སྦྲའི་བཟོ་ཐབས།

    བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ།    2013-08-20

སྦྲ་ནི་རྒྱུ་རྩིད་པ་ལས་བཟོས་ཤིང་བོད་ཀྱི་འབྲོག་ཁུལ་ཀུན་ལ་ཁྱབ་པའི་སྡོད་ཁང་ཞིག་སྟེ།བོད་ཀྱི་འབྲོག་པ་དང་རོང་མ་འབྲོག་ལས་ཡུལ་དང་མི་རིགས་གཞན་ན་མེད་པའི་སྡོད་ཁང་ཁྱད་པར་ཅན་ཞིག་ཡིན། སྦྲ་བཟོ་བའི་རྒྱུ་ནི།འཁེལ་འཐག་ལས་འབྱུང་འགྱུར་ལྟར་འབྲི་དང་གཡག་གི་རྩིད་པ་ཁོ་ནས་བཟོ་དགོས་ཏེ།སྲོག་ཆགས་དང་སྒོ་ཕྱུགས་གཞན་གྱི་བལ་སྤུས་མི་འོས་ལ།།རྩིད་པ་ལའང་ཁུལ་འདྲེས་ན་ཁ་དོག་སེར་ཞིང་སྲོག་སྙི་བ་སོགས་ཀྱི་སྐྱོན་ཡོད།དེ་བཟོ་བའི་རྒྱུ་ལ་སྟོན་ཁར་འབྲི་གཡག་ཤེད་བཟང་གི་རྩིད་པ་རྩིང་ཞིང་རིང་བ་འོད་དང་ལྡན་པ་དེ་བྲེག་ནས།དེའི་ཁུལ་སྟེ་སྤུ་འཇམ་ཞིང་ཐུང་བ་རྣམས་བསལ་བའི་ལྷག་མ་དེ་གཡོ་འཁེལ་ཞེས་པའི་འཁེལ་ཐུར་གྱིས་འཁེལ་བ་དེ་རེ་ལྡེའི་རྒྱུ་སྟེ།དེ་འཐག་པའི་རྩིད་སྐུད་ཁོག་སྤེན་གཉིས་ལས་ཁོག་ལ་གཉིས་སྒྲིལ་དང་།སྤེན་ལ་ཁེར་རྐྱ་དགོས་པ་བཞིན་རྩིད་སྐུད་འདང་ངེས་ཤིག་འཁེལ་ཟིན་པ་དང་།འཐག་མཁན་གྱི་སྤང་འཇམ་སྟེང་དུ་དུད་ཚང་རང་གི་སྦྲ་ཆེ་ཆུང་གི་ཚད་ལ་བརྟེན་ནས་ཤིང་གི་ཕུར་པ་ཆེན་པོ་བརྡབས་ཏེ་ཐག་བྲན།སྣས་ནས་དྲངས་ཏེ་འཐག་འགོ་ཚུགས།རེ་ནག་འཐག་པར་ཕྲུག་སྣམ་འཐག་པ་ལྟ་བུའི་ཐག་ཁྲི་མེད་ལ།སྣེ་གཉིས་སུ་སྐུད་པ་འཛིན་བྱེད་ཀྱི་ཕུར་ཆེན་གཉིས་དང་ཐག་གི་ཕྱེད་སྟོད་དུ་སྣམ་སྒྲོག་སྟབས་བདེ་ཞིག་ལས་འཐག་མཁན་གྱི་འདུག་གདན་སོགས་གང་ཡང་མེད་པས་འཐག་མ་ཚར་གྱི་བར་དུ་ལངས་ནས་ཤེད་ཕྱུང་སྟེ་བཏགས་དགོས་པས་ལས་ཀ་ཧ་ཅང་དཀའ་ཚེགས་ཆེ་བ་ཞིག་ཡིན།དེ་ལ་ཐག་འཐག་སྐབས་འཐག་མཁན་གྱིས་ཤེད་ཕྱུང་བདེ་བ་དང་སྒུར་ཚད་ཆུང་བས་རྐེད་པར་མི་གཟེར་བའི་ཆེད་དུ་སྤང་ངོས་འཇམ་ལ་ཅུང་ཟད་