སྤྱི་ལོའི་སྔོན་གྱི་2317པའི་ཤིང་སྤྲེལ་ལོར་རྩིས་ཀྱི་སློབ་དཔོན་ས་བདག་རླུང་རྒྱལ་ཞེས་པར་འཁྲུངས་ཤིང་དེས་ལོ་སྐོར་བཅུ་གཉིས་དང༌། འབྱུང་བ་ལྔ་སྦྱར་ནས་ལོ་རྒན་དྲུག་བཅུའི་བརྩི་སྲོལ་བསྟན་ཡོད་པ་དང༌། སྐབས་དེའི་དུས་ན་རྡོ་བཟོ་དང་ཤིང་བཟོའི་ལག་རྩལ་བཟང་པོར་བྱུང་ཞིང༌། མི་རྣམས་གླུ་གར་རོལ་མོ་ལ་དགའ་བར་བཤད་པ་དང༌། ཟ་རམས་སྐྱེས་དྲུག་སྐབས་སུ་མགོ་རྒྱན་དང༌། རྣ་རྒྱན་ལེགས་པོར་འདོགས་ཤིང༌། གླུ་གར་རོལ་མོ་སོགས་ལ་དགའ་སྟོན་ལ་དགྱེས་པར་བཤད་པ་གཅིག་གྱུར་བྱུང༌། ཡུལ་གྱི་མིང་ལ་བོད་ཡུལ་སྟོང་སྡེ་བཅོ་བརྒྱད་ཅེས་ཟེར།
དུས་རབས་བཅུ་གཅིག་པ་རྒྱལ་ཕྲན་སིལ་མ་བཅུ་གཉིས་ནི། དེ་ལྟར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་རིམ་ནང་དུ་ཡུལ་གྲུ་སོ་སོར་ཚོ་པ་དང་དཔོན་ཁག་ཤུགས་ཆེན་པོར་ཆགས་ཏེ། གཅིག་གིས་གཅིག་ལ་དབང་སྒྱུར་བྱེད་དཀའ་བའི་དུས་རིམ་ཞིག་ཏུ་སླེབས་པ་དང༌། ཟ་རམས་སྐྱེས་དྲུག་གིས་ཁྱོན་ཡོངས་ལ་དབང་སྒྱུར་བྱེད་རྒྱུའི་ནུས་ཤུགས་ཉམས་ཏེ། མཐར་རྒྱལ་ཕྲན་སིལ་མ་བཅུ་གཉིས་སུ་གྱུར་ཅིང་དེ་དག་གིས་སོ་སོའི་ལུང་པ་ན་དབང་སྒྱུར་བྱེད་ཀྱིན་ཡོད། རྒྱལ་ཕྲན་སིལ་མ་བཅུ་གཉིས་ནི། 《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས། 1མཆིམས་ཡུལ་གྲུ་ཤུལ་ན། མཆིམས་རྗེ་ནི་གུ་ཡོད། བློན་པོ་སྣང་དང་དེང༌། 2ཞང་ཞུང་ཡུལ་ན། རྒྱལ་པོ་ལེགས་སྙ་ཤུར། རྨ་དང་ར་སངས་བློན། 3མྱང་རོ་ཕྱོང་དཀར་ན། གཙང་རྗེ་ཐོང་དཀར། བློན་པོ་གནང༌། 4 གནུབས་ཡུལ་གླིང་དགུ་ན། སྣུབས་རྗེ་དམིགས་པ། བློན་པོ་རྨེ་དང་འབྲོ། 5ཉང་རོ་ཤམ་པོར། ལོ་རྔམ་རྗེ་འབྲོམ། བློན་པོ་ཤེ་སུང་གཉིས། 6ཀྱི་རི་ལྗོན་སྔོན་ན། རྗེ་རྨད་པོ། བློན་པོ་ངམ་དང་འབྲོ། 