རྫ་ཆུ་ཁའི་གནས་ཚུལ་མདོར་བསྡུས་དང་ཡུལ་སྲོལ་འགའ།

ལི་ཧོང་དང་ཨོ་རྒྱན་དོན་གྲུབ། ལི་ཧོང་གིས་པར་བླངས།        2014-12-24

གཞི་རྩའི་གནས་ཚུལ།
བྱང་སྡེ་ཉི་མ་རྫ་ཆུ་ཁའམ་སེར་ཤུལ་རྫོང་ནི་མཚོ་བོད་མཐོ་སྒང་གི་ཤར་ཕྱོགས་དང་ཀྲུང་གོའི་ནུབ་རྒྱུད་ཀྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་མཐའ་མཚམས་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་དང་འབྲེལ་བའི་ས་མཚམས་སུ་ཆགས་ཡོད། རྫོང་ཡོངས་ཀྱི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་༢༥༡༩༡ཡོད་པ་དང་། ཁྱོན་མི་གྲངས་ཁྲི་༩.༢ཡོད་ལ་དེ་ལས་བོད་མིས་བརྒྱ་ཆའི་གོ་ལྔ་ཟིན་གྱིན་ཡོད་པ་རེད།  སྤྱིར་ཡུལ་སྡེའི་དྲོད་གྲང་དང་མཁའ་དབུགས་སོགས་བོད་ཁམས་བྱིངས་ཀྱི་ས་བབས་ལས་ཅུང་མཐོ་ཤོས་སུ་གཏོགས་ཤིང་། དྲོད་གྲང་ཆ་མ་སྙོམས་པ་ཡིན་རུང་། གནས་འདིའི་ཡུལ་ཁམས་ཕལ་ཆེར་བ་ནི་རྩྭ་ཐང་མཐའ་ཡས་ཤིང་།སྤང་རི་དང་རྫ་རིས་མཐའ་ནས་བསྐོར་ཞིང་།རྩྭ་རྩི་དོག་སོགས་ས་མཐོའི་སྨན་རྫས་རིགས་བགྲང་གི་མི་ལང་བ་དུ་མ་ཡོད་དེ། དབྱར་རྩྭ་དགུན་འབུ་དང་། པེ་མོ། གྲོ་མ། སྲོ་ལོ་དམར་པོ་སོགས་རིན་ཐང་བྲལ་བའི་རང་བྱུང་གི་སྨན་རྫས་རིགས་ཀྱིས་རི་ལུང་བཏམས་ཡོད་ལ།  འཛམ་གླིང་རང་བཞིན་གྱི་སྲུང་སྐྱོབ་སྐོར་ལ་རི་དྭགས་ཤྭ་སྐྱ་དང་། ཁྲུང་ཁྲུང་སྐེ་ནག   འབྲོང་སོགས་ཡུལ་ཁམས་འདིའི་རྫ་ལུང་རི་ལུང་དག་ཏུ་རྔོན་པའི་མདེའུ་ཡི་འཇིགས་པ་དང་ཡོངས་སུ་བྲལ་ཏེ་སོས་དལ་ངང་ཅི་དགར་བག་ཡངས་སུ་རྒྱུ་བཞིན་ཡོད་པ་རེད།
བྱང་སྡེ་ཉི་མ་རྫ་ཆུ་ཁ་ཞེས་པའི་འདི་ནི་སྔོན་ཆད་ཅིག་ལ་ཡོངས་གྲགས་སུ་འབྲོག་སྡེ་ཚོ་ཆེན་བཅོ་བརྒྱད་དུ་གྲགས་པ་ཡོད་འདུག་ལ་དེ་ནི་མདོ་ཁམས་སྡེ་ᠳᠯདགེ་རྒྱལ་པོའི་མངའ་ཞབས་ཀྱི་འབྲོག་སྡེ་ཚོ་ཆེན་བཅོ་བརྒྱད་དུ་གྲགས་པ་དེ་ཡིན་འདུག་པས།ཡུལ་འདིའི་སྣོད་བཅུད་ཀྱི་གཉིས་ཀྱི་ཆ་ལ་བོད་ཀྱི་རིག་གནས་ཀྱི་སྦུབས་ཧ་ཅང་མཐུག་ལ་ནང་ཆོས་ཀྱི་དད་རྟེན་ལ་གསང་གི་མ་ཎི་རྡོ་བརྩིགས་དང་དཔལ་དགེ་མ་ཎི་ལྟ་བུའི་འཛམ་གླིང་ལ་གྲགས་པའི་ཆོས་བརྩིགས་རྡོ་མཁར་རིང་མོ་སོགས་སོགས་སྐྱེ་དགུའི་ཡིད་སེམས་ཀྱི་དད་རྟེན་དུ་བཞེངས་བསྐྲུན་བྱས་ཡོད།སེར་ཤུལ་དགོན་ཆེན་སོགས་ས་དགེ་བཀའ་སྙིང་གི་གྲུབ་མཐའ་ཁག་གི་དགོན་སྡེ་དག་གཟི་བྱིན་གྱིས་འགྱིང་བཞིན་གནས་ལ།གནམ་གྱི་ས་བཀབ་པ་ལྟ་བུའི་མཁས་པའི་ཁྱུ་མཆོག་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།རྫ་དཔལ་སྤྲུལ་རིན་པོ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དུ་མ་གནས་འདི་ནས་མཚན་དཔེ་པད་མའི་ཞལ་ཁ་ཕྱེས་ཤིང་གནས་འདི་ནས་གདུལ་བྱའི་འགྲོ་དོན་བསྐྱངས་ཏེ་འཛམ་གླིང་ན་གྲགས་པའི་སྐྱེས་བུ་གང་མང་བྱུང་མྱོང་ཡོད། །  འཛམ་གླིང་རིག་པའི་མཛོད་ན་གཟི་འོད་ཀྱི་སྣང་བ་རབ་ཏུ་གསལ་བའི་ལོ་རྒྱུས་སྙན་ངག་རིང་མོའི་མི་སྣ་གླིང་གེ་སར་རྒྱལ་པོ་ཡང་ས་འདི་ནས་ལྟེ་ཁྲག་འཕོས་ཤིང་མཛདའཕྲིན་གྱི་དབུ་བརྩམས་ཡོད་པ་རེད། །