གཟར་བའི་ངོས་སུ་བཏག་ནས་བཟང་བར་བཤད་དོ།། བཏགས་ཟིན་པའི་རེ་ལྡེའི་སྤུས་ཀ་བཟང་ཚད་ནི།རྩིད་སྐུད་ལ་སྦོམ་ཕྲ་དང་མདུད་པ་མེད་པ།ཐོག་མཐའ་བར་གསུམ་དུ་ཚགས་དམ་ལ་དམ་ལྷོད་ཀྱི་ཁྱད་པར་མ་ཤོར་བ།ཡ་ཡོ་དང་སོག་ཁ་མེད་ཅིང་གནག་སྣུམ་འོད་དང་ལྡན་པ་དེའོ།།
རེ་ལྡེ་བཏགས་ཟིན་ནས་སྦྲ་བཟོ་བར།སྦྲ་ནི་རུས་སྦལ་གྱི་དབྱིབས་ལྟ་བུ་ཕྱེད་ཀ་མ་གཉིས་རྒལ་བའི་དབུས་ནས་སྦྲེལ་ཏེ་ཕུབ་པ་ཞིག་ཡིན་མོད།སྦྲ་ཆེ་ཆུང་ལ་ཁྱད་པར་ཚེ་ཡང་སྤྱིར་རིང་ཚད་ལ་འདོམ་བཅུ་དང་མཐོ་ཚད་ཀྱི་ཞེང་ལ་རེ་ལྡེའི་ཁ་བཅོ་ལྔ་ཡས་མས་རེ་ཡོད།སྦྲ་ཆེ་ཆུང་གི་ཚད་བརྩི་སྟངས་ལ་ནང་གི་ཀ་ར་བཞི་པ་དང་།ཀ་ར་དྲུག་པ།ཀ་ར་བརྒྱད་པ་སོགས་སུ་འབོད་ལ་ཀ་ར་རེའི་བར་ཐག་འདོམ་དོ་ཙམ་རེ་ཡོད།
 སྦྲ་འཛིན་བྱེད་ཀྱི་ཐག་པ་ལ་ཆོན་ཆེན་དང་ཆོན་ཆུང་གཉིས་ཏེ།སྦྲ་སྒོ་མདུན་རྒྱབ་གཉིས་ཀྱི་ཆོན་ཐག་རིང་པོ་གཉིས་ལ་ཆོན་ཆེན་དང་།ལོགས་ཀྱི་ཆོན་ཐག་སྟེང་འོག་རིམ་པ་གཉིས་ལ་ཆོན་ཆུང་ཞེས་འབོད་ལ།ཆོན་ཐག་གི་རྒྱུ་ནི་རབ་ན་འབྲི་གཡག་གི་རྔ་རྩིད་དང་མ་འབྱོར་ན་རྩིད་པ་རྒྱུ་བཟང་སྣ་རིང་ཞིང་མདོག་ནག་པོ་འོད་དང་ལྡན་པ་དེ་དགོས་ཤིང་།རྩིད་པ་དཀར་པོ་དང་ཁམ་མདོག་ཅན་གྱིས་བཟོ་སྲོལ་མེད།སྦྲའི་ཁ་དོག་ཅི་ཙམ་གནག་སྣུམ་ཅན་ཡིན་ན་དེ་ཙམ་དུ་ལེགས་པར་བརྩི་སྟེ།དེའི་རྒྱུ་མཚན་ནི་གོང་དུ་སྨྲོས་པ་ལྟར་རྩིད་པའི་རྒྱུ་ཅི་ཙམ་བཟང་ན་སྦྲའི་ཚེ་དེ་ཙམ་དུ་ཡུན་རིང་གནས་ཐུབ་ཅིང་།དུད་ཚང་དེ་ལ་གནག་ཕྱུག་ཉུང་ན་རྩིད་ཁུལ་འབེལ་པོ་ཡོང་བའི་ཁོངས་མེད།དེར་བརྟེན་སྦྲ་ཆེ་ཆུང་དང་ཁ་དོག་ལས་དུད་ཚང་དེ་ཕྱུག་དབུལ་གང་འདྲ་ཞིག་ཡོད་ཤེས་ཐུབ་པ་ཡིན། སྦྲ་ཕུབ་པར།སྦྲའི་ཆེ་ཆུང་དང་མཚུངས་པའི་ཆོན་ཐག་དང་ཀ་ར་ཕུར་པ་སོགས་དགོས་ཏེ།སྦྲའི་ནང་གི་ཀ་ར་ལ་དཀྱིལ་ཀ་དང