་པར་གྱུར་རྗེས་བསྟན་པ་རྒྱལ་མཚན་ས་གནས་གཞན་དུ་བྲོས་སོང་།གླིང་དམག་གིས་མེ་ཏོག་ལྷ་མཛེས་གསོན་བཟུང་བྱས་ཏེ་སེང་བློན་ལ་ཕུལ་ནས་སེང་བློན་གྱིས་བཙུན་མོར་ཁབ་ཏུ་བཞེས།ཞེས་པ་དང་།ཡང་བཤད་སྲོལ་གཞན་ཞིག་ལ་མེ་ཏོག་ལྷ་མཛེས་འགོག་སྡེ་ནས་བསྟན་པ་རྒྱལ་མཚན་གྱི་སྲས་མོ་རུ་འཁྲུངས་ཞེས་ཀྱང་ཟེར་སྲོལ་ཡང་ཡོད་དོ། གྱི་སྦྲ་སྒོར་འབྱོན་བཞིན་ཡོད་ཚུལ་གྱི་རྣམ་པ་སོགས་འབྲིའོ།ཡུལ་བཀོད་རྩྭ་ཐང་ཉམས་དགའ་བ་ཞིག་གི་ཐོག་ཏུ་སྦྲ་གུར་དང་རྟ་ནོར་རི་དྭགས་སོགས་གང་མཛེས་ཀྱི་རྣམ་པ་སོགས་ཀྱང་འགོད་པར་བྱའོ།།ལྡེབ་_སྐྱ་ལོ་སྡེ་པའི་སྟོན་པ་རྒྱལ་མཚན་དང་།།སྐྱེད་མ་རྨ་བྱ་མཛངས་ཆེན་རྣམ་གཉིས་ལ།།སྒྲོལ་དཀར་རྣམ་འཕྲུལ་སེང་ལྕམ་འབྲུག་མོ་འཁྲུངས།།མཚན་དཔེའི་དཀྱིལ་འཁོར་ཐོག་མར་རྫོགས་པའི་ཉིན།།གངས་ཀྱི་རི་ལ་སེང་གེ་འགྱིང་བ་དང་།།མཁའ་ནས་གཡུ་འབྲུག་སྔོན་མོའི་རང་སྒྲ་སྒྲོག།ས་ལ་ལྕམ་སྐྱེས་ཡ་མཚན་དུ་མའི་རྐྱེན།།སེང་ལྕམ་འབྲུག་མོ་ཞེས་པའི་མཚན་ཡང་གསོལ།།སྐྱེད་པའི་ཡབ་དང་བལྟམས་པའི་ཡུམ་གཉིས་ཀྱིས།།བཙས་སྟོན་པད་མ་དཀར་པོའི་ལང་ཚོ་ངོམ། བྲིས་ཆ།ཡུལ་བཀོད་ཅུང་ཟད་ཉེ་རྒྱུད་ལྟར་བྱ་བའི་མཚོ་སྐྱ་རིང་མཚོ་སྔོན་ཞིང་ཆེན་ཁོངས་སུ་ཡོད་པའི་མཚོ་ཞིག་གོ། ཀྱི་ཁར་ཕྱུག་སྐྱ་ལོའི་སྡེ་པའི་འབྲོག་རུ་དང་སྦྲ་གུར་ཁག་རྣམས་མི་སུས་མཐོང་ན་ཡིད་སྨོན་འཆོར་བ་ལྟར་ཡོད་ཚུལ་གྱི་རྣམ་པ་སོགས་འབྲིའོ།འབྲོག་སྒར་དེའི་འགྲམ་དུ་གུར་མོ་ཆེ་མཛེས་ཉམས་ཤིན་ཏུ་ཆེ་བ་ *གེ་སར་ཚིག་མཛོད་ལས།འབྲུག་མོའི་དབུ་གུར་གྱི་མིང་ནི།འབུམ་པ་དཀར་ཆུང་།   ཟེར་བ་དེ་ཕུབ་པའི་སྒོ་ཁར་གོང་བཀོད་ཀྱི་ཡབ་ཡུམ་གཉིས་ཀྱིས་ གེ་སར་ཚིག་མཛོད་ལས།སྐྱ་ལོ་སྟོན་པ་རྒྱལ་མཚན་ནི་གླིང་གི་སྒ་སྐྱ་ལོ་སྡེ་པའི་རུ་དཔོན་དང་སེང་ལྕམ་འབྲུག་མོའི་ཕ་ཡབ་ཡིན་ཞིང་།གླིང་གི་རྒྱལ་མཚན་ཐོགས་པའི་མི་བཞིའི་ཡ་གྱལ་ཡང་ཡིན།ཁོང་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྦྱིན་བདག་ཡིན་སྐད།སློབ་དཔོན་པདྨ་འབྱུང་གནས་ཀྱིས་གསེར་སྒ་རི་མོ་དགུ་སྐོར་དང་།གསེར་སྲབ་ཡིད་བཞིན་ནོར་བུ།བལ་སྟན་སྨེ་བ་གྲུ་བཞི།ལྕག་ཚན་བསམ་པའི་དོན་འགྲུབ་བཅས་མི་མགོན་དཀར་པོའི་ཕུག་ནོར་དེ་དག་སྐྱ་ལོའི་སྟོན་པ་རྒྱལ་མཚན་ལ་བཏམས་པས་ནམ་ཞིག་སྲིད་པའི་བསྐོས་བཞག་ལ་རྫུ་འཕྲུལ་ཐོགས་མེད་ལྡན་པའི་སྐྱེས་བུ་ཞིག་བྱུང་སྐབས་དེའི་ལག་ཏུ་འཕྲོད་དགོས་གསུངས།ཕྱིས་སུ་གླིང་རྗེ་གེ་སར་རྒྱལ་པོ་ས་སྐྱིད་སོས་ཡག་གི་ཁ་མདོར་ཀླུ་རྒྱལ་གྱི་སྲས་མོ་འགོག་བཟའ་ལས་སྐུ་འཁྲུངས་ཏེ་མཚན་ཇོ་རུ་བཏགས།གླིང་གི་སྤྱི་དཔོན་རྒྱལ་པོའི་བཀའ་མངགས་ལྟར་སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོས་ཇོ་རུ་གླིང་སྟོད་དུ་གདན་འདྲེན་ཞུས་ནས་གསེར་སྒ་ལ་སོགས་པ་ཇོ་རུ་ལ་ཕུལ་བ་རེད།ཅེས་གསུངས་སོ། སེང་ལྕམ་འབྲུག་མོ་བཙས་སྟོན་བྱེད་བཞིན་ཡོད་ཚུལ་གྱི་རྣམ་པ་སོགས་དང་།གཡས་གཡོན་དུ་བྱ་རིགས་དང་ཤིང་སྣ་མེ་ཏོག་བཀྲ་བའི་རྣམ་པ་གང་མཛེས་སོགས་འབྲིའོ།སྒྲོལ་མ་དཀར་མོའི་སྐྱེ་བ་རུ་ངེས་པའི་སྐྱ་ལོའི་སེང་ལྕམ་འབྲུག་མོ་སྐུ་འཁྲུངས་སྐར་གྱི་དགའ་སྟོན་སྐབས།ནམ་མཁའ་འཇའ་འོད་དང་སྤྲིན་ཕུང་གི་དབུས་ན་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་སྐུ་བཞེངས་སྟབས་ཅན་གྱི་རྣམ་པ་རུ་བྱོན་ནས་ཡོད་ཚུལ་དང་།གཡུ་འབྲུག་གི་སྒྲ་སྒྲོག་ཚུལ་གྱི་རྣམ་པ་སོགས་འབྲིའོ།ཡུལ་བཀོད་གངས་རི་ལ་སེང་གེ་འགྱིང་ཚུལ་གྱི་རྣམ་པ་དང་།ས་ལ་ལྕམ་སྐྱེས་ཡོད་ཚུལ་དང་ཕྱོགས་མཐའ་ཀུན་ལ་ནོར་ཕྱུགས་ཀྱིས་རི་ལུང་ཁྱབ་ནས་ཡོད་པ་ལྟ་བུའི་རྣམ་པ་སོགས་ཀྱང་འབྲི་བར་བྱའོ།ལྡེབ་_ ལྷུན་གྲུབ་དག་པ་ལྔ་ལྡན་ཞིང་ཁམས་སུ།།རྒྱལ་བ་རིགས་གསུམ་སེམས་དཔའི་སྐུ་གམ་ནས།།ལྷ་ཕྲུག་ཐོས་དགས་འཇིག་རྟེན་མི་ཡུལ་དུ།།འབྱོན་འདོད་མེད་པའི་ཟོལ་ལྟར་བསྟན་པ་ན།།འཇམ་དཔའ་དཔའ་བོས་ཉིད་ཀྱི་རལ་གྲི་དེ།།ལྷ་སྲས་དམ་པའི་ཕྱག་ཏུ་གནང་བ་དང་།།དགྲ་བཞི་གདུལ་བའི་དཔའ་བོར་མངའ་གསོལ་ལོ། བྲིས་ཆ།ཡུལ་བཀོད་ནམ་མཁར་འཇའ་སྤྲིན་གྱི་ཕུང་པོ་གཏིབས་པའི་ཀློང་དུ་རང་བྱུང་ལྷུན་གྲུབ་ཏུ་ཤར་བའི་དག་པ་རབ་འབྱམས་ཀྱི་ཞིང་དང་རྒྱན་བཀོད་པ་ཕུན་སུམ་ཚོགས་པ་ལྷ་ཡི་གཞལ་ཡས་ཁང་གི་རྣམ་པ་ཇི་ལྟ་བ་བཞིན་ཡོད་ཚུལ་གྱི་རྣམ་པ་སོགས་འབྲིའོ།ཞིང་གི་བཀོད་པ་དེ་ན་སྤྲིན་དཀར་གྱི་ཕུང་པོ་དུ་མ་བརྩེགས་པའི་སྟེང་དུ་རྗེ་བཙུན་འཇམ་དབྱངས་སྐུ་བཞེངས་སྟབས་ཅན་གྱི་རྣམ་པ་རུ་བྱོན་ནས།རང་ཉིད་ཀྱི་རལ་གྲི་ལྷ་ཕྲུག་ཐོས་པ་དགའ་ལ་གནང་བཞིན་ཡོད་ཚུལ་གྱི་རྣམ་པ་སོགས་འབྲིའོ།དེའི་མདུན་ནས་ལྷ་ཕྲུག་དེས་གུས་གུས་ཀྱི་ཚུལ་དུ་འགྲོ་བའི་དོན་དུ་འབྱོན་པ་ཞལ་གྱིས་བཞེས་ནས་ཡོད་པ་ལྟ་བུའི་རྣམ་པ་སོགས་འབྲིའོ།ཡུལ་བཀོད་གཞན་རི་བྲག་དང་ཆུ་ཤིང་སྤྲིན་ཕུང་མེ་ཏོག་རི་དྭགས་ཀྱི་རིགས་བཅས་རྣམ་པ་གང་མཛེས་སོགས་ཀྱང་འགོད་པར་བྱའོ།ལྡེབ་_ལྷ་ཕྲུག་ཐོས་པ་དགའ་བ་ཉིད།།རིགས་ལྔའི་ཞིང་ཁམས་འབྱོན་པ་ན།།རྡོ་རྗེ་རིགས་ཀྱི་མཁའ་འགྲོ་དང་།།རིན་ཆེན་རིགས་ཀྱི་མཁའ་འགྲོ་དང་།།པདྨ་རིགས་ཀྱི་མཁའ་འགྲོ་དང་།།ལས་ཀྱི་རིགས་ཀྱི་མཁའ་འགྲོ་དང་།།སངས་རྒྱས་རིགས་ཀྱི་མཁའ་འགྲོ་ལས།།ཞི་རྒྱས་དབང་དྲག་ཕྲིན་ལས་བཞི།།རྩོལ་མེད་རང་ཆས་གྲུབ་པ་ཡི།།གདམས་ངག་ཡོངས་སུ་རྫོགས་པ་གསན། བྲིས་ཆ།ཡུལ་བཀོད་ནམ་མཁར་སྤྲིན་གྱི་ཕུང་པོ་གཏིབས་པའི་དབུས་སུ་ལྷའི་གཞལ་མེད་ཁང་བཟང་ཟུར་མཐོང་ཙམ་ཡོད་ཚུལ་གྱི་རྣམ་པ་སོགས་འབྲིའོ།དེ་ལས་ཅུང་ཟད་ཉེ་རྒྱུད་ལྟར་བྱ་བར་རིགས་ལྔའི་མཁའ་འགྲོ་མ་རྣམས་སེང་ཁྲི་དང་པདྨའི་གདན་སོགས་ལ་སྐུ་བཞེངས་སྟབས་ཅན་གྱི་རྣམ་པ་རུ་བྱོན་ནས།ལྷ་ཕྲུག་ལ་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འབད་མེད་དུ་སྩོལ་བཞིན་ཡོད་ཚུལ་གྱི་རྣམ་པ་སོགས་འབྲིའོ།དེ་དག་གི་མདུན་དུ་ལྷ་ཕྲུག་ཐོས་པ་དགའ་བ་དེས་གསོལ་བ་ཕུར་ཚུགས་སུ་འདེབས་བཞིན་ཡོད་ཚུལ་གྱི་རྣམ་པ་འབྲིའོ།ཡུལ་བཀོད་ཞིང་ཁམས་ཀྱི་རྣམ་པ་གང་མཛེས་ཀྱང་འགོད་པར་བྱའོ།ལྡེབ་_དེ་ནས་ལྷ་ཕྲུག་ཐོས་པ་དགས།།ནེ་ནེ་གནམ་སྨན་དཀར་མོར་སྤྲུལ།།རིགས་ལྔའི་ཞིང་ཁམས་དཔག་མེད་བྱོན།།མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལས།།དུས་གསུམ་ས་ལེར་མཁྱེན་པ་དང་།།ལྷ་མི་འབྲལ་མེད་འགྲོགས་པ་སོགས།།དགོས་འདོད་ལེགས་འབྲས་ཡོངས་རྫོགས་མནོས། བྲིས་ཆ་ལ།ཡུལ་བཀོད་འཇའ་འོད་ཁ་དོག་སྣ་ཚོགས་ཀྱི་གུར་ཁྱིམ་ཕུབ་པའི་དབུས་སུ་རིགས་ལྔའི་ཞིང་ཁམས་ཀྱི་རྣམ་པར་གསལ་པོར་འབྲིའོ།སྤྲིན་དཀར་པོ་དར་དཀར་བརྐྱངས་པ་ལྟ་བུ་ཞིག་གི་རྩེ་མོ་རུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སྐུ་བཞེངས་སྟབས་ཅན་གྱི་རྣམ་པ་རུ་བྱོན་ནས།ཕྱག་གཡས་པས་ཆོས་འཆད་ཀྱི་ཕྱག་རྒྱ་དང་།གཡོན་པས་ཐོད་པ་བདུད་རྩིས་གང་བ་འཛིན་ཅིང་།འཁོར་དུ་རིགས་བཞིའི་མཁའ་འགྲོ་མ་རྣམས་དང་དེ་དག་གི་ཕྱག་ཏུ་ཡང་བཀྲ་ཤིས་པའི་རྫས་སྣ་ཚོགས་འཛིན་ཏེ་ལྷ་ཕྲུག་གི་སྤྲུལ་བ་གནམ་སྨན་ལ་བྱིན་གྱིས་བརླབས་ནས་ཡོད་ཚུལ་གྱི་རྣམ་པ་སོགས་འབྲིའོ།དེ་དག་ལས་ཅུང་ཟད་ཁད་དམའ་བ་ལྟར་བྱ་བའི་སྤྲིན་དཀར་གྱི་འདབ་མ་བརྩེགས་པའི་གདན་སྟེང་དུ།ལྷ་ཕྲུག་གི་སྤྲུལ་པ་གནམ་སྨན་གེ་སར་ཚིག་མཛོད་ལས།གནམ་སྨན་རྒྱལ་མོ་ནི།གླིང་སེང་ཆེན་རྒྱལ་པོ་དང་ཁྲ་མོ་གླིང་གི་སྲུང་མ་སྟེ།ལྷ་ཆེན་ཚངས་པ་དཀར་པོའི་སྲིང་མོ་ཡིན་པས་གེ་སར་གྱི་སྐྱེ་བ་སྔོན་མ་ལྷ་ཡུལ་ན་ཡོད་དུས་གེ་སར་གྱི་ཨ་ནེ་ཡིན།སྒྲུང་ཡིག་ནང་དུ་ཨ་ནེ་གོང་སྨན་རྒྱལ་མོའམ་གནམ་སྨན་རྒྱལ་མོ་ཟེར།དེ་ནི་རྫུ་འཕྲུལ་ལ་ཐོགས་པ་མེད་པ།དུས་གསུམ་གྱི་བྱ་བ་མཐའ་དག་ས་ལེར་གཟིགས་པ།དུས་རྟག་ཏུ་ལྷ་ཆེན་ཚངས་པ་དཀར་པོ་དང་ཨོ་རྒྱན་པདྨ་འབྱུང་གནས་ཀྱི་བཀའ་ལུང་བརྒྱུད་བསྒྲགས་བྱེད་མཁན་གྱི་ལྷ་མོ་ཞིག་ཡིན།ཨ་ནེ་གོང་སྨན་རྒྱལ་མོས་དུས་ནམ་ཡང་གེ་སར་རྒྱལ་པོར་འཕྲིན་ལས་མཐར་ཕྱིན་རོགས་མཛད་མྱོང་།ཞེས་སོ། དཀར་མོ་དེས།ཕྱག་ཏུ་ཌཱ་མ་རུ་དང་ཚེ་བུམ་བསྣམས་པ།ཞབས་སུ་སེང་གེ་དཀར་མོ་ཞིག་ལ་ཆིབས་ནས་ཡོད་ཚུལ་གྱི་རྣམ་པ་སོགས་འབྲིའོ།ཡུལ་བཀོད་གཞན་པ་རི་བྲག་དང་ཆུ་ཤིང་ཕོ་བྲང་མེ་ཏོག་སྣ་ཚོགས་པ་བཅས་གང་མཛེས་བློས་དཔྱད་དེ་འགོད་པར་བྱའོ།ལྡེབ་_དེ་ནས་ལྷ་ཕྲུག་ཐོས་པ་དགའ་བ་ཡིས།།སློབ་དཔོན་པདྨ་འབྱུང་གནས་ཞབས་ལ་བཏུད།།རྩེ་གཅིག་ཡིད་ཀྱིས་གུས་པས་གསོལ་བ་ན།།རྒྱལ་བ་ཀུན་གྱི་ཡེ་ཤེས་རང་གཟུགས་སུ།།ཤར་བའི་འཇམ་དཔལ་དབྱངས་དང་གཉིས་མེད་པའི།།སློབ་དཔོན་པདྨས་བྱིན་གྱིས་བརླབས་པ་འོ།  བྲིས་ཆ།ཡུལ་བཀོད་ནམ་མཁར་སྤྲིན་གྱི་ཕུང་པོ་རབ་ཏུ་གཏིབས་པའི་དབུས་སུ་ལྷའི་གཞལ་ཡས་ཁང་ཟུར་མཐོང་ཙམ་ཡོད་ཚུལ་གྱི་རྣམ་པ་འབྲིའོ།དེ་ལས་ཅུང་ཟད་ཁད་དམའ་བ་ལྟར་བྱ་བའི་བར་སྣང་སྤྲིན་དཀར་གྱི་ཕུང་པོ་ཆེས་ཆེར་གཡོ་བའི་སྟེང་དུ་པདྨ་དང་ཉི་ཟླ་བརྩེགས་པའི་གདན་ལ་སློབ་དཔོན་པདྨ་འབྱུང་གནས་སྐུ་བཞེངས་སྟབས་ཅན་གྱི་རྣམ་པ་རུ་བྱོན་ནས།ལྷ་ཕྲུག་འཇམ་དཔལ་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས་ཚུལ་གྱི་རྣམ་པ་སོགས་འབྲིའོ།ཡུལ་བཀོད་དེ་ལས་ཅུང་ཟད་ཉེ་བ་ལྟར་བྱ་བའི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ལྷའི་གཞལ་ཡས་ཁང་གི་དབུས་སུ་རིན་པོ་ཆེའི་ཁྲི་དང་པདྨ་དང་ཟླ་བའི་གདན་ལ་རྒྱལ་བ་ཀུན་གྱི་ཡེ་ཤེས་ཀྱི་རང་གཟུགས་རྗེ་བཙུན་འཇམ་དཔལ་དཔའ་བོ་བཞུགས་སུ་གསོལ་ཏེ་སྐུ་གསུང་ཐུགས་ལས་འོད་ཟེར་སྣ་ཚོགས་འཕྲོས་པས།རང་གི་ཁྲི་ཟུར་དུ་འཁོད་པའི་ལྷ་ཕྲུག་གི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཏུ་ཐིམ་ནས་བྱིན་གྱིས་རློབ་བཞིན་ཡོད་ཚུལ་གྱི་རྣམ་པ་སོགས་ཀྱང་འབྲི་བར་བྱའོ།ལྡེབ་_དེ་ནས་གོང་མ་ལྷ་ཡི་ཞིང་ཁམས་ནས།།ལྷ་ཕྲུག་མི་ཡུལ་འབྱོན་པར་རྩོམ་པ་ན།།པད་འབྱུང་རྗེ་དང་རབ་འབྱམས་རྒྱལ་བ་ལས།།དབང་བཞི་ཡོངས་རྫོགས་སྟབས་གཅིག་མནོས་པ་དང་།།མི་ཡུལ་སྐྱེ་བ་བཞེས་པའི་དམ་བཅའ་ཕུལ། བྲིས་ཆ།ཡུལ་བཀོད་དག་པ་ལྷ་ཡི་ཕོ་བྲང་ཅུང་ཙམ་མཐོང་བའི་ཐད་ཀ་ནས།ལྷ་ཕྲུག་ཉིད་མི་ཡུལ་དུ་ཁ་གཏད་ཅིང་འབྱོན་པ་ལ་གོམ་པ་རེ་རེ་སྤོས་པའི་ཤུལ་དུ་པདྨ་དཀར་པོ་རེ་འབྱུང་བཞིན་ཡོད་ཚུལ་གྱི་རྣམ་པ་སོགས་འབྲིའོ།ཡུལ་བཀོད་ཅུང་ཟད་ཉེ་རྒྱུད་ལྟར་བྱ་བའི་འཇའ་སྤྲིན་གྱི་ཕུང་པོ་གཏིབས་པའི་དབུས་ན་རྒྱལ་བ་ཤཱཀྱ་ཐུབ་པ་དང་།རྗེ་བཙུན་བྱམས་པ་མགོན་པོ།དཔལ་མར་མེ་མཛད།རྗེ་པད་འབྱུང་སོགས་སྐུ་བཞེངས་སྟབས་ཅན་གྱི