འབབ་སྒྲུང་ཇི་ལྟར་བྱུང་ཚུལ།

ཚེ་རིང་དབང་རྒྱལ་ནས།        2010-11-16

རང་རེའི་བོད་མི་རིགས་ཀྱི་ངག་རྒྱུད་དུ་བཤད་པ་ལྟར་ན།འབབ་སྒྲུང་ཞེས་པའི་རིགས་ནི་དུས་ཡུན་རིང་པོ་ཞིག་གི་ནང་དུ་མི་འགའ་ཞིག་ནི་ཆུང་དུས་ནས་གླིང་སྒྲུང་ལ་དད་འདུན་ལྷག་པར་ཆེ་ཞིང་ལྷ་དང་བླ་མས་གེ་སར་ནོར་བུ་དགྲ་འདུལ་སོགས་ལ་གསོལ་འདེབས་དང་གསོལ་མཆོད་ཡང་དག་བགྱིས་ཤིང་།ཡུལ་ལུང་མི་འདྲ་བ་སྣ་ཚོགས་སུ་འཁྱམས་ཤིང་གནས་མཆོག་རྩ་མེད་དག་ལ་མཇལ་ཕྱག་བསྐོར་གསུམ་གནང་སྟེ།ཤིན་ཏུ་དཀའ་སྡུག་བཀྲེས་སྐོམ་གྱི་འཚོ་བ་སྤྱོད་པའི་མཇུག་འབྲས་བཟང་པོ་ལྟ་བུ་ནི།ངོ་མཚར་ཆེ་བའི་རྨི་ལམ་དང་ཡང་ན་རྒྱུ་རྐྱེན་ཁྱད་པར་བ་ཞིག་ལ་བརྟེན་པས་དེ་མ་ཐག་བློ་སྒོ་རང་ས་ཕྱེ་སྟེ་གླིང་སྒྲུང་ཐོགས་མེད་དུ་འབབ་རྒྱུ་ཡོད་པར་གྱུར་པའི་རིགས་ལ་འབབ་སྒྲུང་ཟེར།དེ་ལྟར་འབབ་སྒྲུང་མཁན་གྱིས་གླིང་སྒྲུང་བཤད་སྐབས་ནམ་ཡིན་ཡང་ཁོང་རྣམ་པའི་མིག་ལམ་དུ་གཟུགས་གསལ་མི་ཐུབ་པའི་ལྷའི་སྟོབས་ཤུགས་ཤིག་གིས་གྲོགས་དན་མཛད་བཞིན་ཡོད་ཅེས་འབབ་སྒྲུང་མཁན་ཕལ་ཆེ་བས་བཤད་སྲོལ་སྤྱི་ལྟར་ཡིན་ཞིང་།ཁོང་རྣམ་པ་ལ་ཐུན་མོང་གི་ཁྱད་ཆོས་གཙོ་བོ་ནི་མི་གཞན་ལས་ཁ་ལྕེ་བདེ་ཞིང་སྒྲ་དག་པ་དང་བློ་བཅོས་ཀྱི་རིག་ལམ་མྱུར་བ།ཡེ་གེ་མི་ཤེས་ཀྱང་བློའམ་རིག་པ་རྒོད་པ།གླིང་རྗེ་མཆོག་ལ་དད་འདུན་ལྷག་པར་ཆེ་སྟབས་ཡིད་འཛིན་གྱི་ནུས་པ་ཁྱད་འཕགས་ཤིག་ཀྱང་ཡོད་ཅེས་བཤད།ཡང་བབས་སྒྲུང་ལ་མཁས་པའི་གང་ཟག་ཕོ་མོ་ཡིན་ཡང་གླིང་རྗེ་གེ་སར་རྒྱལ་པོའི་འཕྲིན་ལས་འཛིན་མའི་ཁྱོན་ཀུན་ཁྱབ་པའི་སྐབས་དེར་རྒྱལ་མཆོག་ཉིད་ཀྱི་དཔའ་རྟུལ་ལམ།ཡང་ན་ལས་དམག་དང་དམག་རྟ་སྒོ་ཁྱི་སོགས་གང་རུང་གི་སྤྲུལ་པ་ཡིན་ཞེས་བབས་སྒྲུང་ཕལ་ཆེ་ཞལ་རྒྱུན་བཞིན་འདོན་ཁོང་རྣམས་ལ་ལྐོག་གྱུར་གྱི་གནས་ཚུལ་ཡ་མཚན་བ་ཞིག་ཡོད་པར་སྨོས་མི་དགོས་པར་མ་ཟད།དེང་ལ་ཚན་རིག་གིས་ཀྱང་དཔྱད་ཡུལ་ལས་འདས་པའི་རང་བཞིན་ཞིག་ཏུ་གྱུར།དེ་ལྟར་བབས་སྒྲུང་གི་རིགས་སུ་གཏོགས་པའི་སྒྲུང་པ་ཕོ་མོ་སུ་ཡིན་རུང་ཐོག་མར་སྒྲུང་བཤད་འགོ་རྩོམ་པའི་ཚེ་སེམས་བསམ་རྣམ་དག་གི་སྒོ་ནས་མཆོད་ཡུལ་དམ་པ་རྣམས་ལ་གསོལ་འདེབས་སྨོན་ལམ་ལེགས་པར་མཛད་སྲོལ་དང་།ཇ་ཆང་གི་ཕུད་ལན་མང་པོ་མཆོད་ཅིང་ཆོ་ག་ཡོངས་རྫོགས་གྲུབ་མཚམས་གླིང་སྒྲུང་གང་ཞིག་བཤད་འགོ་བརྩམས་ནས་མཇུག་རྫོགས་པའི་བར།ཡི་གེ་ལ་བལྟས་ནས་འདོན་པ་དང་དབྱེར་མ་མཆིས་པའི་ཁྱད་ཆོས་ཀྱང་ཡོད་དོ།
  • ལེ་ཚན་སྔོན་མ།:གྲུ་གུའི་གོ་མཛོད།
  • ལེ་ཚན་རྗེས་མ།:གཏེར་སྒྲུང་ཇི་ལྟར་བྱུང་ཚུལ།