ནགས་ཚལ་དང་མིའི་རིགས།

དགྲ་འདུལ་གྱིས་བསྒྱུར།        2010-08-31

ནགས་ཚལ་དང་མིའི་རིགས།

གཡུ་མདོག་ཅན་གྱི་ནགས་ཚལ་ནི་སྐྱེ་སྟོབས་ཀྱི་གསོན་ཉམས་ཀྱིས་ཁེངས་ཡོད་ཅིང་། ནགས་ཚལ་གྱི་ཁེབས་གཡོགས་དེས་རླུང་ཁམས་ཆེན་པོ་དང་ཆུའི་ཁོར་ཡུག་གཙང་མ་བཟོ་བར་ནུས་པ་ཆེན་པོ་ཐོན་གྱི་ཡོད་པ་རེད། ནགས་ཚལ་གྱིས་རླན་གཤེར་ཡང་བསྐྱར་འཁོར་སྐྱོད་བྱེད་པར་སྐུལ་འདེད་དང་ས་རྒྱུ་བྱེ་མར་འགྱུར་བར་སྔོན་འགོག ལུད་ནུས་ཇེ་ཆེར་གཏོང་བ། དབྱང་རླུང་མཁོ་སྤྲོད་བཅས་བྱེད་ཐུབ་ཅིང་། སྐྱེ་ལྡན་ཕུང་པོ་ཡོངས་ཀྱི་ཚེ་སྲོག་འགུལ་སྐྱོད་བྱེད་པར་ཤུགས་རྐྱེན་བཟང་པོ་ཐོན་གྱི་ཡོད་པ་རེད།

