འཕྱོངས་རྒྱས་འཇུ་བྲོ།

ཆོས་རྒྱལ།    ཀྲུང་གོའི་བོད་ལྗོངས༢༠༡༡ལོའི་དེབ་བཞི་པ།    2012-06-12

མི་ལོ༡༣༠༠ཡི་ལོ་རྒྱུས་ལྡན་པའི་འཕྱོངས་རྒྱས་འཇུ་བྲོ་ནི་ལྷ་འདྲེ་རབ་ཏུ་རྡུལ་ཞིང་བཀྲ་ཤིས་ཞལ་བྲོའི་སྨོན་འདུན་མཚོན་པར་བྱེད་པའི་དམངས་ཁྲོད་ཀྱི་ཞབས་བྲོ་ཞིག་ཡིན་ཞིང་།བྲོ་ལ་གཞན་གྱིས་བོད་ཀྱི་སྐེད་རྔའི་ཞབས་བྲོ་ཞེས་ཟེར་སྲོལ་ཡོད།འཇུ་བྲོ་དེ་ཉིད་ནི་བོད་ཀྱི་སྲོལ་རྒྱུན་ཞབས་བྲོའི་རིག་གནས་ཀྱི་སྒྱུ་རྩལ་ཁྱད་པར་ཅན་ཞིག་ཡིན་ལ།ད་ལྟའི་ཆར་འཛམ་གླིང་མི་རིགས་ཁག་གི་ཞབས་བྲོའི་རིག་གནས་ཁྲོད་ལས་ལོ་རྒྱུས་རིང་ཤོས་གྲས་སུ་ཚུད་ཡོད།དུས་སྟོན་རྟེན་འབྲེལ་གྱི་སྐབས་ན་ལྷོ་ཁའི་མང་ཚོགས་ཀྱིས་བྲོ་འཁྲབ་ནས་བཀྲ་ཤིས་རྟེན་འབྲེལ་བྱེད་སྲོལ་ཡོད།༢༠༠༨ལོའི་ཟླ་གཉིས་པར་འཇུ་བྲོ་དེ་བོད་རང་སྐྱོང་ལྗོངས་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཁོངས་སུ་ཚུད་པ་དང་།༢༠༡༡ལོར་འཇུ་བྲོ༼བཀྲ་ཤིས་པའི་རྔ་ཉམས༽ཞེས་པ་དེ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ལོ་གསར་ཚེས་བཅོ་ལྔའི་མཚན་ཚོགས་ནང་འཁྲབ་སྟོན་བྱས་པས་གནའ་ཉམས་ཀྱིས་ཕྱུག་པའི་ཞབས་བྲོ་དེ་ལྟ་མོ་བ་དུང་ཕྱུར་མང་པོའི་མིག་གི་ལོངས་སྤྱོད་དུ་གྱར་ཏོ། །
ཞོགས་པ་གནམ་གཤིས་ཅུང་ཟད་གྲང་ཞིང་།རི་སྐེད་དུ་རབ་རིབ་སྨུག་པས་འཐིབས་པས་རི་ཧྲིལ་པོ་དར་དཀར་པོས་བརྒྱན་པར་འགྱུར་བ་དང་།སྨྱུག་འཛིན་པ་བདག་གི་དམིགས་ཡུལ་འཇུ་གྲོང་ཚོ་དང་དེའི་མཐའ་འཁོར་ཡང་སྔར་བས་ལྐོག་གྱུར་དང་འཆར་ཡན་གྱིས་ཁེངས་པའི་ཡུལ་ཁམས་ཤིག་ཏུ་འགྱུར་འདུག འཇུ་གྲོང་ཚོ་ནི་ལྷོ་ཁ་ས་ཁུལ་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་ཁོངས་སུ་གནས་ཤིང་། རྫོང་དང་བར་ཐག་སྤྱི་ལེ་༤ཙམ་ཆོད་པ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི༣༦༠༠ཙམ་ཡོད།གྲོང་ཚོ་དེར་སྨིན་བདུན་གྲོང་ཚོ་ཡང་ཟེར་ཞིང་།བོད་ལ་བཅིངས་འགྲོལ་མ་གཏོང་གོང་དེའི་བརྒྱུད་ལ་འཇུ་ཟེར།དེ་ཡང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་དུས་སུ་འཆི་མེད་རིག་འཛིན་ཞེས་པའི་ཁྱིམ་བརྒྱུད་ལ་སྤྲད་ཅིང་དེ་ནས་བཟུང་མི་རབས་མང་པོས་རྒྱུན་འཛིན་བྱས་པའི་མངའ་ཁོངས་ཡིན།འཆི་མེད་རིག་འཛིན་ཞེས་པའི་ཁྱིམ་རྒྱུད་ཀྱི་མིས་ཏཱ་ལའི་སྐུ་ཕྲེང་ལྔ་པས་བོད་ས་གནས་ཀྱི་སྲིད་འཛིན་པ་ནས་བཟུང་མི་རབས་མང་པོའི་རིང་རྫོང་སྲིད་གཞུང་གི་དྲུང་ཡིག་གི་འགན་འཁུར་མྱོང་ཡོད། ༡༩༨༩ལོར་དེ་རྒྱུད་དུ་སྔར་རྒྱུན་བཞིན་འཇུ་གྲོང་ཚོ་ཞེས་པར་མིང་བསྒྱུར།
འཇུ་གྲོང་ཚོ་ནི་ཞིང་ཁུལ་ཡིན་ཞིང་།མི་ཚོས་ཞིང་ལས་གཙོ་བོར་བཟུང་སྟེ་ནས་དང་གྲོ།པད་ཁ།སྲན་མ་སོགས་ལོ་ཏོག་འདེབས་པ་དང་།ཁུལ་དེ་གནམ་གཤིས་དྲོ་ལ་ཆར་ཆུ་འབེལ་བས་ས་ཞིང་ཤིན་ཏུ་གཤིན་པོ་ཡོད།འཕྱོངས་རྒྱས་ཀྱི་དམངས་ཁྲོད་སྒྱུ་རྩལ་གྱིས་བོད་མི་རིགས་ཀྱི་རིག་གནས་གོང་འཕེལ་ལོ་རྒྱུས་ཐོག་གནས་བབ་གལ་ཆེན་པོ་བཟུང་ཞིང་།འདིར་བརྗོད་རྒྱུའི་འཇུ་བྲོ་ནི་ཐོག་མར་ས་ཆ་འདིར་དབུ་བརྙེས་པ་ཞིག་ཡིན།
   མི་ལོ༡༣༠༠ལྷག་ཙམ་འདས་ཟིན་མོད། འཇུ་གྲོང་ཚོ་ནི་སྔར་བཞིན་དབེན་འཇམ་དང་བབ་ཆགས་པའི་རྣམ་པར་གནས་པ་དང་། འཇུ་བྲོ་དེ་ཡང་སྔར་བཞིན་མི་ཉམས་པར་དམངས་ཁྲོད་དུ་འཁྲབ་སྟོན་བྱེད་བཞིན་གནས།
ལོ་ངོ༡༣༠༠ལ་འཁྲབ་པའི་བྲོ།
འཇུ་བྲོ་ནི་བྲོ་པ་རྣམས་ཀྱིས་སྐེད་པར་རྔ་ལེབ་ཟླུམ་བཏགས་ནས་འཁྲབ་པའི་ཞབས་བྲོ་ཞིག་ཡིན་ཞིང་།ལྷ་ས་དང་ལྷོ་ཁ་སོགས་སུ་ཁྱབ་པའི་ཡོད་པ་དང་བྲོའི་ཞབས་བྲོའི་འགྱིང་ཉམས་དེ་བྱ་རྒོད་ཀྱིས་གཤོག་རྩལ་ངོམས་པར་དཔེ་བལྟས་ནས་བཟོས་ཟེར།
འཇུ་བྲོ་ལ་སྐོར་བྲོ་ཡང་ཟེར།ད་ལམ་མི་ཉམས་པར་གནས་པའི་འཛམ་གླིང་གི་མི་རིགས་ཞབས་བྲོའི་ཁྲོད་ནས་དུས་ཚོད་སྔ་ཤོས་སུ་གྲས་ཡིན་པའི་ཞབས་བྲོ་ཞིག་ལགས།འཇུ་བྲོ་ལ་ད་དུང་རྔ་གཞས་ཀྱང་ཟེར།རྔ་ནི་བོད་མི་རིགས་ཀྱི་གནའ་རབས་ཀྱི་རོལ་ཆའི་གྲས་ཤིག་ཡིན་པ་དང་།དམངས་ཁྲོད་ཀྱི་དུས་སྟོན་རྟེན་འབྲེལ་སྐབས་མེད་ཐབས་མེད་པའི་རོལ་མོ་ཞིག་ཡིན།རྔ་ལ་མི་རྣམས་དཔའ་སྟོབས་རྒྱས་པར་བྱེད་པ་དང་འཁྲུག་ཆ་དོད་པོའི་རྣམ་པ་བཟོ་བ།དེ་བཞིན་རྐང་སྟབས་གཅིག་གྱུར་བཟོ་བ་དང་ཞབས་བྲོའི་རམ་འདེགས་སོགས་ཀྱི་ནུས་པ་ལྡན་ཡོད།འཇུ་བྲོ་ནི་བྲོ་པ་བཅུ་གྲངས་ལས་འགྲུབ་པ་དང་རྐང་ལག་གི་འགྱིང་སྟབས་གཅིག་གྱུར་ཐོགགཞས་གཏོང་གིན་ཞབས་བྲོར་རོལ་བ་དང་།དལ་བའི་སྐབས་འགྱིང་སྟབས་བབ་བརླིང་བརྗིད་ཉམས་ལྡན་པ་དང་།མགྱོགས་པའི་སྐབས་སུ་ཞབས་བྲོའི་འགྱིང་སྟབས་ཀྱིས་ལྟད་མོ་རྣམས་མིག་འཕྲུལ་བ་ཇི་འདྲར་སྣང་།  
