མངའ་མཛད་བྱུང་བའི་དུས་རབས། ༢(1)

        2010-12-15

 དེང་དུས་བོད་མི་རྣམས་ཀྱི་བློ་ངོ་ན་ཡོད་པའི་ལྷ་འདྲེ་དེ་དག་གི་སོ་སོའི་ཁྱད་ཆོས་ནི།   དེ་ཡང་གནོད་སྦྱིན་ཞེས་པ་ནི།    ནོར་དང་ལོངས་སྤྱོད་དཔལ་དང་འབྱོར་པ་ཐམས་ཅད་ཀྱི་གཏེར་བདག་  མཆོད་ན་སྐྱོབ་ཅིང་བརྟེན་ན་སྡོང་གྲོགས་བྱེད་དེ།    གཞན་དུ་ན་སེམས་ཅན་ལ་གནོད་པ་སྣ་ཚོགས་བྱེད་པའི་ནོར་ལྷ་ཞིག་ལ་ཟེར།    དེར་བརྟེན་གདོད་མའི་སྤྱི་ཚོགས་ཀྱི་མཇུག་རྫོགས་ནས་མངའ་མཛད་ཀྱི་གྲལ་རིམ་བྱུང་བ་དང༌།     དེའི་ཚེ་ན་ཡུལ་སྤྱི་པའི་མངའ་བདག་ནི་གཞན་དང་མི་འདྲ་བར་ཐོན་སྐྱེད་ཀྱི་ལྷག་མ་རྒྱ་ཆེན་གསོག་འཇོག་བྱེད་ཅིང༌།     ནམ་དགོས་ཀྱི་དུས་སུ་བེད་སྤྱོད་བྱེད་རྒྱུ་ཡོད་པ་དང༌།    ས་ཞིང་དང༌།   སྒོ་ཕྱུགས།   བྲན་འཁོར་སོགས་རྒྱ་ཆེན་པོར་ཡོད་པ་སྔར་གྱི་དུས་རབས་རྣམས་སུ་བྱུང་མ་མྱོང་བའི་འཚོ་བའི་ཆུ་ཚད་དང་ལྡན་པ་ཞིག་ཡིན་པར་ཤེས་ཐུབ།     
བདུད་ཞེས་པ་ནི།   མི་ནག་རྟ་ནག་ཅན་འཁོར་བདུད་དམག་བྱེ་བ་དུང་ཕྱུར་གྱིས་བསྐོར་བ་ཞིག་རྟག་ཏུ་སེམས་ཅན་རྣམས་ལ་གནོད་འཚེ་བྱེད་པའི་མི་མ་ཡིན་པའི་འབྱུང་པོ་ཞིག་ཡོད་པར་སེམས་ཀྱི་ཡོད་ཅིང༌།   སྐབས་དེའི་དབང་བསྒྱུར་བྱེད་སྟངས་ནི།       ཇག་དམག་ཚོ་ཆེན་པོར་བསགས་ཏེ་ཡུལ་ག་ས་ག་ལ།     དུས་མ་ངེས་པ་གློ་བུར་དུ་ཡོང་ནས་བཅོམ་འཕྲོག་བྱེད་ཅིང་མི་རྣམས་འཛིན་བཟུང་བྱས་ཏེ་རང་གི་བྲན་ཏུ་བཀོལ་བ་སོགས་བོད་འབངས་ཡོངས་ལ་དངངས་སྐྲག་དང་སྡུག་བསྔལ་གྱིས་ཁེངས་པའི་སྤྱི་ཚོགས་ཀྱི་དུས་རབས་ཤིག་བྱུང་ཡོད་པར་ཤེས་ཐུབ། 
སྲིན་པོ་ཟེར་བ་དེ།    མི་ཤ་དང་རྟ་ཤ་ལ་སོགས་པ་ཤ་རིགས་གང་མཐོང་ཐམས་ཅད་ཟ་མཁན།      ངོ་གདོང་དམར་པོ་ཅན།    སྐྲ་ཁམས་ནག་རལ་པ་ཅན་གདུག་པ་ཅན་གྱི་གདོན་འདྲེའི་རིགས་ཤིག་ཡོད་པར་བཤད།      སྔོན་རྒྱ་གར་མཁས་པ་རྣམས་ཀྱིས་བོད་མི་ལ་བོད་གདོང་དམར་ཤ་གཟན་སྲིན་པོའི་རིགས་ཅེས་དམའ་འབེབས་བྱས་པ་དེ་དགཕྱིས་བོད་ཀྱི་མཁས་པ་ཚོས་ཀྱང་དེའི་ལད་ཟློས་བྱས་དང་བྱེད་བཞིན་པ་རེད།     