   གལ་སྲིད་འཛམ་གླིང་ཐོག་ནགས་ཚལ་མེད་ན། དེའི་ངན་འབྲས་ནི་སྐམ་སའི་ཐོག་སྐྱེ་དངོས་ཀྱི་གྲངས་ཀའི་བརྒྱ་ཆ་དགུ་བཅུ་རྩ་མེད་དུ་འགྲོ་སྲིད་པ་དང་། སྐྱེ་དངོས་ཁྲི་བཞི་བརྒྱ་ལྔ་བཅུ་རྩ་མེད་དུ་འགྲོ་སྲིད། འཛམ་གླིང་ཡོངས་ཀྱི་བརྒྱ་ཆ་བདུན་ཅུའི་ཚྭ་མེད་ཆུ་ཕན་ཐོགས་མེད་པར་རྒྱ་མཚོ་ཆེན་པོར་འབབ་སྲིད། མིའི་རིགས་ལ་ཆུའི་ཉེན་ཁ་འབྱུང་ཞིང་སྐོམ་སའི་ཐོག་གི་བརྒྱ་ཆ་དགུ་བཅུའི་སྲོག་ཆགས་དང་སྐྱེ་དངོས་ཆུ་གསོག་ཉར་བྱེད་ཡས་ནགས་ཚལ་མེད་སྟབས་ཐན་པའི་ཉེན་ཁ་ཡོང་ཉེན་ཡོད། ས་གཞི་ཆེན་པོ་བྱེ་ཐང་དུ་འགྱུར་བའི་སྣང་ཚུལ་འབྱུང་། ས་ཁུལ་མང་པོར་རླུང་ཤུགས་བརྒྱ་ཆ་དྲུག་ཅུ་ནས་བདུན་ཅུ་བར་ཇེ་ཆེར་ཕྱིན་ནས་མི་གྲངས་དུང་ཕྱུར་མང་པོ་རླུང་སྐྱོན་གྱིས་རྩ་མེད་དུ་གཏོང་སྲིད། ས་ཁུལ་མང་པོར་ཆུའི་གནོད་འཚེ་འབྱུང་ཞིང་ས་ཞིང་དང་གྲོང་ཁྱེར་མང་པོ་ཆུས་སྣུབ། མིའི་རིགས་ཀྱིས་ཤིང་ཆ་དང་ཞིང་ཞོར་ཐོན་རྫས་བཅས་རགས་ཐབས་མེད་པས། དཔལ་འབྱོར་འཚོ་བའི་ཐད་དཀའ་ངལ་ཆེན་པོ་ཐུག་སྲིད་པ་རེད། དེའི་ཐོག་མཁའ་རླུང་སྦགས་བཙོག་ཏུ་གྱུར་པ་དང་སྒྲ་འཛེར་གྱི་ཅ་ཅོས་ཁེངས། ཉི་འོད་འཕྲོ་ཤུགས་ཇེ་ཆེར་འགྲོ་བ་བཅས་བྱུང་ནས་མིའི་རིགས་འཚོ་ཐབས་བྲལ་སྲིད་རྒྱུ་རེད། ནགས་ཚལ་སྲུང་སྐྱོང་བྱ་རྒྱུ་ནི་སྤྱི་དམངས་ཚང་མས་སྒྲུབ་དགོས་པའི་འགན་ཁྲི་དང་འོས་འགན་ཞིག་ཡིན་པ་དང་། ནགས་ཚལ་སྲུང་སྐྱོང་བྱེད་པ་དེ་མིའི་རིགས་རང་ཉིད་སྲུང་སྐྱོང་བྱེད་པ་ནང་བཞིན་རེད།།  དགྲ་འདུལ་གྱིས་བསྒྱུར།
         ཕྱི་རྒྱལ་གྱི་ཤིང་འཛུགས་ཡུལ་སྲོལ།
༡  རླངས་འཁོར་འཕར་བའི་འཛུགས་ཤིང་།
ཉི་ཧོང་གི་བཟོ་གྲྭ་ཁ་ཤས་ཀྱིས་རླངས་འཁོར་གསར་པ་གཅིག་འཕར་སྣོན་བྱས་པར་ངེས་པར་དུ་ཤིང་རྐང་གཅིག་འཛུགས་དགོས་པའི་གཏན་འབེབས་བྱས་ཡོད་ཅིང་། དེ་ནི་ཤིང་ནགས་ཀྱིས་སྦགས་བཙོག་དང་སྒྲ་འཛེར་གཙང་སེལ་བྱས་ཏེ་འཁོར་ཡུག་སྲུང་སྐྱོང་བྱེད་ཐུབ་པའི་དབང་གིས་རེད།
༢  མྱ་ངན་ཞུ་བའི་འཛུགས་ཤིང་།
  སུའོ་ལོ་མོན་གླིང་ཚོམ་དུ་གལ་སྲིད་མི་ཤི་བ་བྱུང་ན་གཤིན་པོའི་ཁྱིམ་ཚང་གིས་དེའི་བང་སོ་མདུན་དུ་ཤིང་རྐང་གཅིག་བཙུགས་ཏེ་སྙིང་ཐག་པ་ནས་མྱ་ངན་ཞུ་བར་མཚོན་པར་བྱེད་པ་རེད།།
༣  ཁང་པ་བརྒྱབ་པའི་འཛུགས་ཤིང་།
   རྒྱ་གར་ནུབ་ཕྱོགས་ཀྱི་ས་ཁུལ་ཁ་ཤས་ཀྱིས་ཁང་པ་གསར་བརྒྱབ་བྱེད་དགོས་མཁན་གྱི་ལས་ཁུངས་དང་མི་སྒེར་གང་ཡིན་རུང་། ངེས་པར་དུ་ཁང་པའི་ཕྱོགས་བཞིར་ཤིང་ཕྲུག་ལྔ་རེ་འཛུགས་དགོས་ཤིང་། དེ་འདྲ་བྱས་རྗེས་ད་གཟོད་ཨར་ལས་ལེགས་འགྲུབ་བྱུང་བའི་འཛིན་ཡིག་སྤྲོད་པ་རེད།།
༤  བག་སྟོན་འཛུགས་ཤིང་།
   ཉི་ཧོང་ཁྲང་ཡེ་རྫོང་ནན་ཞང་གྲོང་ཚོས་བག་སྟོན་བྱས་པའི་ཁྱོ་ཤུག་གཉིས་ཀྱིས་ངེས་པར་དུ་གྲོང་ནང་གཏན་འཁེལ་བྱས་པའི་ཁྱོ་ཤུག་གསར་པའི་ནགས་རྭར་ཤིང་ཕྲུག་ལྔ་འཛུགས་དགོས་པའི་གཏན་འབེབས་བྱས་པ་རེད།།
༥  ཕྲུ་གུ་སྐྱེས་པའི་འཛུགས་ཤིང་།
   ཐན་སང་ཉི་ཡའི་ས་ཁུལ་མང་པོར་སུའི་ཁྱིམ་དུ་ཕྲུ་གུ་སྐྱེས་ན་ཕྲུ་གུའི་བུ་རོགས་དེ་སྒོའི་ཕྱི་རོལ་དུ་སྦས་ནས་དེའི་ཐོག་ཏུ་ཤིང་ཕྲུག་གཅིག་བཙུགས་ཏེ་ཕྲུ་གུ་དེ་ཉིད་ཤིང་ཕྲུག་དེ་དང་འདྲ་བར་སྐྱེ་སྟོབས་ཆེན་པོས་འཚར་ལོངས་ཡོང་བའི་སྨོན་འདུན་ཞུས་པ་རེད།།

  • ལེ་ཚན་སྔོན་མ།:གལ་སྲིད་འཛམ་གླིང་ཐོག་ཏུ་ནགས་ཚལ་མེད་ན།
  • ལེ་ཚན་རྗེས་མ།:གཙོད་སྲུང་སྐྱོང་སྐོར་གྱི་བསམ་ཕྱོགས་གསར་པ།