ས་བཅད་གཉིས་པ། སྤུ་རྒྱལ་བཙན་པོའི་དུས་རབས་ཀྱི་སྲིད་དབང་གི་ཁྱབ་ཁོངས།

ཐུབ་བསྟན་ཕུན་ཚོགས།        2010-09-08

གཅིག   ས་ཁོངས། 
བོད་ཀྱི་རྒྱལ་རབས་ཆོས་འབྱུང་རྣམས་ལས་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་དར་མ་ ་དུམ་བཙན་པོའི་བར་གྱི་རྒྱལ་རབས་རྣམས་ལ་བོད་སྤྱི་ལ་དབང་བའི་རྒྱལ་པོ་ཞེས་ཡོངས་སུ་གྲགས།      ཡིན་ནའང་ཆོས་རྒྱལ་སྲོང་བཙན་སྒམ་པོས་མངའ་རིས་མན་དང་མདོ་ཁམས་ཡན་གྱི་ཡུལ་སྡེ་ཐམས་ཅད་གཅིག་གྱུར་བྱས་ནས།     ཆེན་པོ་བོད་ཀྱི་རྒྱལ་ཁམས་ཞེས་པའི་བོད་དེ་དང༌།     རྒྱལ་ཕྲན་བཅུ་གཉིས་སོགས་ཀྱི་སྐབས་སུ་གཤེན་རབ་མི་བོ་ཆེ་བྱོན་པའི་ལོ་རྒྱུས་དག་ལས་གསལ་བའི་བོད་ཡུལ་ཞེས་པའི་ལུང་པ་དེ་གཉིས་ཀྱི་རྒྱ་ཁྱོན་ཆེ་ཆུང་གཅིག་ཏུ་བསམ་པ་ནི་མི་འཐད་དེ།      ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཡུལ་དབུས་སུ་རྒྱལ་སྲིད་བཙུགས།    ཕྱོགས་མཐའ་ན་གནས་པའི་ལ་དྭགས་དང༌།    སྟོད་པ།    གཙང་པ།   དྭགས་ཀོང༌།     མདོ་ཁམས་སྟོད་སྨད་སོགས་ཀྱི་ཡུལ་གྲུ་ཐམས་ཅད་རང་གི་སྲིད་དབང་གི་མངའ་ཁོངས་སུ་བཅུག་པ་ལ།     ཡུལ་བྱེ་བྲག་པའི་མིང་སྤྱི་ལ་ཐོགས་ཏེ།    དེ་ཐམས་ཅད་ལ་བོད་ཁམས་ཞེས་པའི་མིང་བྱུང་ཡོད་པ་ནི་དཔེར་ན།     དེང་དུས་རྒྱ་ནག་གི་སྐད་དུ་བོད་སྤྱི་ལ་གཙང་རིགས་ཟེར་བ་བཞིན་ནོ།     །  མཁས་དབང་དགེ་འདུན་ཆོས་འཕེལ་གྱི་《དེབ་ཐེར་དཀར་པོ་》ལས།   “འོན་ཀྱང་རྗེ་གཉའ་ཁྲི་བཙན་པོ་བོད་ཁམས་སྤྱིའི་རྒྱལ་པོ་ཡིན་སོགས་ཀྱི་ཐ་སྙད་ཙམ་ལ་རྨོངས་པར་མི་བྱ་སྟེ།     ཡུལ་གྱི་རྒྱ་ཁྱོན་དང༌།   རྒྱལ་ཁབ་ཀྱི་ས་མཚམས་བྱ་བ་དེ།     དངོས་པོའི་གནས་ཚོད་ལ་རི་མོར་བྲིས་པ་ཞིག་མེད་ཀྱི།     འོ་ན་ཅི་ཞེ་ན།   རྒྱལ་པོའི་དབང་ཤུགས་ཀྱིས་ཅི་ཙམ་དུ་ཁྱབ་པའི་ཕྱོགས་དེ་ཙམ་ཞིག་ལ་ཡུལ་དེའི་ཐ་སྙད་འདོགས་པ་ཡིན་པས།     དེ་དུས་ཀྱི་བོད་ཁམས་བྱ་བ་དེ་ཡང་ཡུལ་ཉི་ཚེ་བ་ཞིག་གི་མིང་ཡིན་པ་ཤེས་པར་བྱའོ།  ”   ཞེས་གསུངས་པ་ལྟར་གནའ་བོའི་དུས་སུ་བོད་ཅེས་པ་དེ་དེང་དུས་ལྷོ་ཁ་ཕྱོགས་ཀྱི་ལུང་པ་འདི་ཙམ་ཞིག་གི་མིང་ཡིན་པར་ངེས་ཏེ།     ཡུམ་བུ་བླ་སྒང་གི་དཀར་ཆག་སོགས་སུ་གཉའ་ཁྲི་བཙན་པོ་སྤུ་བོ་ནས་ཡུལ་བུད་དེ་ཡོང་བའི་ལམ་བར་བྱང་ལམ་གཡའ་ལེ་གོང་དུ་བོད་མི་ཚོས་རྗེ་འཚོལ་བ་དང་འཕྲད་པ་དེ་དག་གིས་གཏམ་དྲིས་པ་དང༌།      ང་སྤུ་བོ་ནས་འོངས།     ད་བོད་དུ་འགྲོ་ཞེས་བཤད་པ་ལ་བརྟགས་ན་བོད་ཅེས་པ་དེ་ཡར་ཀླུང་གི་ཡུལ་འདི་ཙམ་ཞིག་ལ་ཟེར་གྱིན་ཡོད་པར་ངེས།      དེས་ནས་རྒྱལ་པོ་གཉའ་ཁྲི་བཙན་པོ་སྤུ་བོ་ནས་ཡུལ་བུད་དེ་བོད་དུ་ཕེབས།     ཐོག་མར་བོད་ཡུལ་གྱི་རྒྱལ་ཕྲན་རྣམས་དབང་དུ་བསྡུས།       དེ་ནས་རིམ་བཞིན་དུ་རྒྱ་བསྐྱེད་དེ་སྟོད་ཀྱི་ཞང་ཞུང་གི་ཡུལ་གྱི་རྒྱལ་ཕྲན་ཙམ་ལས་གཞན་པའི་དབུས་གཙང་མན་དང་མདོ་ཁམས་ཡན་གྱི་རྒྱལ་ཕྲན་ཐམས་ཅད་རང་གི་མངའ་ཁོངས་སུ་བཅུག་སྟེ་སྤུ་རྒྱལ་བོད་ཀྱི་རྒྱལ་ཁམས་ཞེས་ཡོངས་སུ་གྲགས་པ་དེ་བྱུང་འདུག་ལ།      སྐབས་དེར་བོད་ཅེས་པའི་ཐ་སྙད་དེ་སྤུ་རྒྱལ་བཙན་པོའི་སྲིད་ཀྱི་མངའ་ཁོངས་ཡོངས་ཀྱི་ས་མིང་དུ་ཆགས་ཤིང༌།    དེའི་དུས་སུ་རྒྱལ་ཕྲན་མང་ཆེ་བ་སྤུ་རྒྱལ་བཙན་པོའི་མངའ་ཁོངས་སུ་ཆུད་ཐུབ་ཡོད་པ་ནི་《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས། 
