བཀྲ་ཤིས་ལྷུན་པོའི་འཆམ་གྱི་ལོ་རྒྱུས།

        2012-06-18

གང་འདྲ་ཞིག་ལ་འཆམ་ཟེར།ལག་སྟབས་གཙོ་བོ་བྱེད་པ་ལ་གར་དང་།རྐང་སྟབས་གཙོ་བོ་བྱེད་པ་ལ་འཆམ།གཉིས་ཀ་ཟུང་དུ་འབྲེལ་བ་ལ་གར་འཆམ་ཞེས་གྲགས་ཤིང་།བསྟན་པ་སྔ་དར་གྱི་དུས་སུ་རྣལ་འབྱོར་པ་རྣམས་ཀྱི་གསང་བ་ཤིན་ཏུ་དམ་པར་མཛད་དེ་སོ་སོའི་སྒྲུབ་ཁང་ནང་དུ་ཕྱག་ལེན་བསྟར་རྒྱུ་ལས་གཞན་དུ་མི་མངོན་པར་མཛད་དོ།
བོད་རབ་བྱུང་དང་པོ་གཉིས་པ་ཡས་མས་སུ་ལ་མོ་བྱང་ཆུབ་ལྕོགས་དང་ཚལ་གུང་ཐང་དུ་ཚལ་པ་ཁྲི་དཔོན་མི་རབས་ནས་གསང་སྔགས་སྔ་འགྱུར་ཁོ་ན་གཞིར་བཞག་ནས་ཞྭ་ནང་གི་ཚེ་སྒྲོམས་ལ་རྨ་བྱའི་སྒྲོ་འདོགས་དང་།ལག་ཏུ་རྔ་ཆུང་རེ་འཁྱེར་བ་སོགས་ལ་དཔག་ནས་ཕྱི་དར་གྱི་དུས་ཚོད་སྔ་ཤོས་སུ་མངོན།གཙང་ཕྱོགས་སུ་མང་པ་རྣམ་ཐེག་མཆོག་གླིང་དུ་སློབ་དཔོན་པདྨ་འཁྲུངས་པའི་ཚེས་གྲངས་དང་བསྟུན་པའི་དུས་ཆེན་བོད་ཟླ་དྲུག་པའི་ཚེས་བཅུར་གར་འཆམ་དཔལ་ས་སྐྱའི་གུར་སྤྱི་མགོན་པོའི་མདོས་ཆེན་གར་འཆམ།བཞད་དགོན་པ་བྱང་གི་ཐིང་ཕོ་མོའི་གར་འཆམ།མཁས་ཤིང་གྲུབ་པའི་དབང་ཕྱུག་བུ་སྟོན་རིན་ཆེན་གྲུབ་ཀྱིས་ཞྭ་ལུའི་རྣམ་སྲས་མཆོད་པའི་གར་འཆམ།ཚར་པ་བློ་གསལ་རྒྱ་མཚོས་ཞྭ་ལུའི་མ་ཧེ་མཆོད་པའི་འཆམ་གཟིགས་འཛུགས་པ་སོགས་རྒྱ་ཁྱབ་ཏུ་སོང་།དགེ་ལྡན་པའི་འཆམ་གྱི་འགོ་ཚུགས།པཎ་ཆེན་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས1707ལོར་ཙམ་ལ་འཆམ་གཟིགས་བཙུགས་པ་དང་།དེ་བཞིན་རྒྱལ་མཆོག་བདུན་པ་སྐལ་བཟང་རྒྱ་མཚོས་པོ་ཏྰ་ལའི་རྣམ་རྒྱལ་གྲྭ་ཚང་དུ་འཆམ་གཟིགས་བཙུགས།དེ་ནས་སོག་ཡུལ།ཁམས་ཁུལ།དབུས་གཙང་རི་ཁྲོད་ཁག་མང་པོར་འཕེལ་རྒྱས་སུ་སོང་།བཀྲ་ཤིས་ལྷུན་པོའི་གཟིགས་མོ་ཆེན་མོ་ནི་པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ་དགུང་བགྲང་བཞི་བཅུ་ཞེ་ལྔ་བཞེས་པ་རབ་བྱུང་བཅུ་བཞི་པའི་མེ་བྱའི་ལོར་རྩེ་མགོན་གྲྭ་ཚང་གསར་དུ་འཛུགས་མཛད་ནས་དགུང་བགྲང་དྲུག་ཅུ་རེ་གྲངས་ཤིག་ལ་འཆམ་གཟིགས་འདི་གཉིས་འཛུགས་པ་མ་ཡིན་ནམ་སྙམ་པ་ལ་དུས་ཚོད་གསལ་བྱའི་ཡི་གེའི་མིག་ལམ་དུ་མ་འགྱུར་རོ།། འཆམ་པའི་མཚད་ཉིད།འཆམ་པ་ནི་ལུས་སྟོབས་རྒྱས་ལ་དབང་པོ་སྐྱོན་ཅན་མ་ཡིན་པ།ལམ་ཐུན་མོང་བའི་རྒྱུད་ཀྱང་སྔོན་དུ་སོང་བའི་སྒོ་ནས་བླ་མེད་རྒྱུད་སྡེ་གང་རུང་གི་དཀྱིལ་འཁོར་དབང་བསྐུར་ཐོབ་ཅིང་།དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་རྒྱུ་སྨོས་མེད་ཐོག་བསྙེན་སྒྲུབ་ཚད་དུ་འཁྱོལ་བ་བྱུང་ན་རབ་མ་མཐའ་ལས་རུང་གི་བསྙེན་པ་རེ་སྔོན་དུ་འགྲོ་དགོས་པ་དང་གར་འཆམ་དངོས་གཞིའི་སྐྱབས་སུའང་ལྷ་གང་གི་ཆས་སྤྲས་པ་དེ་དང་དེའི་ང་རྒྱལ་བཟུང་སྟེ་ངག་ཏུ་རྩ་སྔགས་བཟླ་བ་དང་ཡིད་ཀྱི་ལྷའི་གསལ་སྣང་དང་མི་འབྲལ་བ།ལུས་ཀྱི་ཉམས་འགྱུར་ཐམས་ཅད་སྒེག་པ་དཔའ་བ།མི་སྡུག་པ་བཅས་ཀྱི་སྐུའི་ཉམས་སུ་རྫོགས་པ་མདོར་ན་འཁྱེར་སོ་གསུམ་གྱི་རྣལ་འབྱོར་ལ་གནས་ནས་གང་སྣང་ལྷའི་རྣམ་རོལ་ཏུ་ཤར་བ་དགོས།
འཆམ་གོས།དེ་ཡང་སྔོན་ལྷ་ལུང་དཔལ་གྱི་རྡོ་རྗེས་བཙན་པོ་གླང་དར་བསྒྲལ་སྐབས་ཀྱི་ཆས་སུ་ཁུགས་ན་རྟེན་འབྲེལ་གྱི་ཁྱད་པར་ཡོད་པ་ཚུལ་དོར་པའི་གསུངས་ལས་བྱུང་བ་དེ་དུས་ཕོད་ཀ་ཞེས་པ་འདིར་སྟོན་དེའི་ཕུ་ཐུང་གཡས་གཡོན་གཉིས་སུ་མདའ་གཞུ་བཅུགས་ཡོད་པ་དང་།ཞྭ་ནག་ཞེས་པ་དེ་ནི་ཀུན་མཁྱེན་ངག་དབང་བློ་བཟང་རྒྱ་མཚོའི་གསུངས་ལས།མིག་སྨན་མདངས་འཛིན་བདུད་ཕོད་ལྷབ་ལྷུབ་གཡོ།བན་ཕུར་ཐོགས་ཤིང་སྲིད་པའི་སྤྱི་ཞྭ་གྱོན་ཞེས་པར་གྲགས།
 རྒྱུན་སྤྱོད་དང་རྔ་རོལ།འཆམ་གོས་གྱོན་སྐབས་གཡས་ནས་བླངས་དེ་གར་སྟབས་པད་སྐོར་གྱི་གོན་དགོས་པ་ལས་རྒྱུན་སྤྱོད་ཀྱི་གོས་གྱོན་པ་ལྟ་བུར་མི་རུང་བར་གསུངས་པ་དང་།དེ་བཞིན་དོ་རར་འགྲོ་སྐབས་ཀྱང་ཐ་མལ་པའི་གོམ་སྟབས་མིན་པར།རྡོ་རྗེའི་འགྲོས་ཀྱི་ལིང་ལིང་དུ་ཕེབས་དགོས་པ་དང་།རྔ་བརྡུང་སྐབས་ཟུར་གསུམ་སྤྱོད་ལ་ལྷོད་གསུམ་བརྡུང་།རྒྱ་མཚོ་ཆེན་པོའི་དཀྱིལ་མ་དཀྲུག་རི་བོ་ཆེན་པོའི་མཐའ་མ་བཅོག་ཞེས་གསུངས་པ་ལྟར་རིམ་བཞིན་རྔའི་ཟུར་རང་གི་སྤུས་མོའི་ཟུར།ཐོད་པའི་ཟུར་བཅས་གསུམ་དང་ལྷོད་གསུམ་ནང་གི་སེམས།ལག་པ།རྔ་དབྱུག་བཅས་གསུམ་ལྷོད་དགོས་པ་དང་།རྔའི་དཀྱིལ་འཁོར་གཉིས་ཕུང་པའི་གསུམ་གཅིག་མཚམས་སུ་རྔ་གཡོག་བརྡུང་དགོས་པ་དང་།རོལ་མོའི་དཀྲོལ་ལུགས་ལའང་ཉའི་ཁ་དང་།རྒོད་ཀྱི་གཤོག་པ།ཡང་ན་གླང་པོའི་རྣ་ལྟར་བརྡུང་ཞེས་གསུངས་པ་ལྟར།གྲྭ་ཚང་སོ་སོའི་བརྡུང་སྟངས་མི་འདྲ་བ་ཡོད་དེ།རྩེ་མགོན་གྲྭ་ཚང་གི་རོལ་མོ་ནི་སྟག་མོའི་ཁ་ལྟ་བུ་བརྡུང་ལུགས་དང་།དབེན་ས་དགོན་པའི་རོལ་མོ་ནི།གོང་པར་ཐག་པ་བཀལ་ཏེ་ལག་པ་གཡས་གཡོན་འཕྱར་སྟབས་ཀྱི་རྒོད་ཀྱི་རྣ་ལྟར་བརྡུང་བའི་ལུགས་སུ་ངེས།དེ་དག་ནི་ཀུན་མཁྱེན་ལྔ་བ་ཆེན་པོའི་གསུངས་ལྟར་ཡིན།སྔོན་བྱོན་རྒྱལ་རབས་རྣམས་ཀྱི་གསུང་རྒྱུན་ལ།དུང་ཆེན་སྐད་ཚ་བ་རང་ཤུགས་སུ་ཡོད་ལ་སྙན་པ་གཙོ་བོར་དགོས་པ་དང་།རྒྱ་གླིང་ནི་སྙན་པ་རང་ཤུགས་སུ་ཡོད་ལ་སྐད་གསང་བ་གཙོ་བོར་གསུངས་པ་དང་།རྐང་གླིང་ནི་སྐད་ཚ་ངར་ལྡན་དགོས་ལུགས་སོགས་ཀྱང་གར་འཆམ་དང་ཕན་ཚུན་གཞོགས་འདེགས་ཀྱིས་གཅིག་ཕན་ཅིག་གྲོགས་སུ་འགྲོ་བ་གལ་ཆེ། བཀྲས་ལྷུན་འཆམ་གྱི་འཕེལ་རིམ།རབ་བྱུང་བཅུ་བཞི་པའི་ཤིང་བྱ1835ལོར་རྨང་བཏིང་ནས་མེ་ཁྱི་ལོར་རྩེ་མགོན་གྲྭ་ཚང་དངོས་སུ་བཙུགས།རྒྱལ་དབང་ལུང་རྟོགས་རྒྱ་མཚོ་དང་།ཚུལ་ཁྲིམས་རྒྱ་མཚོ།མཁས་གྲུབ་རྒྱ་མཚོ་བཅས་སྐུ་ཚེ་འབྱུང་བས་དབུགས་ཕུད་ཞེན་པ་སོགས་ཀྱི་ཆེད་དུ་དབུས་ཕེབས་ཡང་ཡང་གནང་དགོས་བྱུང་སྐབས།རྩེ་མགོན་གྲྭ་པ་ཆིབས་ཞབས་སུ་ཡོད་པ་རྣམས་ཞྭ་ལྷམ་གཤམ་ཐབས་བཅས་གཙང་ཆས་ཁོ་ན་ཡིན་པ་དང་།འདི་ཕྱོགས་རྣམ་རྒྱལ་གྲྭ་ཚང་དང་གླིང་ཁག་སོགས་ཚང་ལ་གཟན་གཤམ་བཞེས་སྟངས་དང་།ཞྭ་ལྷམ་བཅས་དབུས་ལུགས་འདིར་ཉིད་ཐུགས་ལ་བབས་ཏེ།གཙང་ཕྱོགས་སུ་ཕེབས་འཕྲལ་བདེ་ཆེན་སྐལ་བཟང་ཕོ་བྲང་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་དང་དེ་ནས་མུ་མཐུད་ཆིབས་ཞབས་པ་རྣམས་ཆས་གོས་བསྒྱུར་ཞིང་།གཙང་ཕྱོགས་སུ་ཀེཥ་པྰ་ལའི་གཏོར་བཟློག་མེད་པ་དང་དབུས་ཕྱོགས་སུ་ཕྱག་ལེན་དང་དར་ཁྱབ་ཆེ་བ།ལྷག་པར་དུས་བབས་དགོངས་བཞེས་གཞན་གྱི་ཐུན་མོང་མིན་པར་བརྟེན་ལ་མོ་དང་།ཚལ་གུང་ཐང་།ལྷོ་བྲག དེ་མོ་བསྟན་རྒྱས་གླིང་།སྨི་ཏུ་མཚོ་སྨོན་གླིང་བཅས་ནས་གར་འཆམ་ཕྱག་བཞེས་གནང་སྟེ།ཀེཥ་པྰ་ལའི་གཏོར་བཟློག་དང་འཇུག་ཏུ་ལྷ་སྐུ་མདོག་དཀར་པའི་གར་དང་ཀླུ་ཀུན་ཏུ་དགའ་བའི་གར།མི་ལོ་ཙི་སྐུ་མདོག་དམར་བའི་གར་རྩེ་རིང་འབྱུང་དྲུག་བཅས་འཛུགས་སོ།། ཁྱད་པར་དུ་པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་གིས་སྔར་ཡོད་ཀེཥ་པྰ་ལའི་གཏོར་བཟློག་གསར་འཛུགས་མཛད་དེ་འཆམ་གཟིགས་ཉིན་གསུམ་ཇེ་རྒྱས་སུ་བཏང་།དེ་ནས་དགུ་པ་ཐུབ་བསྟན་ཆོས་ཀྱི་ཉི་མ་དགུང་གྲངས་ཉི་ཤུ་ཙམ་ནས་སྔར་ཡོད་གར་འཆམ་རྣམས་དེང་དུས་དང་མཐུན་པར་མགོན་པོའི་གང་ཉིད་ཀྱི་རང་རྟོགས་ནས་ཧ་ཅང་འཁྲུགས་ཆ་ཆེ་བར་མཛད་པ་དང་ཕྱོགས་མཚུངས་འཆམ་གྱི་བཅའ་གཤོམ་དངུལ་གྱི་དུང་ཆེན་ཆ་གཉིས་དང་།དངུལ་གྱི་རྐང