7ངམ་ཤོད་ཁྲ་སྣར། ཟིངས་རྗེ་ཁྲི་འཕྲང་གསུམ། བློན་མགར་དང་གཉན། 8འོལ་ཕུ་སྤང་མཁར་དུ། ཟིང་རྗེ་ཐོན་ཕྲེང༌། བློན་པོ་རྔོག་དང་སྦས། 9སྲིབས་ཡུལ་གྱི་རལ་གོང་དུ། བྲང་རྗེ་གོང་ནམ། བློན་པོ་སྤྲད་དང་ཞུགས། 10ཀོང་ཡུལ་བྲེ་སྣར། ཀོང་རྗེ་དཀར་པོ། ཏུག་དང་མཁར་པ་བློན་པོ། 11ཉང་ཡུལ་རྣམ་གསུམ་ན། ཉང་བཙུན་གླང་རྒྱལ། བློན་པོ་ཕུག་དང་ངོ་རྗེ། 12དྭགས་ཡུལ་གྲུ་བཞི་ན། དྭགས་རྗེ་མང་པོ་རྒྱལ། བློན་པོ་རླངས་སྐམ་གཉིས་བཅས་ཡུལ་གང་དུ་རྒྱལ་པོ་གང་ལ་བློན་པོ་གང་ཡོད་གསལ་པོར་བཀོད་ཡོད་པ་འདི་དག་རེད། 《བཀའ་ཐང་སྡེ་ལྔ་》ལས། སྔ་རྟགས་ཕྱག་དང་ཞེ་ས་དེ་ནས་བྱུང༌། ། ཞེས་སྐབས་དེའི་ཁྱད་ཆོས་ཐུན་མོང་མ་ཡིན་པར་གསུངས་འདུག་པ་ནི། དུས་དེ་ཙམ་དུ་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་ཞེས་པ་མངའ་རིས་པུ་ཧྲེང་གི་ཕྱོགས་དེར་འཁྲུངས་ནས་བོན་དང་ཤེས་རིག་མང་པོ་ཞིག་གསར་གཏོད་གནང༌། སྐྱེ་བ་སྔ་ཕྱི་དང༌། ལས་འབྲས་ཀྱི་རྣམ་གཞག ས་ལམ་གྱི་རིམ་པ་སོགས་མང་པོ་ཞིག་གསུངས་ཡོད་པ་གོང་འོག་བར་གསུམ་དུ་ཕྱག་དང་ཞེ་སའི་སྲོལ་དར་ཆེ་ཤོས་སུ་བྱུང་ཡོད་པ་ནི་བཤད་མ་དགོས་པ་རེད།
དུས་རབས་བཅུ་གཉིས་པ་རྒྱལ་ཕྲན་སིལ་མ་བཞི་བཅུ་ནི། རྒྱལ་ཕྲན་སིལ་མ་བཅུ་གཉིས་པོ་དེ་དག་རྟག་པར་ཕན་ཚུན་དམག་ཇག་འཁྲུག་རྩོད་ཀྱི་ལས་ལ་རྔམ་དྲགས་པས་སྟོབས་ཤུགས་ཇེ་ཞན་དུ་སོང༌། དེ་དག་གི་ཁོངས་སུ་གཏོགས་པའི་ཚོ་པ་མང་པོ་ཞིག་རང་རྐྱ་ཐུབ་པའི་སྡེ་ཤོག་ཏུ་གྱེས་ནས་མཐར་རྒྱལ་ཕྲན་སིལ་མ་བཞི་བཅུ་ཟེར་བ་ཞིག་བྱུང་ཡོད་ཀྱང༌། དེ་དག་རེ་རེ་བཞིན་བྲིས་པ་ཞིག་མ་མཐོང༌། ཕྱོགས་ཙམ་ཞིག་ཏུང་ཧོང་ནས་ཐོན་པའི་ཡིག་ཆ་རུ་བཀོད་པ་ལས། རྒྱལ་ཕྲན་ཡུལ་ཡུལ་ན། མཁར་བུ་རེ་རེ་ན་གན་སྟེ། རྒྱལ་ཕྲན་བགྱིད་པ་དང༌། རྒྱལ་ཕྲན་གྱི་བློན་པོ་བགྱིད་པའི་རབས་ལས། 