མཚན་དུ་གཉའ་ཁྲི་བཙན་པོ་ཞེས་སུ་གྲགས།   ། 
སྐུ་མཁར་ཐོག་མར་ཡུམ་བུ་བླ་སྒང་མཛད།   ། 
སུམ་པའི་བོན་པོ་ཨོ་ཡོང་རྒྱལ་བ་བཏུལ།   ། 
སྣུབས་རྗེ་སྲིད་པ་རྒྱལ་ཕྲན་འབངས་སུ་འདུས།   ། 
ཞེས་སྣུབས་ཡུལ་དང་སུམ་པའི་ཡུལ་སོགས་དབང་དུ་བྱས་ཡོད་པར་གསལ་བ་དེ་ལྟར་ན་སུམ་པའི་ཡུལ་ནི་དེང་དུས་མདོ་སྟོད་ཀྱི་ས་ཁུལ་འདི་ཡིན་པ་དང༌།     སྣུབས་ཡུལ་ཞེས་པ་རིན་སྤུངས་ཀྱི་ས་ཁོངས་སུ་ཡིན་པ་ཐོས་པས།      དེས་ན་སྤུ་རྒྱལ་བཙན་པོའི་སྲིད་དབང་གི་ཁྱབ་ཁོངས་དེ་དབུས་གཙང་མན་དང་མདོ་ཁམས་ཡན་གྱི་ས་ཆ་དེ་དག་ཡིན་པ་ཁུངས་ལྡན་གྱི་ཡིག་ཚང་ནང་དུ་གསལ་པོར་འཁོད་ཡོད།     གཞན་ཡང་བོད་རྒྱལ་གཉིས་པ་མུ་ཁྲི་བཙན་པོའི་དུས་གསང་སྔགས་ཀྱི་བོན་དར་ཚུལ་བཤད་པའི་སྐབས《བྱམས་མ་》ལས།     “རྒྱལ་པོ་དེའི་དུས་བོན་གྱི་འདུ་གནས་སོ་བདུན་བཙུགས་”ཞེས་དང༌།     ཡང་དེ་ཉིད་ལས།   “དེ་ཡང་འདུ་གནས་སོ་བདུན་ནི་སྒྲ་འགྲེལ་ལས།     དབུ་རུ་ན་བཅུ་གསུམ།   གཡོན་རུ་ན་བདུན།   གཡས་རུ་ན་བརྒྱད།      རུ་ལག་ན་དགུ་བཅས་སོ།      
དབུ་རུའི་བཅུ་གསུམ་ནི།   ངན་ལམ་རལ་གསུམ།    འདམ་ཤོད་སྣར་མོ།   འཕན་ཡུལ་སྲབ་དཀར།   མལ་དྲོ་བ་རབ།     ཤུན་གྱི་བྲག་དམར།   ཧས་པོ་རི་ཐང༌།   ལྷ་ས་ཡེར་པ།   གནམ་གྱི་ར་གད།   གནམ་མཚོ་དོ་རིང༌།   སྟོད་རིས་ལུང་གསུམ།    སྐྱིད་ཤོད་ལུང་ནགརེ་རྐྱང་ཤ་མཐའ།   མཆོག་གོན་རྒྱལ་མོ་ཁང་དང་བཅུ་གསུམ་མོ།        
གཡོན་རུའི་བདུན་ནི།   འོལ་ཀ་ཤུག་གཅིགཉང་ཡུལ་ཤིང་ནགཀོང་ཡུལ་བྲེ་སྣ།    གཡའ་ལུང་གངས་སར།   ཡར་ལུང་སོག་དཀར།     ཀླུམ་ཤོད་ཐང་དཀར།   མལ་དྲོ་མཚོ་ཤོད་དང་བདུན་ནོ།       
གཡས་རུའི་བརྒྱད་ནི།   འུ་ཡུག་ས་ནག    ཤངས་ཀྱི་ཞང་ཚལ།    གྲུད་ཀྱི་མཁར་གདོང༌།     རྟ་ནག་རྒྱང་ཕུ།   འཇད་ཀྱི་རྐྱང་མཁར།    སྟ་བུ་དྲོན་ལྷས།  གཙང་གི་གྱེར་ཕུ།    ཟང་ཟང་ལྷ་བྲག་དང་བརྒྱད་དོ།     
རུ་ལག་གི་དགུ་ནི།   ཉང་སྟོད་སྟག་ཚལ།   ཆུ་མགོ་རྡོ་རིང༌།   མཁར་ཆེན་བྲག་དཀར།     མཚོ་ལྔའི་འདྲིལ་ཆུང༌།   གཉའ་རྩེ་ཐང་ཤོད།   གྲམ་པ་ཁ །   རག་ཟ་ཐང་ཟླམ།   མང་དཀར་མདོ་ཕུག ལྷ་ཡུལ་གྲ་ཐང་དང་དགུའོ།     ”  ཞེས་རྒྱལ་རབས་གཉིས་པ་མུ་ཁྲི་བཙན་པོའི་སྐབས་སུ་བོན་གྱི་འདུ་གནས་ཆེན་པོ་སུམ་ཅུ་རྩ་བདུན་བཙུགས་ཡོད་པ་དང༌།      འདུ་གནས་བཙུགས་པའི་ས་གནས་ཀྱང་དབུས་གཙང་རུ་བཞི་ཐམས་ཅད་ལ་ཡོད་པར་གསལ་བ་འདིས་ཀྱང་སྤུ་རྒྱལ་གཉའ་ཁྲི་བཙན་པོའི་སྐབས་ཀྱི་སྲིད་དབང་གི་ས་ཁོངས་དེ་ཅི་ཙམ་ཞིག་ཡོད་པ་ཕྱོགས་ཙམ་ཤེས་ཐུབ། 
ཞང་ཞུང་གི་རྒྱལ་ཕྲན་དེའང་ཆུ་དང་འོ་མ་འདྲེས་པ་ཇི་བཞིན་སྤུ་རྒྱལ་བཙན་པོའི་མངའ་ཁོངས་སུ་ཆུད་མེད་ནའང་གང་ལྟར་གཉའ་ཁྲི་བཙན་པོ་སོགས་སྤུ་རྒྱལ་རིམ་བྱོན་གྱི་བཀའ་ལ་བརྩིས་ནས་ཞབས་ཞུ་སྒྲུབ་དགོས་པ་ཞིག་ཆགས་ཡོད་པ་ནི།     རྒྱལ་པོ་རྣམས་ཀྱི་སྐུ་གཤེན་ནམ་སྐུ་སྲུང་དུ་ཞང་ཞུང་ནས་བོན་པོ་རེ་བསྐོ་བཞག་བྱེད་དགོས་ཤིང༌།     《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》  ལས།      “རྒྱལ་པོའི་རིམ་གྲོ་པ་ནི།     བོན་པོ་ཅོ་ན་གཤེན་གྱི་ཕྱག་གར་ཚ་དང༌།   འཚེ་མི་གཤེན་བུ་རྒྱལ་ཚ་གཉིས་ཀྱིས་སྐུ་བསྲུངས་སོ།    དེའི་སྲས་མུ་ཁྲི་བཙན་པོ།     བོན་པོ་གཤེན་པོ་ཚེ་རྒྱལ་གྱིས་སྐུ་བསྲུངས་སོ།     དེའི་སྲས་དེང་ཁྲི་བཙན་པོ།    དེའི་དུས་སུ་ཞང་ཞུང་གི་གཤེན་བོན་ཀུན་འདུས་ཐེག་ཆེན་གྱིས་སྐུ་བསྲུངས་སོ།     དེའི་སྲས་སྲིབས་ཁྲི་བཙན་པོ།   ཞང་ཞུང་གཤེན་པོ་ཀུན་རིག་རྒྱལ་པོས་སྐུ་བསྲུངས་སོ།  ”  ཞེས་སོགས་གསལ་བ་འདི་ཡིས་ཤེས་སོ།       