རྫ་ཆུ་ཁའི་གནས་ཚུལ་མདོར་བསྡུས་དང་ཡུལ་སྲོལ་འགའ།
གླུ་གར་རིག་གནས།

 གླུ་གར་རིག་གནས་ནི་སེར་ཤུལ་རྫོང་གི་དམངས་ཁྲོད་དུ་དར་ཁྱབ་ཤིན་ཏུ་ཆེ་བའི་སྒྱུ་རྩལ་རིག་གནས་སྐོར་ཞིག་ཡིན་ལ། དེ་ལ་རི་གླུ་དང་ལ་གླུ། གཞས། སྐོར་བྲོ། དམངས་ཁྲོད་དཀྲོལ་ལེན་སོགས་མི་རྣམས་ཀྱི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།གླུ་གར་རིག་གནས་འདི་དག་གིས་གཤིས་བཟང་གཞུང་དྲང་གི་འབྲོག་དམངས་ཀྱི་འཚོ་བ་དང་ངལ་རྩོལ་གྱི་ཁྲོད་དུ་ཤ་འདྲེས་ལྤགས་འདྲེས་སུ་སོང་བས་དམངས་ཁྲོད་རང་བཞིན་གྱི་སྒྱུ་རྩལ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།དེ་དག་གིས་ཁོ་ཚོར་དགའ་ན་དགའ་རོགས་དང་སྐྱོ་ན་སྐྱོ་རོགས་ཀྱི་གྲོགས་སུ་བསྡེབས་ཏེ་རི་གླུ་དབྱངས་ལ་བཀུག་སྟངས་རེ་རེ་དང་། དཀྲོལ་ལེན་མཐེབ་ཀྱིས་དཀྲོལ་སྟངས་རེ་རེ་ནི་འབྲོག་མི་དག་གི་ངག་ལ་བྱང་ཞིང་ལག་ལ་བབ་འདུག་པས་ལྷན་སྐྱེས་ཀྱི་ཤེས་རབ་གལ་ཆེན་ཞིག་རེད་ཟེར་ན་མི་ཆོག་རྒྱུ་མི་འདུག་ལ་གླུ་ཡི་ཚིག་དང་ངག་གི་དབྱངས་ཀྱིས་འབྲོག་དམངས་རེ་རེའི་སེམས་སུ་ཅི་འདྲའི་དགའ་སྐྱིད་ཀྱི་སྣང་བ་གཞན་ཞིག་སྟེར་མྱོང་ཡོད་ཨང་།ལྡེམ་མྱུར་སྐོར་བྲོའི་སྟངས་སྟབས་རེ་རེས་ལོ་ངོ་སྟོང་ལྷག་གི་སྔོན་རོལ་གྱི་བོད་བཙན་པོའི་དུས་ཀྱི་དམངས་ཁྲོད་ཀྱི་གདོད་མའི་མཆོད་འབུལ་གྱི་རྣམ་པ་ངང་གིས་དོད་འདུག་ལ།རྗེས་སོར་མཆོད་འབུལ་བྱེད་སྒོའི་རྣམ་པ་དེ་དག་ལོ་རབས་དང་དུས་རབས་མང་པོ་ཞིག་བརྒྱུད་དེ་འཕེལ་རྒྱས་དང་འཕོ་འགྱུར་བྱུང་བའི་ད་ལྟའི་དུས་འདིར་བསླེབས་དུས་རྒྱ་ཆེའི་ཞིང་འབྲོག་མི་དམངས་ཀྱི་འཚོ་བར་འབྲལ་ཐབས་མེད་པའི་རིག་གནས་སྒྱུ་རྩལ་གྱི་ཤེས་བྱ་གལ་ཆེན་ཞིག་ཏུ་གྱུར་པ་རེད། དེར་སེར་ཤུལ་སྐོར་བྲོ་ཞེས་ཐ་སྙད་དུ་བཏགས་ཡོད་ལ། དེ་ལའང་ནང་གསེས་ཞིང་པའི་སྐོར་བྲོ་དང་འབྲོག་པའི་སྐོར་བྲོ་ཞེས་རིགས་ཆེན་པོ་གཉིས་སུ་འདུ།འབྲོག་པའི་སྐོར་བྲོ་ཞེས་པ་ནི་རྫོང་དེའི་ནུབ་རྒྱུད་དུ་གནས་པའི་ཡུལ་སྡེའི་སྐོར་བྲོ་ལ་བྱ་ཞིང་།གྱོན་ཆས་དང་སྟངས་སྟབས་སོགས་གཞན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གང་མང་འཛོམས་ཡོད་པ་རེད།ཞིང་པའི་སྐོར་བྲོ་ཞེས་པ་ནི་རྩེ་མདའ་སྐོར་བྲོ་དེ་ཉིད་གཞིར་བཟུང་བ་དེར་ཟེར་ལ།དེ་ནི་ད་ལྟ་རྒྱལ་ཕྱི་ནང་ཀུན་ན་སྙན་པའི་གྲགས་པ་རབ་ཏུ་འབར་བཞིན་ཡོད་ལ།སྐོར་བྲོའི་སྟངས་སྟབས་རེ་རེར་དཔའ་ཞིང་བདེ་ལྕག་འཁྱུག་པ་དང་།ཟིལ་རྔམ་གྱི་སྟོབས་རབ་ཏུ་འབར་ལ།བློ་གཤོགས་ཆེ་བ་སོགས་ཀྱི་རྣམ་པ་ངང་གིས་དོད་པའི་སྐོར་བྲོ་རིགས་ཤིག་ཡིན་པས།སྤྱི་ལོ༢༠༠༧ལོར་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཀྱི་ཁོངས་སུ་ཚུད་ཅིང་།ཉེ་བའི་ལོ་འགའི་རིང་རྩེ་མདའ་སྐོར་བྲོ་དེ་ཉིད་ལ་དམངས་ཁྲོད་རང་བཞིན་གྱི་སྒྱུ་རྩལ་དྭངས་མ་རེ་རེ་ནང་འདྲེན་བྱས་ཤིང་སྐོར་བྲོ་དེ་ཉིད་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ནང་ལོག་གི་མཚོ་ལྷོ་དང་། ཐཱན་ཅིང་། པེ་ཅིང་། ཁྲེང་ཏུའུ་སོགས་ཀྱི་ས་ཆ་སོ་སོར་རིག་གནས་བརྗེ་རེས་དང་།འགྲན་བསྡུར་སོགས་ཀྱི་འཁྲབ་སྟོན་གང་མང་དུ་ཞུགས་པས་རྩེ་མདའ་སྐོར་བྲོ་ཞེས་པའི་མིང་གི་སྙན་པའང་རྒྱལ་ཡོངས་ས་གཞི་འཛིན་མའི་རི་ལུང་ཀུན་ན་གཡུ་འབྲུག་གི་ངར་སྒྲ་ཇི་བཞིན་ལྷིང་ལྷིང་དུ་གྲགས་པས་རྒྱལ་ཕྱི་ནང་གི་ཆེད་མཁས་མང་པོས་གདེངས་འཇོག་དང་མཐོང་ཆེན་ཐོབ། །