་གླིང་ཆ་གཉིས།གསེར་གྱི་རྒྱ་གླིང་འཆམ་གོས་ཀྱང་གཞན་འབྱོར་དཀའ་བའི་ཨོ་ཀོའི་གོས་ཆེན་རྒྱ་སེར་དང་སྟག་ཤུན་མང་བཏགས་སོགས་ནོར་མང་པོ་གསར་སྐྲུན་དང་གནས་གང་ས་གང་ནས་འཚོལ་སྒྲུབ་ཀྱིས་རོལ་མོ་རྩེ་གྲངས་བརྒྱ་ཕྲག་བརྒལ་བ།ཆོས་སྲུང་ཡོངས་ཀྱི་འཕྱར་དར་ལྷན་སྡེབས་རུ་ཆ་བཟོ་བཀོད་ཕུན་སུམ་ཚོགས་པ།མདོར་ན་གར་འཆམ་ཉམས་བསྒྱུར་དང་དེའི་ཡོ་ཆས་ཚང་མ་སྒོ་ཀུན་ནས་རྣམ་པ་གསར་རྐྱང་ཞིག་ཏུ་བསྒྲུབ་གནས་མཛད་པ་དང་ཆབས་ཅིག་དགུང་ལོ་སུམ་ཅུ་སོ་དྲུག་བཞེས་པ་རབ་བྱུང15པའི་ས་རྟ་ལོར་བྱམས་པ་ཆེན་མོ་བཞེངས་གྲུབ་པའི་དགའ་སྟོན་གྱི་ལོ་དེར་དམ་ཅན་ཆོས་རྒྱལ་གཤིན་རྗེ་ཕོ་བརྒྱད་མོ་བརྒྱད་དང་།ཞེ་ཆེན་གྱི་དཀར་བ་གཙོ་འཁོར་ལྔ་བཅས་ཀྱི་གར་འཆམ་གསར་འཛུགས་དང་དེའི་རྐང་བགྲོད་དང་ལག་སྟབས་བཅས་ཀྱང་གར་འཆམ་གཞན་ལ་མ་ལྟོས་པར་མགོན་པོ་གང་ཉིད་ཀྱིས་གསར་བཟོ་མཛད།འཆམ་སྣ་སོ་སོའི་ནང་ཆོས་ལུགས་ལྟར་གྱི་མཚོན་དོན་རགས་རིམ་ནི།གར་འཆམ་བྱེད་པའི་ས་བདག་དེ་ལས་ཐོག་མར་ཀོ་ལོང་ཆུང་ཕྱིར་གནང་བ་བྱིན་ནས་མོས་མཐུན་བག་ཕེབས་བྱུང་ན་བྱ་བ་དེ་དག་སྒྲུབ་ཅིང་མཐར་ཕྱིན་པའི་མཚོན་དོན་དུ་དགོན་སྡེ་ལ་ལར་གཞིས་བདག་དེ་ཉིད་སྤྲོ་བའི་རྣམ་པ་དང་།ལ་ལར་མི་རྒན་སློག་པ་ཕྱི་ནང་རློག་པ་གྱོན་ནས་མྱོས་པའི་ཚུལ་སོགས་ཡུལ་ཕྱོགས་སོ་སོའི་ཁྱད་པར་དང་།ཕྱོགས་མཚུངས་ཀུན་གླིང་ས་བདག་ཕོ་མོ་གཉིས་ཀྱི་རྣམ་པ་དགའ་སྣང་ཆེ་ཞིང་རྩེད་མོ་བྱེད་པས་པཎ་ཆེན་བསྟན་པའི་ཉི་མ་དེ་ཉིད་སྐུ་ཚེ་རིང་པའི་རྟེན་འབྲེལ་ལ་གཙོ་གནས་ཆེ་བར་གནང་བའི་ཁྱད་ཆོས་ཡིན།སྦྱིན་དྲུག་དེས་རྒྱ་ནག་ཧྭ་ཤང་དེ་ཉིད་སྟོབས་འབྱོར་ཆེ་ཞིང་ཆོས་ལུགས་ལ་དད་ཅིང་གཏོང་ཕོད་ཆེ་ལ་ལོངས་སྤྱོད་ཀྱི་རྟེན་འབྲེལ་ཡིན།ད་དུང་གོས་རྣམས་འཐག་གྲུབ་བྱེད་སྟངས་དང་།བལ་འབྲེག་པ།གསེད་པ།འཁལ་བ།རལ་མ་འདྲེན་པ།འཐག་བཏགས་པ།རྐང་ཆགས་བརྒྱབ་པ།བསྡུ་བ།བྲེགས་བརྒྱབ་པ།འཚེམས་པ།གྱོན་པ་བཅས་ཀྱི་བཟོ་སྐྲུན་བྱེད་སྟངས་ཡོད།