1ཞང་ཞུང་ངར་པའི་རྗེ་བོ་ལིག་སྙ་ཤུར། བློན་པོ་ཁྱུང་པོ་ར་སངས་རྗེ་དང༌། སྟོང་ལོམ་ཙེ་གཉིས། 2མྱང་རོའི་ཕྱེད་ཀར་ན། རྗེ་རྩང་རྗེའི་ཐོད་ཀར། བློན་པོ་སུ་རུ་དང་གནང་གཉིས། 3ཡུལ་གནུབས་ཀྱི་གླིང་དགུ་ན། རྗེ་གནུབས་རྗེའི་སྲིད་པ། བློན་པོ་རྨེ་དང་གྲོ་གཉིས། 4ཡུལ་མྱང་པོའི་ཤམས་པོ་ན། རྗེ་ལོ་ངམ་གྱི་བྲོམ་ཚ། བློན་པོ་མྱ་དང་བྲེ་གཉིས། 5ཡུལ་ཀྱི་རོའི་ལྗང་སྔོན་ན། རྗེ་ཀྱི་རྗེའི་མང་པོ། བློན་པོ་ཤེ་དང་སུག་གཉིས། 6ཡུལ་ངས་པོའི་ཁྲ་གསུམ་ན། རྗེ་དགུག་གྲིའི་ཟིང་པོ་རྗེ། བློན་པོ་མགར་དང་གཉན་གཉིས། 7ཡུལ་དབྱེ་རོ་ཡུལ་བཞི་ན། རྗེ་དབྱེ་རྗེའི་མཁར་པ། བློན་པོ་དབོ་དང་རྡུག་གཉིས། 8ཡུལ་འོ་ཡུལ་གྱི་སྤང་ཀར་ན། རྗེ་འོ་རྗེའི་ཟིན་བྲང་ཚ། བློན་པོ་རྔོ་དང་དབའས་གཉིས། 9 ཡུལ་རྔོག་ཡུལ་གྱི་གྲུ་བཞི་ན། རྗེ་རྔོག་རྗེའི་ལ་བྲང༌། བློན་པོ་སས་པ་དང་མྱང་ནད་གཉིས། 10ཡུལ་ཀླུམ་རོའི་ཡ་སུམ་ན། རྗེ་ནམ་པའི་བུ་གསེང་ཏི། བློན་པོ་མྱང་དང་སྦྲང་གཉིས། 11ཡུལ་སྲིབས་ཡུལ་གྱི་རལ་མོ་གོང་ན། རྗེ་དྲང་རྗེའི་རྣོལ་ནམ། བློན་པོ་ཞུགས་ཚམས་དང་དབྲད་གཉིས། 12 ཡུལ་རྐོང་ལ་བྲེ་སྣར་ན། རྗེ་རྐོང་རྗེའི་ཀར་པོ། བློན་པོ་མཁར་པ་དང་ཕ་དྲུག་གཉིས། 13 ཡུལ་མྱང་ཡུལ་གྱི་རྟ་གསུམ་ན། རྗེ་མྱང་ཙུང་སླང་རྒྱལ། བློན་པོ་འོ་རུ་དང་སྦྲགས་གཉིས། 14 ཡུལ་དྭགས་ཀྱི་གྲུ་བཞི་ན། རྗེ་དྭགས་རྒྱལ་གྱི་སྤྲོག་ཟིན། བློན་པོ་ཕོ་གུ་དང་པོག་རོལ་གཉིས། 15 ཡུལ་མཆིམས་ཡུལ་གྱི་དགུའ་ཡུལ་ནའ། རྗེ་མཆིམས་རྗེའི་ནེ། བློན་པོ་དང་དང་དིང་དི་གཉིས། 16 ཡུལ་སུམ་ཡུལ་གྱི་ཡ་སུམ་ནའ། རྗེ་འབས་ལྗི་མང་རུ་ཏི། བློན་པོ་རླང་དང་ཀམ་གཉིས། 17 ཡུལ་འབྲོག་མོ་སྣམ་གསུམ་ནའ། རྗེ་སེ་རི་ཁྲི། བློན་པོ་སྐྱང་རེ་གནག ཅེས་སོ། །