རྫ་ཆུ་ཁའི་གནས་ཚུལ་མདོར་བསྡུས་དང་ཡུལ་སྲོལ་འགའ།

སྦྲ་གུར་རིག་གནས།

སྤྱི་ལེ་གྲུ་བཞི་མ་༢༥༡༩༡གི་སའི་ཁྱོན་ལ་གནས་སྡོད་བྱེད་པའི་སེར་ཤུལ་རྫོང་གི་འབྲོག་སྡེ་དག་ལ་མཚོན་ན་བོད་ཁུལ་གྱི་ས་ཆ་གཞན་དག་གི་འབྲོག་པའི་འཚོ་བ་དང་གཅིག་མཚུངས་ཡིན་ལ།ལོ་ངོ་བརྒྱ་སྟོང་མང་པོའི་རིང་གི་ལོ་ཟླའི་བཞུར་རྒྱུན་གྱི་ཁྲོད་དུ་སྦྲ་ནག་པོར་གཙུག་ཏུ་བཀུར་ཞིང་གུར་དཀར་པོ་གྲོགས་སུ་བསྡོངས་ནས་དུས་བཞིའི་གནམ་གཤིས་འགྱུར་ལྡོག་དང་བསྟུན་ནས་འཚོ་བ་རོལ་བ་རེད།ཁོ་ཚོའི་འཚོ་རྟེན་གཙོ་བོ་ནི་ཕྱུགས་རིགས་དཀར་ནག་གི་དྲིན་གྱིས་གསོས་དགོས་སྟབས།ཕྱུགས་རིགས་དཀར་ནག་ནི་རྟག་པར་གཟས་ཁ་གང་བཟང་གི་གནས་ལ་བརྟེན་དགོས་པ་ལྟར།དབྱར་དགུན་སྟོན་དཔྱིད་ཀྱི་དུས་སོ་སོར་སྡོད་ཡུལ་སྤོ་དགོས་པས་ནོར་གནག་གི་རྩིད་རེས་བཟོས་པའི་སྦྲ་ཆེ་ཆུང་དག་ནི་རི་བ་སྤོ་སྐྱོད་སྐབས་སྟབས་བདེ་མོ་ཡིན་པས་འབྲོག་པའི་ཁྱིམ་གཞིས་གཙོ་བོ་སྦྲ་ནག་པོ་འདི་དག་ཡིན།དེ་ནི་འབྲོག་མི་རང་ཉིད་ཀྱི་ལག་ཤེས་ལ་བརྟེན་ནས་འཁལ་འཐག་བྱས་པའི་རྩིད་རེ་ནག་པོ་འབའ་ཞིག་གིས་བཟོ་དྲུབ་བྱས་པ་ཡིན་པས་སྦྲའི་རྒྱུ་སྤུས་ཧ་ཅང་བཟང་པོ་ཡིན།དབྱར་ཁར་གནམ་གཤིས་བཟང་དུས་དང་དུས་སྟོན་སོགས་སུ་རས་དཀར་པོས་བཟོ་དྲུབ་བྱས་པའི་གུར་དེའང་ཕུབ་སྲོལ་ཡོད་ལ།སྟེང་དུ་བཀྲ་ཤིས་པའི་རི་མོ་དང་རི་དྭགས་ཆོས་འཁོར་སོགས་ཀྱི་མཛེས་རིས་དག་གིས་ལེགས་པར་བརྒྱན་ཡོད་པ་ཡིན་པས་ཧ་ཅང་གིས་མཛེས་ལ་བསིལ་དྲོད་གཉིས་ཀྱི་སྣང་བའང་ངང་གིས་སྟེར་སྲིད།