ཞྭ་ནག་བཅུ་དྲུག་ནི།འཇིག་བྱེད་ཀྱི་ཞབས་བཅུ་དྲུག་དང་དེ་ཉིད་ཀྱིས་སྟོང་ཉིད་བཅུ་དྲུག་མཚོན་ནོ།དེའི་བྱེད་ལས་ནི་རང་གཞན་གྱི་གཏན་གྱི་བདེ་བ་སྒྲུབ་པ་ལ་བར་དུགཅོད་པའི་དགྲ་བགེགས་ཀྱི་དྭངས་མ་ངར་འཛིན་སྒྱུ་མའི་མགྱོགས་འགྲོ་བཞོན་ཏེ་དབང་མེད་སྲིད་པ་གསུམ་དུ་དལ་མེད་རྒྱུ་བའི་རང་གཞན་རྒྱུད་ཀྱི་ལས་རླུང་མ་རུང་བ་དེ་དག་བཀུག དམིགས་པ་སེམས་ཅན་ཐམས་ཅད་ལ་དམིགས་ནས་རྣམ་པ་སེམས་པ་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་འདོད་ཀྱི་བརྩེ་བ་སྙིང་རྗེ་ཆེན་པོ་ཀུན་ནས་བླངས་ཏེ།སྨན་པ་གཏེར་བཀྲིགས་བཞིན་དུ་མ་གཏོགས་རང་འདོད་ཀྱི་ཕན་པར་བྱེད་པ་ན་སྒྲུབ་ཀྱང་མི་བསྒྲུབ་སྟེ་ཆེད་ཀྱི་དམ་བཅའ་དང་ཡོངས་སུ་འགལ་ལོ།འདི་དང་འབྲེལ་ནས་བསྒྲལ་ཆོག་དངོས་གཞི་ཞི་རྒྱས་དབང་དྲག་མཚོན་པའི་སྒོ་བཞིན་དེའི་རྗེས་གསང་སྔགས་སྔ་བསྒྱུར་གྱི་རྒྱུད་དྲི་མེད་གཤེགས་རྒྱུ་ནས་གསུང་བའི་ལྷ་དབྱེ་རོག་ཕྲ་མེན་མ་བྱ་རོག་དང་།འུག་པ་གདོང་ཅན་གཉིས་བཅས་འདི་དག་ནི་ལས་སྦྱོར་དངོས་གཞི་དང་འབྲེལ་བ་ཤ་སྟག་ཡིན།ནང་དོན་དེའི་སྐོར་སྐྱབས་མགོན་འབྲུག་པ་ཀུན་ལེགས་ཀྱི་བསྡོམས་ཚིག་འདི་འདྲ་ཞིག་ཡོད་དེ།སྐྱེ་མེད་ཆོས་ཀྱི་ཧོམ་ཁུང་དུ།འགག་མེད་འཁྲུལ་བའི་ལིང་ག་བཅུག དམིགས་མེད་བརྩེ་བས་ཕུར་ནུས་བཏབ།བྱང་སེམས་གཞན་ཕན་མ་སྐྱེ་བར།རང་ངོ་རིག་པའི་ཤེས་རབ་གཉིས།སྐྱེ་པར་གྱུར་བ་དེ་ཡི་ཚེ།མནན་ཀྱང་ནོན་པར་མ་གྱུར་ཅིག དེ་ནས་རང་གཞན་དོན་འགྲུབ་ཤོག