དེ་ལྟར་རྒྱལ་ཕྲན་སིལ་མ་བཅུ་གཉིས་དང༌། སིལ་མ་བཞི་བཅུ་བཅས་ཀྱི་སྐབས་སུ་བྱུང་བའི་ཡུལ་གྱི་མིང་དང་རྒྱལ་བློན་གྱི་མཚན་རྣམས་གསལ་པོར་འཁོད་ཡོད་པའི་ཡིག་ཆ་འདི་དག་དེང་དུས་ཀྱང་མཁྱེན་ལྡན་རྣམས་ཀྱི་དཔྱད་ཡུལ་དུ་བཞུགས་ཡོད་པ་འདི་ཡིས། བོད་དུ་ཡི་གེ་འབྲི་བའི་སྲོལ་དེ་ཆོས་རྒྱལ་སྲོང་བཙན་སྐབས་སུ་གཞི་ནས་གསར་གཏོད་བྱས་ཞེས་པའི་བཤད་སྲོལ་དེ་ལ་དེ་བས་ཀྱང་ཁུངས་མེད་པའི་བདེན་དཔང་ཞིག་བྱས་འདུག དེ་ལྟར་བོད་ཀྱི་ཡུལ་འདིར་དབང་སྒྱུར་བྱེད་པའི་མངའ་མཛད་ཀྱི་དུས་རབས་མི་འདྲ་བ་དེ་དག་དུས་ནམ་ཞིག་ཙམ་ནས་བྱུང་ཞེ་ན། དེང་སྐབས་ས་འོག་ནས་ཐོན་པའི་གནའ་རྫས་རྙིང་པ་འདི་དག་དང༌། སོ་སོའི་རིག་པ་གཉིས་ཕན་ཚུན་ཟུང་འབྲེལ་ཞིག་བྱས་ན་ཕྱོགས་ཙམ་ཞིག་ཤེས་ཐུབ་སྟེ། བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་གྲུ་རྣམས་ནས་གནའ་རྫས་ཀྱི་ཤུལ་རྙིང་པ་མང་པོ་ཞིག་གསར་རྙེད་བྱུང་ཡོད་པ་ནི། ཉིང་ཁྲི་དང༌། དིང་རི། ཤན་ཚ། མེ་ཏོགཔུ་ཧྲེང༌། སུམ་མདོ། རྣམ་གླིང༌། ཆབ་མདོ། ཏྲེ་ཧོར་བྲག་མགོ ཨ་མདོའི་རུ་སྔོན་ས་ཆ་རྣམས་སུ་རྡོ་ཆས་དང༌། རྫ་མ། རུས་ཆས། མཁར་ཤུལ། མེ་ཤུལ། ཟངས་ཆས། གཡང་ཊི། འགྲོན་བུ་སོགས་དངོས་རྫས་འབོར་ཆེན་ཞིག་རྙེད་པ་དེ་དག་ལ་རྒྱལ་ཁབ་ཀྱི་ཆེད་རམས་པ་རྣམས་ཀྱིས་མཐའ་དཔྱད་གནང་ཞིང་གཏན་ལ་ཕབ་པའི་དཔྱད་རྩོམ་ཁག་ལས་གསལ་བ་ལྟར་ན། ད་ཕན་ལོ་ངོ་བརྒྱད་སྟོང་ཡས་མས་ཙམ་གྱི་དུས་སུ་བྱུང་བའི་དངོས་པོ་ཡིན་པ་ཐག་གཅོད་གནང་འདུག