 རྫ་ཆུ་ཁའི་གནས་ཚུལ་མདོར་བསྡུས་དང་ཡུལ་སྲོལ་འགའ།

བཟའ་བཅའ་རིག་གནས།

སེར་ཤུལ་གྱི་བཟའ་བཅའ་རིག་གནས་ལ་ཁོར་ཡུག་གི་དབང་གིས་ཕྱི་སོའི་ཟས་རིགས་ཀྱི་ཤན་ཤུགས་ཆེར་མ་ཐེབས་པར་རང་སའི་ཐུན་མིན་ཟས་རིགས་ནི་ལྷག་ཏུ་དར་སྲོལ་ཆེ་བ་འདུག ཟས་རིགས་གཙོ་བོ་ནི་རྩམ་པ་དང་། ནོར་གནག་གི་ཤ་དང་ལུག་ཤ། ཐུད།གྲོ་མ་དང་།ཞོ་འོ་མ།མར་ཕྱུར་བ་སོགས་འཚོ་བཅུད་ཕུན་སུམ་ཚོགས་པོའི་ཟས་རིགས་འདི་དག་ལ་བརྟེན་བཞིན་ཡོད་ལ། ཟས་རིགས་འདི་དག་གཡོ་སྦྱོར་དང་བརྟེན་ཐབས་ལའང་བརྒྱུད་རིམ་དང་ཡུལ་སྲོལ་ངེས་ཅན་ཞིག་ཡོད་ལ།ནམ་རྒྱུན་ཁྱིམ་དུ་མགྲོན་པོ་རྩ་ཆེན་འབྱོར་བ་དང་།གཉེན་སྟོན་སོགས་ཀྱི་སྐབས་སུ།ཐུད།ཁྲག་རྒྱུ།གྲོ་མ་སོགས་བོད་ཀྱི་ཟས་མཆོག་གང་མང་གིས་སྣེ་ལེན་བྱེད་སྲིད་དེ།འདི་དག་ནི་ཆེས་སྤྱིར་བཏང་གི་ལག་རྩལ་གྱིས་གཡོ་སྦྱོར་བྱེད་པ་ཡིན་མོད་བྲོ་བ་ཞིམ་པ་མ་ཟད་འཚོ་བཅུད་ཕུན་སུམ་ཚོགས་པོ་ཡོད་པ་རེད། ཐུད་ལ་དབྱེ་ན་ཐུད་དཀར་ནག་གཉིས་ཡོད་ལ། ཐུད་དཀར་ནི་གཙོ་བོ་མར་དང་ཆུར་བ། བྱེ་མ་ཀ་ར་གསུམ་པོ་སྡེབ་སྦྱོར་བྱས་ནས་གྲུབ་པ་ཡིན། ཐུད་ནག་ནི་གྲོ་མ་དང། སྦྲང་ནག། མར་སོགས་སྡེབ་སྦྱོར་བྱས་ཏེ་གྲུབ་པ་ཡིན། ཁྲག་རྒྱུ་ནི་གཙོ་བོ་ཟོག་གི་རྒྱུ་མ་དང་། ཁྲག ཕྱེ་མར་གཏུབ་པའི་ཟོག་ཤ་སོགས་ཀྱི་སྡེབ་སྦྱོར་བྱས་ཏེ་གྲུབ་དགོས་པ་ཡིན་པས། ཡུལ་ཁམས་འདིའི་ཟས་རིགས་ནི་ཟས་རིགས་གཞན་པའི་ལྷད་སྙིགས་དང་མ་འདྲེས་པས་བཟས་ན་ལྟོ་བར་འཕྲོད་ལ་འཚོ་བའི་བཅུད་ཕུན་སུམ་ཚོགས་པོ་ལྡན་པ་ཡིན་ནོ། །