དུས་རིམ་གསུམ་བརྒྱུད་ཅིང་འཇུ་བྲོ་འཁྲབ་མན་ཁག་བཞི་རུ་མཆེད།
འཕྱོངས་རྒྱས་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་ས་ཆ་ཞིག་ཡིན་ཞིང་།བོད་ཀྱི་ལོ་རྒྱུས་ཐོག་བཙན་པོའི་སྲིད་དབང་རྒྱུན་མི་ཆད་པར་རྒྱ་སྐྱེད་སྟོབས་ཆེར་ཕྱིན་ནས་རྒྱལ་པོ་སྲོང་བཙན་སྒམ་པོས་ཆབ་སྲིད་དང་དཔལ་འབྱོར།རིག་གནས་བཅས་ཀྱི་ལྟེ་གནས་ལྷ་སར་གནས་སྤོ་བྱས་བར་དུ་ཡར་ཀླུང་ཚོ་པའི་ལྟེ་གནས་ཁུལ་ཞིག་ཡིན།ལོ་རྒྱུས་ཀྱིས་ཁེངས་པའི་ས་ཆ་དེའི་ཐོག་བོད་རྒྱལ་དགུ་པ་པུ་དེ་གུང་རྒྱལ་གྱི་ཕོ་བྲང་གཉིས་པར་གྲགས་པ་ཕོ་བྲང་ཕྱིང་དབར་སྟག་རྩེ་དང་།རྒྱལ་ཁབ་ཕྱི་ནང་གང་སར་གྲགས་པའི་བ་དན་གཡོ་བའི་བཙན་པོའི་བང་སོ་ཡོད་ལ།བོད་ཀྱི་ལྷ་མོ་སྔ་བ་འཕྱོངས་རྒྱས་སྤུན་བདུན་ལྷ་མོའི་འབྱུང་གནས་ཡིན་པ་མ་ཟད།ད་དུང་ཏཱ་ལའི་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་འཁྲུངས་ཡུལ་དང་།དོ་ཟླ་བྲལ་བའི་བཞིན་བཟང་མ་འཕྱོངས་རྒྱས་ཟླ་བ་སྒྲོལ་མའི་ཕ་ཡུལ་ཡང་ཡིན་པ་དེ་དག་ཚང་མས་འཇུ་བྲོ་གོང་འཕེལ་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།
དུས་རབས་བཅུ་གཅིག་པའི་ཚུན་དུ་ལྷ་རྒྱ་རིའི་ཁྲི་ཆེན་གསར་པ་བརྗེས་རིམ་བཞིན་བདུན་པའི་ནང་ལྷ་རྒྱ་རིས་འཕྱོངས་རྒྱས་འཇུ་གྲོང་ཚོ་དེ་ཉིད་རི་བོ་བདེ་ཆེན་དགོན་པའི་ཁྲལ་གཞིས་སུ་སྤྲད་པར་བརྟེན།གྲོང་ཚོ་དེའི་ཁྲལ་པ་དུད་ཚང་བཞི་བཅུ་ཞེ་བཞིའི་དུད་ཚང་རེ་ནས་མི་རེས་བྲོ་ཁྲལ་འཇལ་དགོས་པའམ་ཁྲལ་ཞིང་ཅུང་མང་བའི་དུད་ཚང་ནས་སྐབས་འགར་མི་གཉིས་ཀྱིས་བྲོ་ཁྲལ་བསྒྲུབ་དགོས།རྒས་པོ་བསམ་འགྲུབ་ཚེ་རིང་གིས་དུས་ཡུན་རིང་བའི་ལོ་རྒྱུས་ནང་དུ་མ་གཞི་ང་ཚོས་མངའ་བདག་ཆེན་པོ་གསུམ་གྱི་བཤུ་གཞོག་གཉའ་གནོན་ཚད་མེད་མྱངས་དགོས་བྱུང་ཡོད་ཀྱང་ང་ཚོས་བྲོ་གཞས་ལ་བཅངས་བའི་བརྩེ་དུང་དང་བྲོ་གཞས་ཀྱི་སྒྱུ་རྩལ་མི་ཉམས་གོང་གཏོང་མཚམས་འཇོག་མྱོང་མེད་ཅིང་།འཇུ་བྲོ་དེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་དར་སྤེལ་བཏང་བར་བརྟེན།འཕྱོངས་རྒྱས་འཇུ་བྲོ་དེ་ད་བར་མི་ཉམས་པར་དམངས་ཁྲོད་དུ་གནས་ཐུབ་པ་བྱུང་ཡོད་ཅེས་ཟེར།