བཙན་ཟེར་བ་དེ།   ཧ་ཅང་གི་གདུག་རྩུབ་དང་ཕྲག་དོག་ཆེན་པོ་ཅུང་ཟད་མི་དགའ་བ་བྱུང་ན་ལམ་སང་གནོད་པར་བྱེད་མཁན།     མི་དམར་པོ་རྟ་དམར་པོ་ཆིབས་པ།  རྟ་དམར་པོ་དང་ཁྱི་དམར་པོ་རོལ་དུ་ཁྲིད་པའི་འདྲེ་རིགས་ཤིག་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད།   
ཀླུ་ཞེས་པ་དེ།   ཞེ་བརྣག་པོ་འཁོན་སེམས་བཅངས་མཁན།   ཀླུ་དང་འགྲས་ན་མི་རབས་ནས་མི་རབས་བརྒྱུད་དེ་གནོད་པ་སྐྱེལ་མཁན་ཞིག་ཡིན་པར་ངོས་འཛིན། 
འགོང་པོ་ཞེས་པ་རྒྱལ་པོ་དང་འགོང་པོ་ཞེས་རིགས་གཅིག་པ་ལ།  གདུག་རྩུབ་ཅན་གྱི་གདོན་འདྲེ་འགྲོ་བ་མིའི་རིགས་ལ་བཀྲ་མ་ཤིས་པ་དང༌།    སེམས་མི་བདེ་བའི་ཐབས་སྣ་ཚོགས་དང༌།   འཁྲུག་པ་སྣ་ཚོགས་སློང་མཁན་ཞིག་ཡིན་པར་ངོས་འཛིན། 
ལྷ་དང༌།   ཟ་རམས་དང༌།   མ་སངས་དང༌།    རྨུ་ལ་སོགས་པ་འདི་དག་ནི་ལྟོས་བཅས་ཀྱི་སྒོ་ནས་གོང་གསལ་ལྷ་འདྲེ་དེ་དག་ལས་རྒྱུད་འཇམ་ལ།       གནོད་པ་ཉུང་བ་ཞིག་ཡིན་པར་ངོས་འཛིན་བྱེད་སྲོལ་ཡོད་པ་རེད།     དེ་ཡང་དུས་རབས་སོ་སོའི་སྐབས་སུ་དབང་བསྒྱུར་བྱེད་པ་པོ་དང་བྱས་དུས་སྐོར་ལ་བཀའ་ཐང་སྡེ་ལྔ་དང༌།     མཁས་པའི་དགའ་སྟོན།     བོན་གྱི་བསྟན་འབྱུང་སོགས་ལོ་རྒྱུས་ཡིག་ཆ་རྣམས་བཞེད་ཚུལ་མི་འདྲ་བ་ཁ་ཤས་འདུག་ཀྱང༌།   འགྲོ་བ་མིའི་རིགས་ཀྱི་ཤེས་རིག་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་བསྟུན་ན་བོན་གྱི་བསྟན་འབྱུང་ལས་བྱུང་བར་ལྟར་ན་བཤད་ན་ཚན་རིག་དང་མཐུན་ཆེ་བར་སེམས།   དེ་ལྟ་ན་བོད་ཡུལ་བསྐལ་པ་ཡ་ཐོག་གི་མཇུག་ཏུ་ཐོག་མར་དབང་བསྒྱུར་བྱ་མཁན་དེ་དམར་འཇམ་ཡིན་པར་བཤད།     དུས་རབས་དང་པོ།    དམར་འཇམ་ལྷའི་དུས་ཡིན་ཞིང༌།   ཡིན་ནའང་སྐབས་དེར་མི་དང་དུད་འགྲོའི་འཚོ་བའི་བར་ཧེ་བག་ཆེར་མེད་པ་ཕན་ཚུན་འདྲ་མཉམ་དུ་གནས་པ་དང༌།     མི་ལོ་འབུམ་ཕྲག་མང་པོར་དེ་ལྟར་གནས་པ་བཤད་པ་ལྟར་ན། 