དེས་ན་ལོ་ངོ་བརྒྱད་སྟོང་ལྷག་གི་སྔོན་གྱི་བོད་མི་དེ་དག་ལ་སྟ་རེ་དང༌། མདའ། མདུང༌། འཇོར། གཤོལ། ཁབ། རྫ་མ་སོགས་འཚོ་བའི་ཉེར་སྤྱོད་དང་ལག་ཆ་རྣམས་བཟོ་ཐུབ་པའི་ཤེས་རིག་དང༌། ལག་རྩལ་གྱི་ཆུ་ཚད་མཐོན་པོར་བྱུང་ཡོད་པ་དེ་ག་རང་ནས་བདེན་དཔང་བྱུང་ཡོད། བོད་ཀྱི་ས་འོག་ནས་ཐོན་པའི་རྡོ་ཆས་རྙིང་པ་དེ་དག་ལ་བརྟགས་ན་ཨེ་ལྗིབ་ཕུ་ཐིའི་ལུང་པ་ནས་ཐོན་པའི་ལོ་ངོ་འབུམ་གཉིས་གསུམ་ཙམ་གྱི་ལོ་རྒྱུས་ཡོད་པའི་རྡོ་ཆས་རྙིང་པ་དེ་དག་དང་ཁྱད་ཆོས་རྣམ་པ་ཀུན་ཏུ་མཚུངས་པས་ང་ཚོས་དེ་ལ་ཞིབ་ཏུ་བརྟག་དཔྱད་བྱེད་འོས་པ་ཞིག་རེད། དེས་ན་མངའ་མཛད་ཐོག་མར་བྱུང་བ་གསལ་བའི་གནོད་སྦྱིན་ནག་པོ་ཞེས་པ་དེ་བྱུང་བའི་དུས་ཚོད་ཀྱང་དེ་དང་འབྲེལ་ནས་ཞིབ་འཇུག་བྱེད་འོས་པ་ཞིག་རེད།
ས་བཅད་གཉིས་པ། མངའ་མཛད་བཅུ་གཉིས་སྐབས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ།
གཅིག དུས་རབས་ཀྱི་ལམ་ལུགས།
བོད་ཀྱི་ཡུལ་འདིར་དབུལ་ཕྱུག་གི་ཁྱད་པར་བྱུང་བ་ལ་བརྟེན་ནས་རྗེ་འབངས་ཀྱི་རྣམ་པ་བྱུང་བའི་ཐོག་མ་མངའ་མཛད་གནོད་སྦྱིན་ནག་པོ་ནས། རྒྱལ་ཕྲན་སིལ་མ་བཞི་བཅུའི་བར་ལོ་གྲངས་ཁྲི་ཕྲག་མང་པོའི་རིང་གི་སྤྱི་ཚོགས་ཀྱི་རྣམ་པ་དེ་གང་འདྲ་ཞིག་ཡིན་གསལ་པོར་བཤད་དཀའ་ནའང༌། གནའ་རབས་མཁས་པ་རྣམས་ཀྱིས་ལོ་རྒྱུས་ལ་ཞིབ་འཇུག་གནང་བའི་སྡོམ་ཚིག་དག་ལ་ཞིབ་ཏུ་དཔྱད་ན་ཕྱོགས་ཙམ་ཤེས་ཐུབ་སྟེ། དཔའ་བོ་གཙུག་ལག་ཕྲེང་བའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས།
རྒྱལ་ཕྲན་དེ་རྣམས་འཐབ་རྩོད་གསོད་གཅོད་དགའ། །
ལེགས་ཉེས་མི་རྩི་བཀྱོན་འབེབས་བཙོན་རར་འཛུད། །
མཐའ་བཞིའི་རྒྱལ་པོས་རྟག་ཏུ་མནར་ཞིང་གཙེ། །
རྒྱ་ནག་རྒྱལ་པོ་ཤིང་ལ་སྦྲུལ་ལྟར་འཁྲི། །
རྒྱ་གར་རྒྱལ་པོ་ལུག་ལ་སྤྱང་ལྟར་འཇབ། །
སྟག་གཟིག་རྒྱལ་པོ་བྱ་ཁྱུར་ཁྲ་ལྟར་རྒྱུག །