གཞན་ཡང་ལྷ་སའི་གཙུག་ལག་ཁང་གི་མདུན་གྱི་རྡོ་རིང་གི་ངོ་བཤུས་ཡིག་ཚང་ལས།   སྤུ་རྒྱལ་གཉའ་ཁྲི་བཙན་པོའི་སྐབས་ཀྱི་ས་ཁོངས་ཀྱི་ཁྱོན་བཤད་པའི་སྐབས་སུ།   “འཕྲུལ་གྱི་ལྷ་བཙན་པོ་འོ་ལྡེའུ་སྤུ་རྒྱལ།    བོད་ཀྱི་རྒྱལ་པོ་ཆེན་པོ་མཛད་པ་ཡང་དགྲ་ཐབས་མཁས་ནས་ཕྱིའི་དགྲ་བཏུལ་ཏེ།     ཆབ་སྲིད་ནི་ཕྱིར་དབུ་རྨོག་སླར་ཞིང་བཙན་པ་〖 〗  〖 〗ནམ་ཞར་མི་འགྱུར།   བྱིན་མི་ཉམས་པའི་གཡུང་དྲུང་གི་རྒྱལ་པོ་ཆེན་པོ་ནི་ཆེ།     དེའི་ཕྱིར་ལྷོ་ཕྱོགས་ཀྱི་མོན་རྒྱ་གར་དང་ནུབ་ཕྱོགས་ཀྱི་ཏ་ཟིག་དང༌།      བྱང་ཕྱོགས་ཀྱི་དྲུ་གུ་ནེ་སྨེལ་ལ་སོགས་པ།   གཡུལ་〖 〗བསྡོམས་ན།    〖 〗བོར་བྱ་བ་ཀུན་གྱི་〖 〗  〖 〗   〖〗འཕྲུལ་གྱི་ལྷ་བཙན་པོའི་དབུ་རྨོག་བཙན་པོ་དང་〖 〗  〖 〗   〖〗ཏེ་བོར་ནི་མི་གུས་པ་མེད་དེ།    ཕན་ཚུན་དགྱེས་ཤིང་བཀའ་སྩལ་དོ་ཅོག་ཉན་པ་ཡིན།     ཤར་ཕྱོགས་ནི་རྒྱ་འདུག་པ།     ཉི་མ་ཤར་པ་ལོགས་ཀྱི་རྒྱལ་པོ་ཆེན་པོ་སྟེ།     ལྷོ་བལ་གཞན་དང་མི་འདྲ་བར་ཡུལ་བཟང་ཚུག་བཟང་གཙུག་ལག་ཆེ་བས་བོད་དང་ཐབས་ཀྱི་ཟླ་〖 〗   〖 〗   〖〗དོ།  ”ཞེས་ཞང་ཞུང་གི་ཡུལ་དེ་བོད་ཀྱི་ས་ཁོངས་ཡིན་པ་གཞི་གཞག་གི་སྟེང་དུ།     སྤུ་རྒྱལ་བོད་ཡུལ་གྱི་ནུབ་ཕྱོགས་ཀྱི་མཐའ་མཚམས་དེ་ཏ་ཟིག་དང་འབྲེལ་ནས་བཤད་ཡོད་པ་ལས།    ཞང་ཞུང་ཞེས་པ་ཡུལ་གྲུ་ཐ་དད་པ་དང༌།     མི་རིགས་ཐ་དད་པའི་རྒྱལ་ཁབ་ཅིག་ཏུ་བརྩིས་མེད།    དེས་ན་བོད་རྒྱལ་རབས་དང༌།     ཞང་ཞུང་རྒྱལ་རབས་ཞེས་པའི་ཐ་སྙད་ཙམ་ལ་མགོ་བོ་རྨོངས་ནས་མི་རིགས་མི་འདྲ་བའི་རྒྱལ་ཁབ་གཉིས་བྱུང་ཡོད་པར་ངོས་འཛིན་པ་ནི་མི་འཐད་དེ།      མི་རིགས་གཅིག་དེ་ས་ཕྱོགས་ཁག་གཉིས་སུ་གྱེས་ནས་ཚོ་དཔོན་ཆེན་པོ་གཉིས་བྱུང་བ་ཡིན་པའི་ཕྱིར།     དཔེར་ན།     རྒྱ་ནག་ཏུ་སྤྱི་ལོ་220ལོ་ནས་280པའི་བར་དུ་བྱུང་བའི་རྒྱལ་ཁབ་གསུམ་ཞེས་པའི་དུས་རབས་དེ་ལ།     ཝེ།   ཧྲུའུ།     ཝུ།      ཞེས་པའི་རྒྱལ་ཁབ་གསུམ་བྱུང་ཡོད་པ་དེ་དོན་དུ་མི་རིགས་གཅིག་དེ་ཚོ་ཤོག་ཆེན་པོ་གསུམ་དུ་གྱེས་ནས་ཚོ་དཔོན་ཆེན་པོ་གསུམ་ཡིན་པ་བཞིན་ནོ། 
ཡིན་ནའང་རྒྱལ་པོ་གྲི་གུམ་བཙན་པོ་མན་ཆད་ཀྱི་རྒྱལ་རབས་རྣམས་ཀྱི་སྐབས་སུ་སྲིད་དབང་གི་ས་ཁོངས་ལ་འགྱུར་བ་ཅུང་ཟད་རེ་བྱུང་ཡོད་པར་སྣང་སྟེ།    སྤུ་རྒྱལ་གཉའ་ཁྲི་བཙན་པོས་བོད་ཀྱི་རྒྱལ་ཕྲན་མཐའ་དག་གཅིག་གྱུར་བྱས་ནས་སྤུ་རྒྱལ་བོད་ཀྱི་རྒྱལ་ཁབ་ཅེས་པ་དེ་བཙུགས་པས།       ཡུལ་སོ་སོའི་རྒྱལ་ཕྲན་རྣམས་ས་ཁོངས་དང་སྲིད་དབང་རྩོད་རེས་བྱས་ནས་ཕན་ཚུན་དམག་འཁྲུག་བྱེད་པའི་དུས་རབས་ཀྱི་མཇུག་བསྡུས།        དེ་ནས་བཟུང་གནམ་གྱི་ཁྲི་བདུན་གྱི་རིང་ལ་རང་རང་གི་ཡུལ་དུ་ཞིང་འབྲོག་གི་ལས་ཀ་བྱེད་ཅིང་དཔལ་འབྱོར་དང་དམག་དཔུང་ལ་ཡར་རྒྱས་ཀྱི་ཤུགས་སྣོན་བྱེད་རྒྱུའི་གོ་སྐབས་བྱུང་ཡོད་སྟབས།     