འདི་ཕལ་ཆེར་བསྐལ་པ་ཡ་ཐོག་གམ་གདོད་མའི་སྤྱི་ཚོགས་ཀྱི་འཚོ་བ་གཙོ་བོར་བསྟན་ཡོད་པར་འདྲ།     སྐབས་འདིར་ཡུལ་གྱི་མིང་ལ་ལྷ་ཡུལ་གུང་ཐང་ཟེར་བ་དང༌།    མི་རྣམས་གཡའ་རི་དང་གངས་རིའི་རྩེ་གནས་བཅས་ཡོད་པར་བཤད། 
དུས་རབས་གཉིས་པ།    སྐབས་དེར་མ་སངས་གཉན་གྱི་དུས་ཡིན་ལ་དུས་དེར་མིའི་བསམ་བློ་དང་ཐབས་ཤེས་གང་ཅིའི་ཐད་དུད་འགྲོ་གཞན་ལས་སྟོབས་ཆེ་བར་ཆགས་ཡོད་པ་དང༌།    གནས་ཡུལ་ཀྱང་རྫ་རི་དང༌།    ཤིང་ནགས།   སྤང་ལྗང་སོགས་ག་ས་ག་ལ་གནས་ཡོད་པ་དང༌།   ཡུལ་གྱི་མིང་ལ་གཉན་ཡུལ་གསེར་སྟེང་ཟེར་བར་བཤད།    དུས་ཚོད་ནི་མི་ལོ་འབུམ་ཕྲག་མང་པོ་དེ་ལྟར་བྱུང་ཞེས་བཤད།     
དུས་རབས་གསུམ་པ།    འཕྱེ་བོ་ཀླུ་ཡི་དུས་ཞེས་ཟེར་ཞིང་སྐབས་དེར་མིའི་ཤེས་རིག་ལ་སྔ་དང་མི་འདྲ་བའི་ཡར་རྒྱས་ཆེན་པོར་བྱུང་ཡོད་པར་གསལ་སྟེ།  ལྷ་ཡིས་ཕན་པ་དང་འདྲེ་ཡིས་གནོད་པའི་བསམ་བློ།     ཀླུ་མཆོད་དང་ཀླུ་བསངས་སོགས་ཆོས་ལུགས་ཀྱི་བསམ་བློ་དང་ཆོ་ག་བྱེད་ཤེས་པ།    རྟ་དང་ནོར་སོགས་བདག་ཏུ་བཟུང་ནས་བེད་སྤྱོད་ཤེས་པ་བཅས་བྱུང་ཡོད་པར་གསལ།     ཡུལ་གྱི་མིང་ལ་ཀླུ་ཡུལ་ན་ར་སེང་སྔོན་ཞེས་ཟེར།     བཀའ་ཐང་སྡེ་ལྔ་ལས།   ཀླུ་ཡི་སྐབས་སུ།     སྔ་རྟགས་རྐ་བུ་ཆུ་ལ་སྤྱོད་པར་བྱུང༌།    ཞེས་པ་ཆུ་རྐ་བཟོས་ཏེ་ཆུ་ཡུར་དུ་དྲངས་ནས་ཆུའི་ནུས་པ་བེད་སྤྱོད་བྱས་པའི་དོན་ཡིན་པར་སེམས།     
དུས་རབས་བཞི་པ།    གནོད་སྦྱིན་བཙན་གྱི་དུས་ཟེར་ཞིང༌།    སྐབས་དེར་འགྲོ་བ་མིའི་བར་ཕན་ཚུན་རོགས་རམ་དང༌།    གནོད་པ་བྱེད་རེས་བྱ་ཞིང་ཡོད་པ་དང༌།   ཡུལ་ལྷ་མཆོད་པ་དང་བཙན་མདོས་བཏང་བ་སོགས་ཆོས་ལུགས་ཀྱི་ཤེས་རིག་དང་ཆོ་ག་མང་པོ་བྱུང་ཡོད་པ་དང༌།     མཚོན་ཆ་མདའ་གཞུ་སོགས་བཟོ་ཤེས་པའི་ཤེས་རིག་དང་ལག་རྩལ་དར་ཡོད་པར་བཤད།     སྔ་རྟགས་གཉན་པོ་བཙན་པ་དེ་ནས་བྱུང༌།   ཞེས་པའི་དོན་ལ་བརྟགས་ན།    ལྷག་པར་དུ་བཙན་པོ་དང་གཡོག་པོ་ཞེས་དཔོན་གཡོག་བར་གྱི་དབྱེ་བ་ཆེན་པོར་བྱུང་ཡོད་པ་གསལ།  ཡུལ་གྱི་མིང་ལ་གདོང་དམར་བཙན་ཡུལ་ཞེས་ཟེར།      མཁས་པའི་དགའ་སྟོན་སོགས་ལས་བཟང་ཡུལ་རྒྱན་མེད་ཅེས་ཟེར།    