་རྣམ་པ་རུ་བྱོན་ནས་སྐུ་གསུང་ཐུགས་ལས་འོད་ཟེར་སྣ་ཚོགས་འཕྲོས་ཏེ།མདུན་དུ་ལྷ་ཕྲུག་གུས་པའི་ཚུལ་གྱིས་གནས་པ་དེའི་ལུས་ངག་ཡིད་གསུམ་སོགས་ལ་སིབ་སིབ་ཐིམ་པས་ལུས་འཇའ་ལུས་འོད་ཀྱི་སྐུའི་རང་བཞིན་དུ་གྱུར་ཏེ་ཡོད་ཚུལ་གྱི་རྣམ་པ་སོགས་འབྲིའོ།བར་སྣང་ནས་ལྷ་དང་ལྷ་མོ་མང་པོས་བཀྲ་ཤིས་པའི་མེ་ཏོག་གི་ཆར་ཕབ་སྟེ་ཡོད་ཚུལ་གྱི་རྣམ་པ་སོགས་ཀྱང་འབྲི་བར་བྱའོ།ལྡེབ་_དེ་ནས་སློབ་དཔོན་པད་འབྱུང་གིས།།ལྷ་ཕྲུག་ཐོས་པ་དགའ་བ་ཁོང་།།ནག་པོ་བདུད་ཀྱི་གཉའ་གནོན་དུ།།བསྐོས་པ་བཞིན་དུ་མི་ཡུལ་དུ།།སྐྱེ་བ་བཞེས་པར་འབྱོན་པ་ན།།སངས་རྒྱས་བྱང་ཆུབ་སེམས་དཔའ་དང་།།དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱིས།།ཤིས་པ་བརྗོད་པའི་མེ་ཏོག་གི།།སྦྲང་ཆར་སིལ་མ་མཁའ་ནས་བསྙིལ།།ལྷ་ཕྲུག་ཐོས་པ་དགའ་བ་ཡི།།རྟོགས་བརྗོད་རྣ་བའི་བདུད་རྩི་གྲུབ། བྲིས་ཆ།སྐབས་འདིར་ཡང་ཡུལ་བཀོད་དག་པ་ལྷ་ཡི་གཞལ་ཡས་ཁང་གི་བཀོད་པ་ཅུང་ཙམ་མཐོང་བའི་རྣམ་པ་སོགས་འབྲིའོ།བར་སྣང་སྤྲིན་དཀར་གྱི་འདབ་མ་གཡོ་བའི་སྟེང་ནས་སློབ་དཔོན་པདྨ་སྐུ་འཁོར་བཅས་བཞེངས་སྟབས་ཅན་གྱི་རྣམ་པ་རུ་བྱོན་ཏེ་ལྷ་ཕྲུག་མི་ཡུལ་དུ་འབྱོན་སྐབས་སོ་སོས་ཤིས་པའི་མེ་ཏོག་གི་ཆར་འབེབས་བཞིན་ཡོད་ཚུལ་གྱི་རྣམ་པ་སོགས་འབྲིའོ།དེ་ནས་འཇའ་སྤྲིན་དར་དཀར་ལྟར་བརྐྱངས་བའི་སྣེ་མོ་ས་ལ་མ་རེག་ཙམ་གྱི་སྟེང་དུ་ལྷ་ཕྲུག་ཉིད་ཕྱིར་མིག་དང་བཅས་ཕྱག་ཏུ་རལ་གྲི་ཞིག་འཆང་སྟེ་འཇིག་རྟེན་མི་ཡུལ་དུ་འབྱོན་བཞིན་ཡོད་ཚུལ་གྱི་རྣམ་པ་སོགས་འབྲིའོ།ཡུལ་བཀོད་ཁྲ་མོ་གླིང་གི་ས་ཆ་སྦྲ་གུར་དང་ནོར་ཕྱུགས་མང་པོ་ཡོད་པའི་རྣམ་པ་གང་མཛེས་འགོད་དེ་མཇུག་ཡོངས་སུ་རྫོགས་པར་བྱའོ།ལྡེབ་_ ཞེས་དེ་སྔར་མི་ཡུལ་གྱི་འཇིག་རྟེན་འདི་ན་མ་གྲགས་པའི་འཛམ་གླིང་གེ་སར་རྒྱལ་པོའི་རྟོགས་བརྗོད་སྟོང་ཐང་མཐོང་བ་ཀུན་སྨོན་ཞེས་པ་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མ་རིན་པོ་ཆེས་མཚན་གསོལ་གནང་བ་འདི་ཉིད་སྤྱི་ལོ༢༠༠༢ལོར་ཞལ་ཐང་འབྲི་རྒྱུའི་འགོ་རྩོམ་པའི་སྐབས།མཆོག་དམན་བར་མའི་སྐྱེ་བོ་མང་པོས་གླིང་སྒྲུང་རྣམས་རི་མོའི་ལམ་དུ་འདྲེན་རྒྱུའི་འཆར་འགོད་ཀྱི་འོས་འགན་རླབས་པོ་ཆེ་ཕྲག་ཏུ་བཀལ་བ་བཞིན།གེ་སར་སྐྱེས་བུ་ཆེན་པོའི་རྟོགས་བརྗོད་རྒྱ་མཚོ་ལྟ་བུ་ལས་སྐྲ་རྩེའི་ཆ་ཤས་ཙམ་བརྗོད་པ་ལ་བློ་གྲོས་ཀྱི་སྣང་བ་ཅུང་ཟད་གསལ་བ་སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཚེ་རིང་དབང་རྒྱལ་དུ་འབོད་པས་བགྲང་བྱ་དྲུག་ལྷག་ཏུ་འབད་པ་ཆེན་པོའི་བརྩོན་པ་རྒྱུན་བསྲིངས་ཏེ་ངང་རྒྱུད་ཆུ་བོའི་རྒྱུན་ལྟར་རིང་བ་དང་།ལྷག་བསམ་ཟླ་གཞོན་གསར་པའི་རང་མདངས་ལས་འཁྲུངས་པའི་གླིང་སྒྲུང་པོད་བཞི་བཅུའི་ཞལ་ཐང་དྲུག་བརྒྱ་ལྷག་གི་འབྲས་བཟང་ལེགས་པར་སྨིན་པའི་ཡ་གྱལ་ལྷ་གླིང་གབ་ཙེ་དགུ་སྐོར་གྱི་ཞལ་ཐང་བཅུའི་བསྡུས་དོན་རབ་གསལ་མེ་ལོང་དང་བྲིས་ཆ་མེ་ཏོག་ཕྲེང་མཛེས་ཞེས་པ་འདི་ནི་ལག་བྲིས་དོད་ཙམ་ཞིག་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ༡༩༨༠ལོར་པར་ཐེངས་དང་པོ་བསྒྲིགས་པའི་གླིང་སྒྲུང་ལྷ་གླིང་གབ་ཙེ་དགུ་སྐོར་བཅས་ལ་གཞི་བྱས་ནས་གསར་དུ་བརྩམས་པའོ།།ལྡེབ་གྲངས་ལག་བྲིས་ལྟར་ཨང་གྲངས་བསྒྲིགས་ཡོད་དོ།།
  • ལེ་ཚན་སྔོན་མ།:འཛམ་གླིང་སྤྱི་བསང་།
  • ལེ་ཚན་རྗེས་མ།:གེ་སར་སྒྲུང་བ་གྲགས་ཅན་གྱི་དཔེ་ཚོགས་པར་བསྐྲུན་བྱས།