རྫ་ཆུ་ཁའི་གནས་ཚུལ་མདོར་བསྡུས་དང་ཡུལ་སྲོལ་འགའ།
གྱོན་གོས་རིག་གནས། 

སེར་ཤུལ་རྫོང་གི་དམངས་ཁྲོད་ཀྱི་གྱོན་གོས་ནི་བོད་རང་གི་གོན་པའི་རིགས་ཡིན་ལ། མགོར་ཝ་ཞྭ་དང་།རྐང་བར་བོད་ཀྱི་འཇུ་རྟ་སོགས་ཀྱི་བཟོ་དྲུབ་ལ་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡོད་ལ།ཕྲུག་དང་ཚ་རུ་སོགས་གོན་པའི་རིགས་ནི་ཡུལ་ཁམས་འདིའི་རྒྱུན་གོས་སུ་ཆགས་ཤིང་།ཆེས་ངོ་མཚར་ཞིང་བོད་ཁམས་ཡོངས་སུ་མཐོང་དུ་མེད་པ་ནི་གོས་ཀྱི་མཐའ་དང་གོང་བར་བརྒྱན་པའི་སྦྲེས༼ཡུལ་སྐད་དེ་ཁྲིས་སྐུད་ཅེས་པའི་དོན༽དེ་རེད།དེ་ནི་རྒྱུ་གོས་ཆེན་སོགས་རྒྱུ་སྤུས་བཟང་གྲས་ཀྱིས་བཟོས་པ་ཡིན་པས།བོད་དུ་སྟག་གཟིག་སྲམ་སོགས་གཅན་གཟན་གྱི་པགས་པས་གོས་མཐའ་བརྒྱན་པའི་བསྟན་པ་དེ་ཉམས་པ་དང་ལྷན་དུ་དེ་དག་གི་ཚབ་ཏུ་གོས་མཐའ་བརྒྱན་ཆོག་ལ། ཚར་སྟོད་སོགས་སྟོད་ཐུང་རིགས་ཀྱི་གོང་བ་དང་གོས་མཐའ་སོགས་བརྒྱན་ཆོག་པས་བལྟས་ན་མིག་ལ་མཛེས་ཤིང་རིན་ཐང་ཆེ་བའང་ངང་གིས་དོད་ནས་འདུག  བོད་ཁམས་ཡོངས་སུ་སེར་ཤུལ་གྱི་སྦྲེས་ཞེས་ངོ་མཚར་དང་རིན་ཐང་ཆེ་བར་བརྩིས་སྲོལ་ཡང་འདི་ནས་དར་བ་རེད།སེར་ཤུལ་རྫོང་གི་བུད་མེད་དག་ལ་མཛེས་ཆོས་སྤྲས་བྱེད་དུ་ཞྭ་མོ་ཞིག་གོན་རྒྱུ་ཡོད་ལ། དེའི་མིང་ལ་ཞྭ་མོ་ཁ་སྡེར་ཞེས་འབོད་ལ། ཞྭ་མོ་དེའི་རྒྱུ་ནི་གོས་ཆེན་སོགས་རས་རྒྱུ་བཟང་པོའི་གྲས་དང་།ལུ་གུ་ཆུང་ཆུང་གི་ཚ་རུ་བཅས་ཀྱིས་བཟོ་དྲུབ་བྱས་པ་ཡིན་པས།ཞྭ་མོ་འདི་བུད་མེད་ལོ་ན་ཚོད་དར་གཞོན་སུ་ཞིག་གིས་གོན་ནའང་དེར་ཐུན་མིན་གྱི་མཛེས་ཆོས་ཤིག་ལྡན་ལ་ལང་ཚོའི་མཛེས་སྡུག་ཀྱང་ལྷག་ཏུ་བཀྲ་སྲིད། 