དུས་རབས་ལྔ་པ།   སྲིན་པོས་དབང་བསྒྱུར་བྱས་པའི་དུས་ཟེར།    དུས་དེར་འཁྲུག་རྩོད་དང་རྐུན་ཇག་མང་སྟབས་མི་རྣམས་བྲག་རི་དང༌།     ནགས་ཁྲོད་སོགས་བཙན་ས་བཟུང་ནས་བསྡད་ཡོད་པ་དང༌།    མི་ཚོས་འཚོ་བ་གཙོ་བོ་སེམས་ཅན་བསད་པའི་ཤ་ཁྲག་ལ་ལོངས་སྤྱོད་ཅིང་ཡོད་པས་མི་ཐམས་ཅད་ངོ་གདོང་དམར་པོ་ཡོད་པ།     མི་བདེ་བ་དང་གནོད་པ་སོགས་བྱུང་ན་ཡུལ་ལྷ་ལ་ཤ་ཁྲག་གིས་མཆོད་པ་བཅས་ཀྱི་སྲོལ་བྱུང་ཡོད་པ་དང༌།      འུར་རྡོ་དང་མདུང་སོགས་བཟོ་རྒྱུའི་ལག་རྩལ་བྱུང་ཡོད་པར་བཤད།    ཡུལ་གྱི་མིང་ལ་སྲིན་པོ་ནག་པོའི་ཡུལ་དགུ་ཞེས་ཟེར།    
དུས་རབས་དྲུག་པ།    བདུད་ཀྱིས་དབང་བསྒྱུར་བའི་དུས་ཟེར།    སྐབས་དེར་རྩྭ་ཁང་དང༌།   ཤིང་ཁང༌།   རྡོ་ཁང་བཅས་མི་སྡོད་གནས་ཀྱི་ཁང་པ་རིགས་སྣ་ཚོགས་བཟོ་ཐུབ་པར་བྱུང་བ་དང༌།    བོད་ཀྱི་ཆུ་བོ་བཞི་འདུས་འགོ་མཇུག་བར་ཏེ་དེང་དུས་མངའ་རིས་ཡུལ་གྱི་གངས་ཏི་སིའི་ཉེ་སྐོར་བར་དམག་དྲངས་ནས་གཤེན་ལ་དོ་བརྡོ་ཞིང༌།   དགྲ་སྟ་བཟོས་ཤིང་གཞན་སྡེ་བཅོམ་པར་བཤད།   ཡུལ་གྱི་མིང་ལ་བདུད་ཡུལ་ཁ་རགས་རོང་དགུ་ཟེར།  དེང་དུས་ཀོང་པོའི་ཡུལ་འདི་ཡིན་པར་སེམས་ཏེ།    འདི་ཡན་བསྐལ་པའི་དུས་རབས་ཆེན་པོ་དྲུག་ལ་མི་ལོ་འབུམ་ཕྲག་མང་པོའི་ཡུན་དུ་གནས་ཞེས་བོན་གྱི་བསྟན་འབྱུང་ལས་གསུངས།    ཡུལ་གྱི་མིང་ལ་བདུད་ཡུལ་ཁ་རག་རོང་དགུ་ཞེས་ཟེར་བ་ནི་དབང་བསྒྱུར་བྱེད་པའི་དཔོན་པོ་དེའི་རུས་མིང་ཡུལ་ལ་བཏགས་པར་ངེས་ལ།     ཆབ་སྲིད་ཀྱི་ལྟེ་གནས་དེ་དེང་དུས་ཀྱི་སྤོ་བོ་སྦྲ་རྨོག་དང༌།    རྫ་ཡུལ།   མེ་ཏོག་བཅས་ཀྱི་ས་ཕྱོགས་གང་རུང་ཞིག་ཡིན་པར་ངེས་ཏེ།  བོན་གྱི་ལོ་རྒྱུས་རྣམས་ལས།   བདུད་དམག་གིས་སྟོན་པ་གཤེན་རབ་ཚང་གི་རྟ་དེད་སོང་བ་ལ།    