གེ་སར་རྒྱལ་པོ་ཤིང་ལ་སྟ་ལྟར་འཚབ། །
ཅེས་སྐད་དོ། །
འཐབ་ཏུ་མི་ཐུབ་བོད་ལ་དམག་གྲངས་ཉུང༌། །
ཡུལ་གཞན་འགྲོ་རུ་རྒྱལ་ཕྲན་གྱིས་མི་སྟེར། །
ཐང་ལ་མི་ཆགས་བྲག་རི་བཙན་པོ་འཛིན། །
བཟའ་བཏུང་མི་རྙེད་བཀྲེས་སྐོམ་སྡུག་བསྔལ་ཆེ། །
བོད་ཡུལ་མི་རྣམས་རབ་ཏུ་སྡུག་བསྔལ་ཆེ། །
འཕགས་པའི་ཐུགས་རྗེས་བྱིན་གྱིས་བརླབས་པ་ཡིས། །
གཉའ་ཁྲི་བཙན་པོ་བོད་ཡུལ་རྗེར་གཤེགས་ནས། །
བོད་འབངས་བདེ་ཞིང་སྐྱིད་པར་མཛད་པ་ཡིན། །
ཞེས་སོགས་ལ་བརྟགས་ན། སྐབས་དེར་ཕྱི་ནང་གི་འཁྲུག་རྩོད་མང་པོ་ཞིག་བར་མེད་དུ་བྱུང་བ་དེ་དག་འགོག་པའི་སླད་དུ་ཐུན་མོང་གི་སྟོབས་ཤུགས་ལ་བརྟེན་ནས་རིམ་བཞིན་རྡོ་དང༌། རུས་པ། ཟངས། ལྕགས་བཅས་ཀྱི་ཡོ་བྱད་དམ་མཚོན་ཆ་བཟོ་བའི་ལག་རྩལ་འཕེལ་རྒྱས་འགྲོ་བའི་མགོ་བརྩམས་ཏེ། མདའ་གཞུ་དང༌། སྟ་རེ། མདུང༌། སྒྱོགས། ཆུ་གྲི། ཞགས་པ། འུར་རྡོ། དོང་རལ། ཕུབ་སོགས་དམག་འཁྲུག་གི་མཚོན་ཆ་དང་ཡོ་བྱད་མང་པོ་བཟོས་ཡོད་པ་ཡིག་ཆ་རྣམས་སུ་གསལ་བ་ཙམ་མ་ཡིན་པར། བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་གྲུ་རྣམས་སུ་རྙེད་དང་རྙེད་མུས་ཀྱི་གནའ་རྫས་རྙིང་པ་རྣམས་ལས་གསལ། དེ་ལྟར་རྩོད་ལྡན་སྙིགས་མ་ལྔ་བདོ་བའི་དུས་སུ་བྱུང་བའི་མངའ་མཛད་ཀྱི་དཔོན་པོ་དེ་དག་ལ་ཕྱི་བློན་དང༌། ནང་བློན། དམག་མི། བྲན་གཡོག་སོགས་ཀྱི་གྲལ་རིམ་གྱི་རྣམ་པ་བྱུང་བ་དང༌། ས་ཞིང༌། ནོར་ཕྱུགས་སོགས་ལོངས་སྤྱོད་རྒྱ་ཆེན་པོར་བསགས་པའི་ཆེད་དུ་འབངས་མི་རྣམས་ལ་སྙིང་རྗེ་མེད་པར་ཡ་ང་བའི་སྡུག་བསྔལ་མང་པོ་མྱོང་དུ་འཇུག་པ་དང༌། དུས་རྟག་ཏུ་དགྲ་ཇག་དམག་འཁྲུག་གི་ལས་བྱེད་ཅིང༌། རྒྱལ་ཕྲན་གཞན་གྱི་འབངས་དང་དམག་རྣམས་ལག་ཏུ་ཟིན་ཚེ་བྲན་གཡོག་བྱེད་དུ་འཇུག