རྫ་ཆུ་ཁའི་གནས་ཚུལ་མདོར་བསྡུས་དང་ཡུལ་སྲོལ་འགའ།
ཚོ་བའི་རིག་གནས།

ཚ་རྒྱབ་ཚོ་བ་ནི་སེར་ཤུལ་རྫོང་མཁར་དང་སྤྱི་ལེ༡༠༠ལྷག་གིས་རྒྱང་བའི་ཁྲོ་ཤུལ་འགབ་མ་ཤང་གི་མངའ་ཞབས་སུ་ཆགས་ཤིང་།ཁྱོན་ཁྱིམ་དུད་དྲུག་ཅུ་ལྷག་ཡོད།ངག་རྒྱུན་ལྟར་ན་ཚ་རྒྱབ་ཀྱི་མི་རྣམས་ནི་རྩྭ་ཐང་ཐོག་གི་ཆེས་གནའ་བོའི་ཚོ་བ་ཅིག་རེད་ལབ་ཀི་འདུག   ལོ་རབས་སྔོན་མར་ཡར་ཀླུང་གཙང་བོའི་སྨད་རྒྱུད་ཀྱི་ཚ་རྒྱབ་ཅེས་པའི་ས་ཆ་ནས་གནས་འདིར་སྤོར་ཡོང་བ་ཡིན་ལ།གནས་འདིར་གཞིས་ཆགས་པའང་སྡེ་བ་ཧྲིལ་པོ་ཞིག་ཡིན་པས་ཁོ་ཚོས་ཉེ་འཁོར་གྱི་སྡེ་བ་གཞན་དག་དང་འབྲེལ་འདྲིས་ཧ་ཅང་ཉུང་ལ།ཕྱི་འབྲེལ་གྱི་ཐད་ལ་ཕལ་ཆེར་འབྲེལ་བཅད་ཀྱི་ངོ་བོར་གནས་པས།དུས་དེ་རིང་ལ་ཐུག་པའི་བར་དུ་ཁོ་ཚོས་གདོད་མའི་ཡུལ་སྲོལ་གོམས་གཤིས་མང་པོ་ཞིག་ལ་འགྱུར་བ་མ་ཐེབས་པར་རང་སོར་གནས་ཡོད་དེ།སྐྱ་བ་ནས་འོ་མ་དཀྲོགས་པ་ལྟ་བུ་དང་།སྡེ་བ་ཡོངས་ཀྱི་ཕོ་མོ་རྒན་གཞོན་སུ་ཡིན་ཡང་ཐ་མག་དང་ཆང་རག་ལ་མི་བརྟེན་པ་སོགས་སྔོན་གྱི་ཡ་རབས་ཀྱི་གོམས་སྲོལ་བཟང་པོ་དག་རྒྱུན་བསྐྱང་མུས་ཡིན་ལ།སྡེ་བ་གཞན་དག་དང་གཉེན་དུ་བསྡེབས་པའི་སྲོལ་ཡང་ཡོད་པ་མིན་ལ། དེ་ནི་གཙོ་བོ་ཁོ་ཚོར་སྔོན་ཆད་ཅིག་ལ་འདི་ལྟ་བུའི་གནས་ཚུལ་ཞིག་བྱུང་མྱོང་ཡོད་དེ། ཚ་རྒྱབ་སྡེ་བའི་འགོ་གཙོའི་བུ་མོ་ཞིག་སྡེ་བ་གཞན་ཞིག་གི་འགོ་གཙོའི་བུ་ལ་ཆུང་མར་སྟེར་ནས་ལོ་མང་པོར་སོང་