གཤེན་རབ་ར་མདའ་རྗེས་དེད་ཕེབས་པའི་ལམ་བར་ཀོང་པོར་སླེབས་པ་དང༌།    བདུད་ཀྱིས་བདུད་རི་ནག་པོས་ལམ་བཅད་པར་སྟོན་པས་མཐེ་ཆུང་གཡོན་པས་བླངས་ཏེ་སྒང་ཀ་སུམ་མདོར་བཞགམདུང་རྩེ་འདྲ་བའི་སྤྲུལ་པའི་རི་ཞིག་སྤྲུལ་ནས་ལྷ་རི་གྱང་ཐོའི་ཟུར་ལ་བཞག་པའི་མཚན་ཡང་བོན་རི་ཆེན་པོར་བཏགས་ཞེས་དེང་སང་གི་ཀོང་བོན་རི་འདི་ཡིན་པར་གསལ་བ་དང་ཡང་མར་བྱོན་པ་ལ་བདུད་མོའི་རིགས་བུད་མེད་གཞོན་ནུ་མཛེས་མ་མང་པོས་གསོལ་ཆས་ལ་དུག་སྦྱར་ཏེ་དྲངས་པ་ལ།   སྟོན་པས་ཐལ་མོ་བརྡབ་པས་བདུད་མོ་རྣམས་མི་སྡུག་པའི་རྒན་མོ་སེ་མོ་བརྒྱ་རུ་སོང་བ་ལ་དེང་སང་ཀྱང་སེ་མོ་བོན་ཐང་དུ་གྲགས་པ་སོགས་གསལ་བ་ལྟར་ན།     བདུད་ཡུལ་དེ་ཀོང་བོན་རིའི་ཕྱི་ལོགས་སུ་ཡོད་དགོས།      སྐབས་དེར་ཐོན་སྐྱེད་ཀྱི་ལག་ཆ་བེད་སྤྱོད་བྱེད་རྒྱུ་དེ་ཕོན་ཆེ་ཤོས་སྟ་རེ་རྡོ་ཡི་སྟ་རེ་ཡིན་པར་གསལ། 
དུས་རབས་བདུན་པ།     འགོང་པོ་སྤུན་དགུས་དབང་བསྒྱུར་བའི་དུས་ཡིན་ཟེར།  བོན་གྱི་བསྟན་འབྱུང་ལས་འགོང་པོ་སྤུན་དགུས་དབང་བསྒྱུར་བྱས་པ་དང༌།  རྨུ་རྒྱལ་ཁོ་རྗེས་དབང་བསྒྱུར་བྱས་པའི་ལོ་རྒྱུས་མི་གསལ་ཡང༌།  འདི་གཉིས་བདུད་རིགས་ཀྱི་ཁོངས་སུ་གཏོགས་པ་ཡིན་པར་སེམས། 
དུས་རབས་བརྒྱད་པ།   རྨུ་རྒྱལ་ཁོ་རྗེའི་དུས་ཡིན།   དུས་དེར་རི་དྭགས་སེམས་ཅན་འཛིན་པ་མ་ཟད།     དམག་འཐབ་པའི་སྐབས་སུ་དགྲ་བོ་ཞགས་པས་འཛིན་པ་དང༌།    མདུང་ཞགས་འཕེན་སྲོལ་ཡང་དུས་འདི་ཙམ་ནས་དར་ཡོད་པར་སེམས།     བོན་གྱི་སྟོན་པ་གཤེན་རབ་ཡང་རྨུའི་གདུང་རབས་ཡིན་པར་ཞང་བོད་ལོ་རྒྱུས་ཏི་སེའི་འོད་ལས་གསལ། 
དུས་རབས་དགུ་པ།   མ་སངས་རུས་དགུའི་ཡུལ་འདིར་དབང་བྱས་པའི་དུས་ལ་ཟེར། 
མ་སངས་རུས་དགུ་ནི  །  《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས།   1གཉའ་གཡའ་སྤང་སྐྱེས།   