རྒྱལ་ཕྲན་ཁ་ཤས་ཀྱི་ཡུལ་དུ་ཕྱོགས་གང་ཐད་ནས་སྟོབས་ཤུགས་ཆེན་པོར་ཆགས་ཡོད་པ་དང༌།     དེ་དག་གི་ནང་དུ་སྤུ་རྒྱལ་གྱི་མངའ་ཁོངས་ལས་ཟུར་དུ་གྱུར་པའི་རྒྱལ་ཁབ་ཅིག་འཛུགས་རྒྱུའི་རེ་བའི་རྒྱལ་ཕྲན་ཡང་འགའ་ཞིག་བྱུང་ཡོད་པ་ནི།          རྒྱལ་པོ་གྲི་གུམ་བཙན་པོ་བཀྲོངས་ནས་སྤུ་རྒྱལ་གྱི་སྲིད་དབང་འཕྲོག་མཁན་འབངས་ལོ་ངམ་རྟ་རྫི་ཞེས་པ་དེའང༌།        སྔར་རྒྱལ་ཕྲན་བཅུ་གཉིས་སྐབས་ཀྱི་རྒྱལ་ཕྲན་ཞིག་གི་རིགས་རུས་ཡིན་པ་《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་》  ལས།   “ཁྱོད་སྤྱི་ཕུད་ཀྱི་རྒྱལ་པོ་ཆེན་པོ་ཡིན། 
བདག་རྒྱལ་ཕྲན་བཅུ་གཉིས་ཀྱི་ཡ་བ་ཡིན།    རྒྱལ་འབངས་འཁྲུག་པ་ག་ལ་འོས།  ”ཞེས་གསལ་བ་དང༌།    གྲི་གུམ་བཙན་པོ་དང་ལོ་ངམ་གཉིས་བཞུགས་ཡུལ་ཡང་ཐ་དད་ཡིན་པ་ནི།    རྒྱལ་པོ་གྲི་གུམ་བཙན་པོའི་བཞུགས་ཡུལ་ནི་སྤུ་རྒྱལ་གོང་མ་རྣམས་ཀྱི་བཞུགས་ཡུལ་ཡར་ཀླུང་གི་སྐུ་མཁར་ཡུམ་བུ་བླ་སྒང་དུ་བཞུགས་ཡོད་པ་སྨོས་མ་དགོས་པ་དང༌།     ལོ་ངམ་ནི་གཙང་གི་ཡུལ་དུ་བཞུགས་ཡོད་པ་གསལ་ཏེ།     རུ་ལས་སྐྱེས་དང་སྤུ་ལྡེའུ ་གོང་རྒྱལ་གཉིས་ཀྱིས་དམག་དྲངས་ནས་ལོ་ངམ་བཏུལ་བའི་སྐོར་《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་》ལས།   “དེར་རུ་ལས་སྐྱེས་ཀྱིས་སྤུ་ལྡེའུའུ་སྤྱན་དྲངས་རྒྱལ་མཁར་ཕྱིང་བ་སྟག་རྩེར་རྒྱལ་སར་བཏོན།     དབུས་ཀྱི་འབངས་རྣམས་ཀྱིས་རུ་ལས་སྐྱེས་ཀྱང་རྒྱལ་སར་བཏོན་ཏེ་རྒྱལ་ཕྲན་བྱས།     མིང་རྒྱལ་པོ་ཁྲི་སྨོན་བཟུང་དུ་བཏགས།         དེ་ནས་གཙང་དུ་དམག་དྲངས་པས་གཙང་འབངས་རྣམས་ཀྱིས་ཀྱང་ངེད་ཀྱི་རྗེ་བྱོན་ཟེར་ནས་དམག་སྣ་ནང་དུ་དྲངས་ཏེ་ཤམ་པོ་རྩེ་ནས་ཕབ།      ལོ་ངམ་ཕ་བུ་དམག་སྟོང་དང་བཅས་པ་གྲི་རུ་བསད་དོ།     ”  ཞེས་དང༌།    《མཁས་པའི་དགའ་སྟོན་ལས།      “ཉང་རོ་ཤམ་པོ་མཁར་གྱི་ཕ་རི་ལ་བྱ་རྒོད་ཀྱི་ཚང་ཡོད་པས་བྱ་རྒོད་ཀྱི་གསེབ་ཏུ་ཞུགས་ཏེ་ཉང་རོ་ཤམ་པོ་མཁར་རྩེ་ནས་ཕབ།      ལོ་ངམ་ཕོ་བརྒྱ་མོ་བརྒྱ་བསད་སྐད།      ཅེས་འཁོད་ཡོད་པ་དང༌།     གཞན་ཡང་བློན་པོ་ལོ་ངམ་གྱིས་རྒྱལ་པོ་གྲི་གུམ་བཙན་པོ་བཀྲོངས་པའི་ཡུལ་དེའང་འདི་ཡིན་པར་གསལ་ཏེ《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས།   ཀ་བཀོལ་མ་ལས་ཁ་ཆེའི་རྒྱལ་པོ་དང་གཡུལ་སྤྲད་ནས་བོད་རྒྱལ་ནས་ལོག་པའི་ལམ་ཁ་ཆེའི་མི་ལུས་པ་གཅིག་ན་རེ།     བོད་ཀྱི་དཔའ་བོས་གཞུ་ཀ་བ་ཙམ་ལ་མདའ་འཕྱག་མ་ཙམ་འཕེན་པ་བྱུང༌།     ཕ་ཀི་ན་ཟེར་ནས་ཕ་བོང་ན་སྡེམ་མི་འདུག་པ་དམག་མི་ཚོས་མཐོང་བས།     ལ་ལ་ན་རེ་རྒྱལ་པོ་ཡིན་ཟེར།   ལ་ལ་ན་རེ་འབངས་ལོ་ངམ་རྟ་རྫི་ཡིན་ཟེར་བས་དེ་གཉིས་གང་ཡིན་བརྟག་པའི་སྙན་ཕྲ་བཅུག་པས་རྒྱལ་པོས་རྩལ་འགྲན་ཟེར་བ་ལ་ལོ་ངམ་གྱིས་ངས་མ་ཐུབ་ན་ང་ལ་ཆད་པ་ཡོང་སྙམ་ནས་གྱ་ལོག་སྨྲས་ཟེར།    གང་ནའང་ཉང་རོ་རྩིབས་ཀྱི་ཐལ་དུ་སྐར་མ་ས་རི་ས་ག་ལ་འཐབ་དུས་བཏབ།  ཅེས་དང༌།     ཡང༌།   རྒྱལ་ཕྲན་ལོ་ངམ་རྟ་རྫི་བྱ་བ་ལ།     འཐབ་ཟླ་བཅོལ་ཏེ་འཐབས་པས་གྲི་རུ་བཀྲོངས།     ཟངས་ཀྱི་གའུ་སྤུར་བཅུག་ལྕགས་གཟེར་བཏབ།     ཉང་ཆུ་སྐྱ་མོའི་ནང་དུ་བོར་བར་གྱུར།    ”ཅེས་བྲིས་ཡོད་པ་དེ་ནི་《མྱང་ཆོས་འབྱུང་》དུ།     མྱང་སྟོད་སྟག་ཚལ་ཞེས་བྲིས་པ་དེང་སང་གཙང་གི་རྒྱལ་རྩེའི་ས་ཁོངས་སུ་ཡོད་པ་འདི་རེད།      