ཅེས་གསུངས་པ་ལྟར་རོ།གཞན་ཡང་སྔགས་པ་ཞྭ་ནག་མཛོ་ཉི་ལམ།བྱིས་པ།རྦལ་མོ་ཞེས་པ་བུད་མེད་བརྒྱད་དགེ་སློང་མཁར་བསིལ་ཐོག་པ་སྐྱེས་པ་ཞེས་པ་ལྕགས་རྨོག་གྱོན་ཅིང་གྲི་ཤུབ་ཐོགས་པ་བཅས་རུ་འདྲེན་སྡེ་བཞིར་གྲགས། སྨི་ཏུ་དང་མཚོ་སྨོན་གླིང་ནས་བཞེས་པའི་ཨ་ཙ་ར་ཁག་གཉིས་ལ་ཐོག་མའི་ས་གནས་དེའི་མིང་དེ་རང་ཆགས།ཁྱིའུ་ཞེས་པ་ལྷ་དཀར་ནག་གཉིས་ཀྱི་གར་འཆམ་དེ་ནི་ལ་མོ་བྱང་ཆུབ་ལྕོགས་ནས་བཞེངས་པ་ཞིག་རེད།དེའི་ངོ་བོ་ནི་གནམ་ཐེ་དཀར་པོ་དང་།ས་ཐེ་ནག་པོ་གཉིས་རྒྱལ་ཕམ་ཤོ་རྩེད་ཀྱི་འཆམ་ཡིན།མཇུག་ཏུ།ལིང་རོའི་གཏོར་མ་གཡུག་མཁན་ཤྭ་བ་ཆུང་ཆུང་གཉིས་ཡོད་པ་དེ་ནི་ལ་མོ་བྱང་ཆུབ་ལྕོགས་ཚང་ཞི་བ་དང་།གཅིག་ནི་ཚེར་གསེབ་ཚང་ཆེན་དྲག་པོ་གཉིས་ནས་ཕྱག་བཞེས་མཛད་ཅིང་ངེས་པར་ཤྭ་བ་བྱེད་དགོས་པ་ནི་ཆོས་ལུགས་ཀྱི་ཤོད་སྟངས་ཚེ་འཕེལ་བའི་རྟེན་འབྲེལ་གྱི་ཁྱད་པར་དུ་བརྩི། འཆམ་སྣ་བསྡོམས་གྲངས་སུམ་ཅུ་རྩ་གཉིས་ཡོད་ཀྱང་འཆམ་གཟིགས་ཉིན་གཉིས་ཀར་སྐྱར་ལྡབ་དོན་དགོས་པ་ཕུད་པའི་འཆམ་སྣ་མི་འདྲ་བ་ཁོ་ན་ཉི་ཤུ་རྩ་བཞི་ཡོད།འཆམ་གཟིགས་ཉིན་གསུམ་པར་སྐུ་རྩེད་ཀྱི་རིམ་པ་ཞེས་ཟེར་སྲོལ་དེ་ལ་ཐོག་མར་ལྷ་ཀླུ་གནོད་སྦྱིན་སོགས་ལ་མཆོད་དབྱངས་འབུལ་ཚུལ་མཆོད་སྤྲིན་གར་ཞེས་པ་དང་།གཉིས་པ་སེང་རྩེད།གསུམ་པ་ཚེ་རིང་ལྗོངས་དྲུག བཞི་བ་གནོད་སྦྱིན་རྩེའུ་དམར་ཁོག་ཞུགས་ཟོལ་གྱིས་རྒྱུ་འདྲེན་སྡེ་བཞི།ལྔ་པ་འབྲོང་རྩེད།དྲུག་པ་མིའུ་ཆུང་དཀར་ནག་གཉིས་ཀྱི་སྦེར་ཀ་དང་རྟེན་གསོལ་ལྷ་རྒྱལ་བཅས་སོ།
 
  • ལེ་ཚན་སྔོན་མ།:འབའ་ཆོས་སྡེ་དགོན་གྱི་འབག་འཆམ་སྐོར་གྱི་ངོ་སྤྲོད་གནད་བསྡུས། །
  • ལེ་ཚན་རྗེས་མ།:རྒྱལ་མོ་རོང་རྒྱུད་ཀྱི་མདའ་གྲིའི་གར་འཆམ།
  • དོ་སྣང་ཆེ་བའི་རྩོམ།