རུང་། བུ་མོ་དེར་རྒྱུད་པ་མེད་པས་མཐར་ཁྱིམ་རྒྱུད་དེ་ནས་སྒོར་ཕུད། དུས་དེར་བུ་མོའི་ཕ་རྒན་ཏེ་ཚ་རྒྱབ་སྡེ་བའི་སྡེ་གཙོས་དམག་སྣ་དྲངས་ནས་སྡེ་བ་གཞན་པ་དེའི་སྟེང་དུ་བརྒྱུགས་ཏེ།གཡུལ་ཐེངས་གཅིག་གིས་སྡེ་བ་གཞན་པའི་ཁྱིམ་ཚང་དེའི་བུ་གཉིས་དམར་གསོད་བཏང་།དེའི་ཤ་ལེན་ལ་བྱོལ་ཏེ་ཚ་རྒྱབ་སྡེ་བའི་སྡེ་མི་ཡོངས་རྫོགས་ས་མཐར་འཁྱམ་དགོས་པའི་གནད་དོན་ཡང་འདི་ནས་བྱུང་བ་རེད་འདུག དུས་དེ་ནས་སྡེ་བ་ཡོངས་སུ་ཁྲིམས་བསྡམས་ཏེ་བུད་མེད་ཅིག་ཡིན་ན་སྡེ་བ་གཞན་པར་མནའ་མར་འགྲོ་མི་ཆོག་ལ།སྐྱེས་པ་ཞིག་ཡིན་ན་སྡེ་བ་གཞན་པ་ནས་ཆུང་མ་ལེན་མི་ཆོག་པ་རེད། འདི་ལྟར་ལོ་བཅུ་ཕྲག་མང་པོའི་རིང་ལ་རང་སྡེའི་ནང་ཁུལ་ནས་གཉེན་དུ་བསྡེབས་པས་མི་གྲངས་འཕེལ་རྒྱས་ཀྱི་མྱུར་ཚད་ཧ་ཅང་དལ་བ་མ་ཟད། ཆུང་མ་གཅིག་ལ་ཁྱོ་ག་མང་པོ་དང་། ཁྱོ་ག་གཅིག་ལ་ཆུང་མ་མང་པོའི་གནས་ཚུལ་ཡང་ཧ་ཅང་མང་ངོ་། །ཚོ་བ་འདིས་མི་ཡི་རིགས་ལ་རྒྱུས་ལོན་དང་རང་རིགས་ཀྱི་ལོ་རྒྱུས་འཚོལ་ཞིབ་པ་ཚོར་འཚོལ་ཞིབ་གསར་བ་ཞིག་གི་སྒོ་འཕར་ཕྱེས་ཡོད་པ་མ་ཟད།མིའི་རིགས་ཀྱི་རིག་གནས་སྐོར་གྱི་ཞིབ་འཇུག་གི་རྒྱུ་ཆ་ལ་རིན་ཐང་བྲལ་བས་ཕྱོགས་བཞིའི་ཞིབ་འཇུག་པ་ཚོས་གདེང་འཇོག་མཐོན་པོ་གནང་གི་ཡོད་པ་རེད། ། 
 

  • ལེ་ཚན་སྔོན་མ།:རྫ་ཆུ་ཁའི་ཡུལ་སྡེ།
  • ལེ་ཚན་རྗེས་མ།:དར་མདོའི་མིང་གི་འབྱུང་ཁུངས།
  • དོ་སྣང་ཆེ་བའི་རྩོམ།