རྟ་རྫི་ཞེས་པའི་ཐ་སྙད་ཙམ་ལ་བསམས་ནས་རྒྱལ་པོའི་ཉེར་འཁོར་ཞིག་ཏུ་སྡོད་ཅིང་ཉིན་རྟག་པར་རྟ་རྫི་ལ་འགྲོ་བའི་མི་སྤྱིར་བཏང་བ་ཞིག་ཡིན་པར་སེམས་པ་ནི་མི་འཐད་དེ།     རྟ་པ་དང༌།      ནོར་མ་ཞེས་རྒྱལ་པོ་མངའ་ཁོངས་ཀྱི་འབྲོག་ལས་ཐོན་སྐྱེད་བྱེད་པའི་སྡེ་ཤོག་གི་མིང་ཡིན་ལ།     རྟ་དཔོན་དང༌།      ནོར་དཔོན་ཞེས་པ་ཡུལ་གྲུ་དེ་དག་གི་མགོ་དཔོན་གྱི་གོ་གནས་ཀྱི་མིང་ཡིན་པ་ལས་ནོར་ཕྱུགས་ཁོ་ན་ལ་འཚོ་རྫི་བྱེད་པའི་མི་ཞིག་གི་མིང་མ་ཡིན་པ་ནི་དེང་དུས་ཞལ་བཞུགས་པའི་གནའ་མི་རྒན་པོ་འདི་དག་ལ་དྲིས་ན་ཤིན་ཏུ་གསལ།      དེ་ལས་གཞན་པའི་སྟོབས་འབྱོར་དང་མངའ་ཐང་རྒྱས་པའི་རྒྱལ་ཕྲན་གཞན་ཡང་བྱུང་ཡོད་པ་ནི།      གཙང་པ་རྒྱལ་ཕྲན་ལོ་ངམ་གྱིས་གྲི་གུམ་བཙན་པོ་བཀྲོངས་ནས་རྒྱལ་སྲིད་འཕྲོག་པའི་སྐབས་སུ་རྒྱལ་སྲས་གསུམ་པོ་རང་གི་མངའ་འོག་གི་རྒྱལ་ཕྲན་རྣམས་ཀྱི་ནང་དུ་བྲོས་ནས་བཙན་ས་བཟུང་ཡོད་པའི་ཚུལ《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས།   
ལྷ་སྲས་མཆེད་གསུམ་ཡབ་ཀྱི་དཀོར་མཛོད་ནས།    ། 
ལྷ་ཡི་གླང་བུ་ཅེའུ་རུ་དཀར་ཞེས།   ། 
འཕུར་ཤེས་ཞོན་ནས་ཀོང་པོའི་ཡུལ་དུ་བྲོས།    ། 
གཅེན་པོ་ཤ་ཁྲིས་ཀོང་གི་རྗེ་བོ་མཛད།   ། 
འབྲིང་པོ་བྱ་ཁྲིས་པོ་བོའི་མངའ་དབང་མཛད།    ། 
ཆུང་བ་ཉ་ཁྲིས་ཉང་པོའི་རྗེ་མཛད་སྐད།    ། 
ཅེས་གསུངས་ཡོད་པ་འདི་དག་ལ་གཞིགས་ན།     ཀོང་པོའི་ཡུལ་དེ་སྤུ་རྒྱལ་གཉའ་ཁྲི་བཙན་པོའི་འཁྲུངས་ཡུལ་ཡིན་སྟབས་གཉའ་ཁྲི་བཙན་པོས་བོད་སྤྱི་ལ་དབང་བསྒྱུར་བྱས་པའི་རྗེས་སུ།      སྤུ་བོའི་ཡུལ་གྱི་སྲིད་དབང་དེ་སྤུ་རྒྱལ་རང་གི་གཉེན་ཚན་ཞིག་གིས་བཟུང་ཡོད་པ་ནི་སྨོས་མ་དགོས།     དེས་ན་སྲས་གསུམ་པོ་ཡུལ་དེ་དག་ཏུ་བྲོས་བྱོལ་བྱས་མ་ཐག་ཏུ་ཡུལ་དེའི་རྗེ་བོར་བཀུར་བའི་རྒྱུ་མཚན་ཡང་དོན་དེ་ཡིན་པ་དང༌།     ཡུལ་དེའི་དཔལ་འབྱོར་དང་དམག་ཤུགས་ཀྱང་རྒྱལ་ཕྲན་ལོ་ངམ་ལས་མི་དམན་པ་ཞིག་ཡོད་པ་གནས་ཚུལ་གོང་སྨྲས་ཀྱི་སྟེང་ནས་ར་འཕྲོད་བྱུང་འདུག   གྲི་གུམ་བཙན་པོས་བོན་བསྣུབས་པའི་རྒྱུ་མཚན་དེའང་བོན་གྱི་སྐུ་གཤེན་རྣམས་ཀྱིས་སྲིད་ལ་ཇུས་གཏོགས་བྱེད་དྲགས་པས་ཡིན་པར་གསལ་ཏེ《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་》ལས།    “རྐྱེན་ནི་བསྒྲགས་བྱང་ལས།   ཆེ་གསུམ་དབང་གིས་མེ་འབར་བ།    །  ཆུང་གསུམ་ཕྲ་མའི་ཤིང་བསྣན་ནས།   ཞེས་པ་ལྟར།   རྒྱལ་པོ་ནི་ཀུན་གྱི་གཙོ་བོར་གྱུར་པས།     མངའ་ཐང་གིས་དྲེགས་ཆེ་སྟེ་ང་རྒྱལ་གྱི་མེ་འབར།    བློན་པོ་ནི་བློས་དྲེགས་ཆེ་སྟེ་ཕྲག་དོག་གི་མེ་འབར་ཞིང༌།    ཆུང་གསུམ་ནི་བློན་པོ་ལ་སོགས་པས་ཕྲ་མ་སྐྱེལ་བ་དང༌།     རྒྱལ་པོའི་ཐུགས་ལ་གདོན་ཞུགས་པ་དང༌།     བོད་འབངས་ཀྱི་ཁ་སྨྲས་ངན་པ་མཆེད་པ་སྟེ་གསུམ་པོ་མེའི་སྟེང་དུ་ཤིང་བསྣན་པ་ལྟ་བུར་གྱུར་ནས་གཡུང་དྲུང་གི་བོན་ནུབ་བོ།     དེ་ཡང་ཕྲ་མ་ཇི་ལྟར་བཅུག་པ་ནི།     བློན་པོ་ལི་བཙན་བཞེར་ན་རེ།   རྗེ་རྒྱལ་ལགས། 