དེ་ལྟར་བྲན་གཡོག་གི་མི་འབོར་ཆེས་ཆེར་སོང་བ་དང༌། རྗེ་བོ་དང་རྒྱལ་ཕྲན་དག་གིས་སོ་སོའི་ཐོབ་ཐང་དང་བསྟུན་པའི་བྲན་དུ་བཀོལ་བ་དང༌། འབངས་མི་རྣམས་བཙན་ཤེད་ཀྱིས་བྲན་ཏུ་བཀོལ་ཏེ་གྱེན་ལྡོག་བྱེད་མཁན་བྱུང་ན་སྲོག་ཆད་གཅོད་པ་སོགས་འབངས་མི་རྣམས་ལ་རང་དབང་ཏིལ་འབྲུ་ཙམ་ཡང་མེད་པའི་འཚོ་བ་སྤྱོད་པའི་དུས་དེར། མཐའ་འཁོར་གྱི་ཕྱོགས་བཞི་ན་ཤར་དུ་རྒྱ་ནག་རྒྱལ་པོ། ལྷོར་རྒྱ་གར་རྒྱལ་པོ། ནུབ་ཏུ་སྟག་གཟིག་ནོར་གྱི་རྒྱལ་པོ་སྟེ་དེང་སང་པར་སིག་ཀྱི་ཡུལ་འདི་དང༌། བྱང་དུ་ཁྲོམ་གེ་སར་དམག་གི་རྒྱལ་པོ་སྟེ་དེང་སང་ལི་ཡུལ་གྱི་ཡུ་གུར་རིགས་ཀྱི་ལུང་པ་འདི་དག་ནས་རྒྱལ་ཕྲན་སིལ་བུར་འཐོར་བའི་སྐབས་དང་བསྟུན་ནས་རང་གི་ས་མཚམས་ཀྱི་རྒྱལ་ཕྲན་དེ་དག་གིས་རྟག་པར་བཙན་འཛུལ་བྱས་ཏེ་འཕྲོག་བཅོམ་བྱས་ནའང༌། རང་ལ་དམག་གྲངས་ཤིན་ཏུ་ཉུང་ཞིང་ཉེ་འཁོར་གྱི་རྒྱལ་ཕྲན་རྣམས་དང་ཕན་ཚུན་མཐུན་སྒྲིལ་མེད་སྟབས་ཀྱིས་དེ་དག་ལ་འཐབ་ཏུ་མི་ཐུབ་པ་དང༌། འོག་གི་འབངས་མི་རྣམས་ས་གནས་གཞན་དུ་བྲོས་བྱོལ་བྱེད་སྙམ་ན་ཡང་རང་གི་དཔོན་གྱི་རྒྱལ་ཕྲན་དེ་དག་གིས་བདག་ཏུ་བཟུང་ནས་འགྲོ་རུ་མི་སྟེར། ཞིང་འབྲོག་གི་ལས་ཀ་བྱེད་ཅིང་ཡུལ་དུ་བསྡད་ན་རྟག་པར་ཕྱི་ཡི་དགྲ་ཇག་གིས་བཙེས་ཏེ་རི་བྲག་སོགས་སུ་བཙན་ས་བཟུང་ནས་སྡོད་དགོས་པ་བྱུང་སྟབས། བཟའ་བཏུང་གི་རིགས་ཆད་དེ་བཀྲེས་སྐོམ་གྱི་སྡུག་བསྔལ་ཚད་མེད་པ་ཞིག་མྱོང་དགོས་པ་བྱུང་བའི་སྐབས་དེར། བོད་ཀྱི་རྒྱལ་པོའི་སྔ་བ་གཉའ་ཁྲི་བཙན་པོ་བྱོན་ནས་དེ་དག་ཕལ་ཆེར་གཅིག་གྱུར་བྱས་ཚུལ་བཤད་ཡོད་པ་འདིས་ནི་སྤུ་རྒྱལ་གྱི་གོང་དུ་བྱུང་བའི་སྤྱི་ཚོགས་ཀྱི་ལམ་ལུགས་དང༌། འབངས་མིའི་འཚོ་བའི་གནས་ཚུལ་རགས་རིམ་ཙམ་ཞིག་སྟོན་ཐུབ།