2 གར་ཏིང་ནམ་ཚ།     3གླེ་ངན་ནམ་ཙང་སྐྱེས།      4རུ་ཐོ་གར་སྐྱེས།     5ཤེ་དོ་ཀེར་ཏིང་ནས།       6 མེ་པད་སྐྱེས།      7གསད་གེ་འཕྲུལ་བོ་ཆེ།      8དྲང་བ་དྲངས་མ་མགུར།      9བཀོད་སྟོར་ནམ་ཚ་བཅས་བྲིས་འདུག  རྩིས་ཀྱི་བསྟན་བཅོས་བཻ་དཀར་དུ་དྲངས་པའི་བོན་གྱི་དཔེ་རྙིང་རྩིས་ཀྱི་འབྱུང་ཁུངས་སྐོར་ལས་གསལ་བ་ལྟར་ན།     ཀོང་ཙེ་འཕྲུལ་རྒྱལ་མ་བྱོན་གོང་གི་ལོ་ངོ་གཉིས་སྟོང་ལྷག་ཙམ་ན།     མ་སངས་རུས་དགུ་བྱུང་ཡོད་པར་གསལ་བས་དེ་ལྟར་ན་ཧ་ལམ་སྤྱི་ལོའི་སྔོན་གྱི་དུས་རབས་སོ་ལྔའམ་སོ་དྲུག་ཡས་མས་ཙམ་ནས་མ་སངས་རུས་དགུས་ཡུལ་འདིར་དབང་བསྒྱུར་བྱས་ཤིང༌།     བོད་འདིར་ཡོངས་གྲགས་ལ་མ་སངས་སྤུན་དགུའམ་ཐེ་རངས་སྤུན་དགུས་ཤྭོ་བཟོས་པར་བཤད་པ་བཞིན།    དུས་འདིར་ལྕགས་རིགས་རྙེད་ཅིང་ལྕགས་ཆས་བེད་སྤྱོད་དར་བ་དང༌།     དངོས་རྫས་བགོ་བཤའི་ཆེད་དུ་ཤྭོ་རྒྱན་འདེབས་པ་དང༌།     བྲེ་དང་སྲང་བཅོས་ནས་དངོས་པོ་ཉོ་ཚོང་གི་ལས་ལ་དར་རྒྱས་བྱུང་བ་དང༌།    མཚོན་འགོག་གི་ཆེད་དུ་གོ་ཆ་དང་ཕུབ་ཆུང་བཟོས་ནས་སྤྱོད་སྲོལ་དར་བ་དང༌།    རྟ་ཞོན་ཞིང་རྣ་རྒྱན་འདོགས་པ་སོགས་འཚོ་བའི་སྤྱོད་ཚུལ་ལ་སྔ་ལས་སྤྲོས་པ་ཇེ་ཆེ་ཕྱིན་ཚུལ་ཆོས་བོན་གཉིས་ཀའི་ལོ་རྒྱུས་ལས་གསལ་བ་ལྟར་རོ།     དེང་དུས་གནའ་ཤུལ་ཞིབ་འཇུག་དང་བསྡུར་ན་སྐབས་འདི་ཕལ་ཆེར་ཆབ་མདོའི་ཁ་རོའི་གནའ་ཤུལ་གྱི་དུས་ཙམ་ཡིན་པར་གསལ། 
སྐབས་འདིར་ཡུལ་གྱི་མིང་ལ་བོད་ཁམས་གཡའ་དྲུག་ཟེར།     བོད་ཅེས་པའི་ཡུལ་མིང་ཐོག་མར་བྱུང་བའི་དུས་ནི་མ་སངས་རུས་དགུ་ནས་ཡིན།      དེས་ན་བོད་ཅེས་པའི་ཡུལ་མིང་འདི་ལ་རྗེས་གྲུབ་ཀྱི་མིང་གི་འགྲེལ་བཤད་གནང་བ་ནི་སྙིང་པོ་ཅི་ཡང་མེད་པར་མཐོང༌། 
དུས་རབས་བཅུ་པ།   ཟ་རམས་སྐྱེས་དྲུག་གི་དུས་ལ་ཟེར།   འབྱུང་རྩིས་ཀྱི་ལོ་རྒྱུས་ལྟར་ན།      ཧ་ལམ་སྤྱི་ལོའི་སྔོན་གྱི་དུས་རབས་ཉི་ཤུ་པའི་སྟོད་སྨད་ཐམས་ཅད་ལ་ཟ་རམས་སྐྱེས་དྲུག་གི་དུས་ཡིན་པར་འདྲ་སྟེ། 
  • ལེ་ཚན་སྔོན་མ།:མངའ་མཛད་བྱུང་བའི་དུས་རབས།༡
  • ལེ་ཚན་རྗེས་མ།:མངའ་མཛད་བྱུང་བའི་དུས་རབས། ༣