བོན་པོ་མགོ་མཐོ་ན་རྗེའི་མངའ་ཐང་ཁྱེར།   ཞེས་པ་ལ་སོགས་དང༌།     བློན་པོ་ཟིང་པ་རཏ་ན་བྱ་བ་ན་རེ།   རྗེ་ལགས།        གཤེན་པོ་རྣམས་མཐའ་རུ་སྤྱུགས་པའི་བཀའ་མཆིད་གསུངས་པ་ཞུ།    ཞེས་སོགས་དང༌།        རྒྱ་གར་གྱི་སྤྲང་པོ་རྒྱལ་ཁམས་སུ་འཁྱམས་པ་རཏ་ན་སིང་དྷི་བྱ་བ་ཞིག་ཀྱང་ད་ལྟ་རྒྱལ་གཤེན་དང་དོ་མཉམ་པ་ཙམ་གདའ་སྟེ།      སྲས་དབོན་རྣམས་ཀྱི་སྐུ་རིང་ལ་རྒྱལ་སྲིད་བོན་པོས་ཁྱེར་བར་མཆིའོ།      ཞེས་སོགས་ཀྱི་ཕྲ་མ་རྒྱལ་གཤེན་གྱི་བར་དུ་བཅུག་གོ”  ཞེས་དང༌།   ཡང་དེ་ཉིད་ལས།   “དེར་རྒྱལ་པོས་གཤེན་པོ་རྣམས་བསགས་ཏེ་གསུངས་པ།     སྐུ་གཤེན་རྣམས་གསོན་དང༌།   ང་ཡི་རྒྱལ་སྲིད་དང༌།         ཁྱོད་ཀྱི་བོན་སྲིད་གཉིས་ཙམ་མངའ་རིས་འདི་རུ་མི་ཤོང་བ་འདྲ་བས།     ལྷ་བོན་སྒོ་བཞི་དང༌།   གེ་ཁོད་ཐིས་འཕེན་དང༌།    གཅོ་གྱིམ་བུ་ལན་ཚ་རྣམས་བདག་གི་སྐུ་སྲུང་དུ་བཞག་འཚལ།     ཕྱི་མ་རྣམས་བོད་རུ་བཞི་ལས་འདས་པར་གཤེགས་ཤིག”ཅེས་གསུངས་ཡོད་པ་དང༌།     བོན་བསྣུབས་པའི་ཡུལ་གྱི་གཙོ་བོ་ཡང་གཙང་གི་ཡུལ་ཡིན་པ་གསལ་ཏེ།     ཡང་དེ་ཉིད་ལས།    “ཁ་ཅིག་གིས་གཙང་དུ་ནུབ་ལ་དབུས་སུ་མ་ནུབ་བཤད།       ཁ་ཅིག་གིས་བོད་ཁོ་ནར་ནུབ་པར་བཤད་དེ།    དེ་ཡང་ལུང་གཏན་ཚིགས་ཆེ་བས་ལུང་ལས་གསལ་བ་ལྟར་ན།      བསྒྲགས་བྱང་ལས།   དེ་གཙང་དུ་ནུབ་པ་ལས་དབུས་མན་ཆད་དུ་མ་ནུབ།     ཅེས་དང༌།   འགྲེལ་པ་ལས།   དབུས་ཀྱི་ས་སྐོར་དུ་བོན་མ་ནུབ་པར་སྤྱོད།     ཅེས་དང༌།   དབང་ཆེན་ལས།     བོད་ཀྱི་ས་སྐོར་དུ་སྲིད་པའི་བོན་ཐང་ཅིག་ནུབ།    ཅེས་པའི་ལུང་དང་པོ་གཉིས་ཀྱིས་གཙང་དུ་ནུབ་པར་བཤད་ཅིང༌།       ཕྱི་མས་ནི་བོད་ཀྱི་ས་སྐོར་དུ་འབྲས་བུའི་བོན་ནུབ་པ་ལ་དགོངས་སམ་སྙམ།    ”ཞེས་སོགས་བྲིས་འདུག  དེས་ན་གཙང་གི་རྒྱལ་ཕྲན་ལོ་ངམ་གྱིས་སྤུ་རྒྱལ་གྱི་མངའ་ཁོངས་ལས་འདའ་བའི་ཐབས་ཇུས་བཤམས་ཚེ།     བོན་གྱི་སྐུ་གཤེན་རྣམས་ཀྱིས་སྔར་རྒྱལ་ཕྲན་སོ་སོའི་སྐབས་ཀྱི་ལོ་རྒྱུས་ཀྱི་ཡིག་ཚང་སོགས་ལ་ཁུངས་བཅོལ་ནས།     དོན་དེ་ལ་རྒྱབ་སྐྱོར་གནང་བའི་གསུངས་དང་མཛད་སྤྱོད་སོགས་སྤེལ་སྟབས་གྲི་གུམ་བཙན་པོས་བོན་སྤྱི་ལ་མགོ་གནོན་དང༌།     བྱེ་བྲག་གཙང་ཕྱོགས་ཀྱི་བོན་པོ་དག་བསྣུབས་ཏེ།       ཏ་ཟིག་ཡུལ་གྱི་ཕྱི་པའི་ཆོས་ལུགས་ཤིག་བོད་དུ་བསྒྱུར་ནས་དེ་ལ་མཆོད་པའི་སྲོལ་དར་བ་ཞིག་ཀྱང་བྱུང་འདུག     ཕྱིས་སུ་བོན་པོ་ཚོས་སྟག་གཟིག་ལ་ཁུངས་བཅོལ་བའི་རྒྱུ་མཚན་ཡང་དེ་དུས་ཀྱི་ལོ་རྒྱུས་ལ་གཞི་བཟུང་ཡོད་པ་འདྲ།       ལོ་ངམ་གྱིས་རྒྱལ་པོ་བཀྲོངས་པའི་སྐོར་ལ་བྱིས་པ་དགའ་བའི་གཏམ་རྒྱུད་ལྟ་བུ་ཞིག་བཤད་སྲོལ་བྱུང་འདུག་ཀྱང་དོན་དུ་གོང་གསལ་མཁས་པའི་དགའ་སྟོན་གྱི་ལུང་ལྟར།      གྲི་གུམ་བཙན་པོས་ཁ་ཆེའི་རྒྱལ་པོ་དང་གཡུལ་སྤྲད་ནས་རྒྱལ་ཁ་ཐོབ་སྟེ་ཕྱིར་ལོག་པའི་ལམ་བར་གཙང་མྱང་ཡུལ་དུ་སླེབས་པ་དང༌།      བློན་པོ་ལོ་ངམ་གྱིས་གཡོ་ཐབས་གྱིས་བསུ་བ་བྱས་ཏེ་བཀྲོངས་ཡོད་པ་གསལ་ཏེ《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་》ལས།   “དེའི་ཚེ་ལོ་ངམ་གྱིས་རྒྱལ་པོ་ལ་ཞུ་ཡིག་ཕུལ་ཏེ་འོ་སྐོལ་གཉིས་ལ་རྗེ་འབངས་ཀྱི་ཁྱད་འདུག་པས་སྔོན་དུ་ངས་ཁྱོད་ལ་བསུ་བ་ཞིག་བགྱི།     དེའི་རྗེས་གང་གསུངས་ཀྱི་སྐྱོ་སངས་བགྱིའོ།     ཞེས་སྤྲིངས་པས།     རྒྱལ་པོས་ཀྱང་ཁོས་ཟེར་བ་བདེན་གསུངས་ནས།   འོ་སྐོལ་གཉིས་མི་མཉམ་པས་ཁྱོད་ཀྱིས་དང་པོ་ང་ལ་བསུ་བ་གྱིས་ཤིག་དང་དེ་ནས་འཁྲུག་པ་ཡང་བྱ་དགོས་ཟེར་རོ།      