་།སྒོ་མདུན་རྒྱབ་ཀྱི་ཀ་ར་གཉིས་ལ་ཀ་ཆེན་དང་།ལོགས་ཀྱི་ཀ་ར་ལ་ཀ་ར་ཞེས་འབོད་དེ།དཀྱིལ་ཀ་འདེགས་ཡུལ་སྦྲ་ཡ་ཕྱོགས་གཅིག་གི་རྒལ་གོང་ལ་ཤིང་གི་ཆ་རུ་དང་ཕྱོགས་གཅིག་ལ་རྩིད་ཐག་གི་ཁུག་མགོ་ཅན་ཏེ།ཆ་རུ་ཁག་མགོར་སྤྲས་པ་དེར་མི་མང་ཙམ་ཞིག་གིས་ཐོག་མར་དཀྱིལ་ཀ་འདེགས།དེ་འཕྲལ་ཕྱོགས་ཐམས་ཅད་ཀྱི་ཆོན་ཐག་གི་ཕུར་པ་བརྡེག །ཀ་ཆེན་དང་ཀ་ར་རྣམས་རིམ་པ་བཞིན་བཏེགས་ནས་གྲུབ་ལ།སྦྲའི་ངོས་གཉིས་ཀྱི་རྒལ་གོང་དཀྱིལ་ཀ་གདེགས་རྩིད་ཐག་གི་ཁུག་མགོ་དང་ཆ་རུ་སྤྲད་སའི་བར་ཐག་མཐོ་དོ་ཅག་ཞིག་ཡོད་པ་དེ་ནི་སྦྲའི་དཀར་ཁུང་དང་དུ་བ་རྒྱུ་བའི་དུད་ཁུང་ཡང་ཡིན་པས་འབྲོག་པས་དེ་ལ་ཁ་བསུབ་ཅེས་འབོད།དེར་རེ་ལྡེའི་ཁེབས་ཉི་མ་ཤར་དུས་དབྱེ་ཆོག་ལ་ཆར་འབབ་དུས་འདན་ཆོག་པ་རང་འགྲིག་དང་།སྒོའི་ནང་ཕྱོགས་སུ་རེ་ལྡེའི་སྒོ་ཡོལ་རང་འགྲིག་བཅས་ཡོད་དོ།། དེ་ནས་དབྱར་ཁ་ཆར་འབབ་སྐབས་སྦྲའི་ནང་བཞུར་ཆུ་མི་འངོ་བའི་ཆེད་དུ་སྦྲ་མཐའི་ནང་ཕྱོགས་ཀྱི་སྤང་ལ་ཆུ་ལམ་བྲུད།དགུན་ཁར་རླུང་མི་གཡུག་པའི་ཆེད་དུ་སྦྲ་མཐའི་ཕྱི་ཕྱོགས་ནས་མཐའ་སྐོར་དུ་ལྕི་བའི་ལྕགས་རི་བསྐོར་བ་དང་།སྦྲའི་མདུན་རྒྱབ་ཀྱི་ཆོན་ཆེན་ལ་རླུང་རྟ་འདོགས་པ་ནི་བོད་ཙམ་ལས་སྦྲའི་རྒྱུ་རྩིད་པའི་འབྱུང་ཁུངས་འབྲི་གཡག་དང་རེ་ལྡེའི་བཟོ་དེའི་འདུག་ཁང་བཅས་ནི་ཡུལ་གྲུ་དང་མི་རིགས་གཞན་ལ་མེད་ལ།བཟོའི་བཀོད་པ་དང་ལག་རྩལ་པ་གཞན་ཡུལ་ནས་དྲང་མི་དགོས་པ།རྒྱུ་ཆ་རང་གནས་སུ་རྙེད་ཐུབ་ཅིང་།འབྲོག་པའི་དུས་བཞི་རྩྭ་སར་སྤོ་བའི་དགོས་མཁོ་དང་མཐུན་པའི་གནས་ཁང་སྟབས་བདེ་ཁྱད་ཆོད་ཅན་ཞིག་ཡིན།།
  • ལེ་ཚན་སྔོན་མ།:གནམ་སའི་བར་ན་གཟི་བྱིན་གྱི་དྲོད་རླངས་མ་ཡལ་པའི་འབྲོག་པའི་སྦྲ་ཁྱིམ།
  • ལེ་ཚན་རྗེས་མ།:བོད་གུར་གྱི་བཟོ་ཐབས།