དེར་ལོ་ངམ་གྱིས་སྒྲ་དང་རོལ་མོས་བསུ་བ་བྱས།     ”ཞེས་སོགས་འཁོད་པ་ལྟར་རོ།      དེ་ལྟར་ཡིག་ཚང་རྙིང་པ་རྣམས་སུ་འཁོད་པའི་ལོ་རྒྱུས་ཀྱི་དོན་དངོས་རྣམས་མདོ་གཅིག་ཏུ་དྲིལ་ནས་བཤད་ན།  སྤུ་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོས་རྒྱལ་ཕྲན་སིལ་མ་བཞི་བཅུ་དེ་དག་གཅིག་གྱུར་བྱས་ནས།     རྒྱལ་ཕྲན་རྣམས་ཀྱི་བར་ཕན་ཚུན་རྩོད་གླེང་དང་དམག་འཁྲུག་གི་མཇུག་བསྒྲིལ་ཏེ་རྒྱལ་རབས་བདུན་ཙམ་གྱི་རིང་ལ་སྤུ་རྒྱལ་བཙན་པོའི་བཀའ་འོག་ཏུ་རང་རང་གི་ཡུལ་དུ་དཔལ་འབྱོར་དང་དམག་ཤུགས་ཡར་རྒྱས་གཏོང་བའི་གོ་སྐབས་བྱུང་ཡོད་སྟབས།     མངའ་འོག་གི་རྒྱལ་ཕྲན་དེ་དག་སྟོབས་ཤུགས་ཆེན་པོར་ཆགས་ཏེ།      རྒྱལ་པོ་གྲི་གུམ་བཙན་པོའི་སྐབས་སུ་གཙང་གི་རྒྱལ་ཕྲན་ལོ་ངམ་གྱིས་སྤུ་རྒྱལ་བཙན་པོའི་མངའ་ཁོངས་ལས་ཟུར་དུ་རྒྱལ་ཁབ་ཅིག་འཛུགས་རྒྱུའི་ཐབས་ཇུས་བཤམས་ཚེ།      གཙང་ཕྱོགས་ཀྱི་བོན་གཤེན་རྣམས་ཀྱིས་སྔོན་གྱི་ལོ་རྒྱུས་ཀྱི་ཡིག་ཚང་དག་ལ་ཁུངས་བཅོལ་ནས་ལོ་ངམ་གྱི་གྲོགས་སུ་ཆབ་སྲིད་ཀྱི་ཇུས་གཞི་བཏོན་པས།     སྤུ་རྒྱལ་བཙན་པོས་བོན་གྱི་དབང་ཤུགས་བཅག་ཅིང་གཙང་ཕྱོགས་ཀྱི་བོན་པོ་རྣམས་མཐར་བསྐྲོད་གནང༌།    སྟག་གཟིག་ཡུལ་གྱི་ཆོས་ལུགས་ཤིག་བོད་དུ་བསྒྱུར་ནས་དེ་ལ་མཆོད་པའི་གནས་བྱས།     ཁ་ཆེའི་རྒྱལ་པོ་ལ་དམག་དྲངས་ཏེ་དཔུང་འཇུག་བྱས་པས་རྒྱལ་ཁ་ཐོབ་ནས།       ཕྱིར་ལོག་པའི་ལམ་བར་གཙང་གི་མྱང་ཡུལ་དུ་སླེབས་པ་དང༌།     བློན་པོ་ལོ་ངམ་གྱིས་གཡོ་ཐབས་ཀྱི་བསུ་བའི་མཛད་སྒོའི་ཁྲོད་དུ་མདའ་འཕངས་ཏེ་རྒྱལ་པོ་བཀྲོངས།     སྤུར་ཟངས་ཀྱི་ག འི་ནང་དུ་བཅུག་སྟེ་ཉང་ཆུ་ནང་དུ་བསྐྱུར།     དམག་རྣམས་ཕམ་པར་བྱས་ཏེ་སྤུ་རྒྱལ་བཙན་པོའི་རྒྱལ་སྲིད་འཕྲོག  སྲས་གསུམ་པོ་སྤུ་ཀོང་སོགས་རྒྱལ་ཕྲན་རྣམས་ཀྱི་ཡུལ་དུ་བྲོས་བྱོལ་གནང་བས།     ཡུལ་དེ་དག་གི་རྗེ་བོར་བཀུར།     བཙུན་མོ་གཡོག་ཏུ་བཀོལ།     སྲས་མོ་ཆུང་མ་བྱས་ནས་ལོ་བཅུ་གསུམ་ཙམ་གྱི་རིང་ལ་སྤུ་རྒྱལ་གྱི་རྒྱལ་སྲིད་ལོ་ངམ་གྱིས་བཟུང༌།     དེའི་རྗེས་རྒྱལ་པོ་གྲི་གུམ་བཙན་པོའི་གཉེན་ཚན་དུ་གྱུར་པ་བཀྲགས་ཀྱི་རུས་ལ་གཏོགས་པའི་དབུས་ཀྱི་རྒྱལ་ཕྲན་བློན་པོ་རུ་ལས་སྐྱེས་ཀྱིས་སྤོ་བོའི་ཡུལ་ནས་སྲས་འབྲིང་བ་བྱ་ཁྲི་གདན་དྲངས་ཤིང་ཁོང་གཉིས་དཔུང་བསྡེབས་ཏེ་གཙང་དུ་དམག་དྲངས།      ལོ་ངམ་འཁོར་གྱི་དམག་མི་སྟོང་ཚོ་དང་བཅས་པ་བསད་ནས།       སླར་ཡང་སྤུ་རྒྱལ་རང་གི་གདུང་རྒྱུད་བྱ་ཁྲིས་བོད་ཀྱི་སྲིད་བསྐྱངས།    མཚན་སྤུ་དེ་གུང་རྒྱལ་ཞེས་གསོལ།     དེའི་མཇུག་གི་རྒྱལ་རབས་རྣམས་ཀྱི་རིང་ལ་སྲིད་དབང་གི་ས་ཁོངས་ལ་འགྱུར་བ་ཅུང་ཟད་རེ་བྱུང་ཡོད་པར་ངེས་ཀྱང༌།     དེ་དག་གི་སྐབས་ཀྱི་དཔྱད་གཞིའི་ཡིག་རིགས་ཉུང་སྟབས་ཁ་གསལ་བ་ཞིག་བཤད་དཀའ་འོ།     
རང་རེས་ཤེས་ཚོད་ཅིག་ལ་སྟག་རི་གཉན་གཟིགས་ཀྱི་སྐབས་སུ་བོད་ཀྱི་ཡུལ་འདིར་སྤུ་རྒྱལ་གྱི་མངའ་ཁོངས་སུ་མ་འདུས་པའི་རྒྱལ་ཕྲན་འགའ་ཞིག་ཡོད་པར་གསལ་བ་ནི།   《དེབ་ཐེར་དཀར་པོ་》རུ་དྲངས་པའི་‘ཏུང་ཧོང་གི་ཡིག་ཚང་’དེའི་དོན་གོ་བདེ་བར་སྨྲས་ན།    མཁར་ཕྱིང་བ་སྟག་རྩེ་ན།    རྒྱལ་པོ་སྟག་རི་གཉན་གཟིགས་བཞུགས་ཡོད་པ་དང༌།     ཉེན་ཀར་རྟིང་བ་ན།     ཟིང་པོ་རྗེ་སྟག་སྐྱ་བོ་ཞེས་པ་ཞིག་ཡོད་ཅིང༌།    སྤུར་བའི་ཡུ་སྣ་རུ།   རྗེ་དེའི་འབངས་མི་ཁྲི་ཚོ་གསུམ་ཡོད།     ཟིང་རྗེ་སྟག་སྐྱ་བོ་དང༌།   བློན་པོ་གཉན་འཛི་ཟུང་གཉིས་ཀྱིས་ངན་སྤྱོད་སྣ་ཚོགས་ཀྱིས་བློན་འབངས་རྣམས་ལ་གཉའ་གནོན་བྱེད་བཞིན་ཡོད་པར།   གཉན་འཛི་ཟུང་གི་ཆུང་མ་པ་ཚབ་བཟས།    མྱང་ཙེང་སྐུ་ལ་བརྙས་བཅོས་བྱེད་དྲགས་པ་མ་བཟོད་ནས་རྗེ་ལ་ཞུས་ཀྱང༌།     རྗེ་ཡིས་དེ་བཞིན་བྱེད་ཆོག་པའི་བཀའ་ཕབ།    སྐབས་དེར་ཟིང་པོ་རྗེའི་བློན་འབངས་དབའ་ཏོ་རེ་ཁྲུ་གུ་དང༌།    གཤེན་ཁྲི་གཞེར་འདོན་ཀོང་གཉིས་འཐབ་པས་གཤེན་གྱིས་དབའ་བསད།      དབའ་ཡི་ཕུ་བོ་ཕངས་ཏོ་རེ་དབྱི་ཚབ་ཀྱིས་ནུ་བོ་བསད་པའི་སྟོང་དགོས་ཚུལ་རྗེ་ལ་ཞུས་ཀྱང༌།     ཟིང་པོ་རྗེ་ཡིས་གཤེན་གྱི་ཕྱོགས་སུ་བྱས་ནས་སྟོང་མཇལ་མི་དགོས་པའི་བཀའ་ཕབ།     དེ་ནས་མྱང་ཙེང་སྐུ་དང༌།     དབའ་དབྱི་ཚབ་གཉིས་ཀ་ཟིང་རྗེ་ལ་ཡིད་ཆད།      བློ་ལོག་སྟེ་མཁར་ཕྱིང་བ་སྟག་རྩེ་ན་རྒྱལ་པོ་སྟག་རི་གཉན་གཟིགས་ཀྱི་དྲུང་དུ་ཕྱིན་ཏེ་མགོ་འབུལ་ཞུས།      ཟིང་པོ་རྗེ་ལ་དགྲ་ལན་སྤྲོད་རྒྱུའི་རེ་བ་བྱས་ཀྱང༌།      དགྲ་ལན་མ་གློན་པའི་གོང་དེར་སྟག་རི་གཉན་གཟིགས་གྲོངས།     རྒྱལ་པོ་ལ་སྲས་སློན་བཙན་དང༌།     སློན་ཀོལ་གཉིས་ཡོད་པ་དེ་གཉིས་ཀྱིས་མྱང་ཙེང་སྐུ་དང༌།   དབའ་དབྱི་ཚབ།         དབའ་མྱེས་སྣང༌།    དབའ་བུ་ཚབ།   མནོན་མགྲོན་པོ།   ཆེས་པོ་ནགས་སེང་དྲུག་ལ་མནའ་དཔང་བཙུགས་ཏེ་ད་ནས་བཟུང་སྤུ་རྒྱལ་གྱི་བཀའ་ལ་བརྩི་བའི་ཁས་ལེན་བྱེད་བཅུག་ནས་གྲོགས་དན་བྱེད་རྒྱུའི་ཞལ་བཞེས་གནང༌།     དེ་ནས་དུས་ཆད་བྱས་ཏེ།   གཅུང་སློན་ཀོལ་དང༌།       ཡུམ་སྟོང་བཙུན་གཉིས་ལ་རྒྱལ་སྲིད་ཀྱི་གཉེར་ཁ་བཏད།    བཙན་པོ་ཁྲི་སློན་བཙན་རང་ཉིད་ཀྱིས་དམག་དཔོན་བྱས་ཏེ་དམག་ཁྲི་གཅིག་ཁྲིད་ནས་ཟིང་པོ་རྗེ་བསད།     ཡུལ་ངས་པོ་ཞེས་པ་དེ།     འཕན་ཡུལ་ཞེས་མིང་སྤོས།     མྱང་དབའ་མནོན་སོགས་བཞི་པོ་རང་གི་བློན་གྲལ་དུ་བཅུག་ཅིང་ཡུལ་དེ་དག་གི་དཔོན་དུ་བསྐོས།     རྒྱལ་པོ་དེའིརིང་ལ་ཁྱུང་པོ་སྤུང་སད་ཟུང་ཙེས་གཙང་བོད་ཀྱི་རྒྱལ་པོ་མར་མུན་མགོ་བཅད་དེ།      གཙང་གི་དུད་ཁྱིམ་ཁྲི་གཉིས་ཁྲི་སློན་བཙན་ནམ་གནམ་རི་སྲོང་བཙན་གྱི་ཕྱག་ཏུ་ཕུལ་བས་བཙན་པོ་དགྱེས་ནས་གཙང་དུད་ཉི་ཁྲིའི་དཔོན་པོ་ཁྱུང་པོ་སྤུང་སད་ཟུང་ཙེ་བསྐོས་ཡོད་ཚུལ་བཤད་པ་འདི་དག་ལ་བརྟགས་ན།    རྒྱལ་པོ་གཉའ་ཁྲི་བཙན་པོས་ཐོག་མར་བོད་གཅིག་གྱུར་བྱས་པའི་སྐབས་སུ་སྤུ་རྒྱལ་གྱི་མངའ་ཁོངས་སུ་གྱུར་པའི་ས་ཁྱོན་དེ་དག་གནམ་རི་སྲོང་བཙན་སོགས་རྒྱལ་རབས་ཕྱི་མ་རྣམས་ཀྱི་སྐབས་སུ་འགའ་ཞིག་སྤུ་རྒྱལ་གྱི་མངའ་ཁོངས་ལས་ཟུར་དུ་གྱུར་པའི་རྒྱལ་ཕྲན་ཆགས་ཡོད་པ་ཤེས་ཐུབ།      དེས་ན་གནམ་རི་སྲོང་བཙན་སོགས་རྒྱལ་རབས་ཕྱི་མ་རྣམས་ཀྱི་ས་ཁོངས་ཀྱི་ཁྱོན་དེ།      གཉའ་ཁྲི་བཙན་པོའི་སྐབས་ཀྱི་ས་ཁོངས་ལས་རྒྱ་ཆུང་བའང་ཤིན་ཏུ་གསལ། 
  • ལེ་ཚན་སྔོན་མ།:སྤུ་རྒྱལ་གྱི་དུས་རབས། སྤྱི་ལོའི་སྔོན་360-སྤྱི་ལོ་629བར།
  • ལེ་ཚན་རྗེས་མ།:ས་བཅད་གཉིས་པ། སྤུ་རྒྱལ་བཙན་པོའི་དུས་རབས་ཀྱི་སྲིད་དབང་གི་ཁྱབ་ཁོངས།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10