བོད་ཀྱི་ལོ་རྒྱུས་འཁོད་པ་ལྟར་ན་འཇུ་བཽ་ལ་ལོ་ངོ་༡༣༠༠ལྷག་གི་ལོ་རྒྱུས་ལྡན་ཞིང་།དུས་ཡུན་དེ་དག་ནང་ལོ་རྒྱུས་དུས་རིམ་མི་འདྲ་བ་ཁག་གསུམ་བརྒྱུད་མྱོང་ཡོད་པ་སྟེ།དུས་རབས་བརྒྱད་པ་ནས་དུས་རབས་བཅུ་གཅིག་པའི་བར་དུ་འཕྱོངས་རྒྱས་ཕྱིང་དབར་སྟག་རྩེ་ཕོ་བྲང་དང་བསམ་ཡས་དགོན་པ་སོགས་སུ་བྲོ་འཁྲབ་པའི་ལོ་རྒྱུས་ཡོད་པ་དང་།དུས་རབས་བཅུ་གཉིས་པ་ནས་བཅུ་བདུན་པའི་བར་དུ་ཕོ་བྲང་ལྷ་རྒྱ་རིར་བྲོ་འཁྲབ་སྟོན་བྱས་པའི་ལོ་རྒྱུས་ཡོད་པ།དུས་རབས་བཅུ་བདུན་པ་ནས་དུས་རབས་ཉི་ཤུ་པའི་བར་དུ་འཕྱོངས་རྒྱས་རི་བོ་བདེ་ཆེན་དགོན་པར་འཁྲབ་པའི་ལོ་རྒྱུས་ལྡན་ཡོད།འཇུ་བྲོ་དེ་ཕོ་བྲང་ལྷ་རྒྱ་རིར་བྲོ་ཁྲལ་བསྒྲུབ་དགོས་པའི་རྐྱེན་ཆུ་གསུམ་དང་ཟངས་རི་སོགས་ཁུལ་དུ་འཇུ་བྲོ་ལས་མཆེད་པའི་བྲོ་འཁྲབ་མཁན་ཁག་བཞི་ཡོད་པ་སྟེ། ཆུ་མདོ་རྒྱང་གི་བྲོ་དང་གོང་ཁང་གསར་གྱི་བྲོ། བྱང་ཐང་གི་བྲོ། རོང་ཤང་གི་བྲོ་བཅས་བཞིར་མཆེད་ཡོད་པ་དེ་དག་གི་འཁྲབ་སྟངས་ཉམས་འགྱུར་སྤྱིར་ན་གཅིག་པ་ཡིན་ཞིང་། དུས་རབས་བརྒྱད་པའི་ནང་བསམ་ཡས་དགོན་པ་བཞེངས་པའི་སྐབས་ཀྱི་ངལ་རྩོལ་རྣམ་པ་ནང་དོན་དུ་བྱས་པ་ཤ་སྟག་ཡིན།ཡིན་ནའང་འཇུ་བྲོ་ལ་གཞན་དང་མི་འདྲ་བའི་ས་ཁོངས་རིག་གནས་ཀྱི་ཤུགས་རྐྱེན་ཕོག་པ་ལས་དམིགས་བསལ་གྱི་ཉམས་འགྱུར་ཞིག་ཆགས་ནས་གོང་འཁོད་བྲོ་དེ་དག་དང་མི་འདྲ་བའི་ས་མང་པོ་ཡོད་ཁར།འཇུ་བྲོའི་ནང་དུ་གནའ་རབས་ཡར་ཀླུང་རིག་གནས་ཀྱི་དམངས་སྲོལ་གོམས་གཤིས་མང་པོ་ཞིག་འདུས་ཡོད་པས་ལྟད་མོ་བས་ཤིན་ཏུ་དགའ་པོ་བྱེད་པ་ཡིན། །
                འཇུ་བྲོ་དུམ་བུ་གཉིས་ལ་དབྱེ་ཡོད།
འཇུ་བྲོའི་འགྱིང་སྟབས་བློ་གཤོག་ཆེ་ཞིང་།ཨ་ར་བས་གཞུང་སྲོང་བ་དང་རྔ་པས་ངག་ནས་འདོན་པའི་རྣམ་པ་རིགས་གཉིས་ཐོག་ནས་ནང་དོན་མཚོན་ཐབས་བྱེད་ཅིང་།གཞང་དོན་དངོས་ལ་ནང་དོན་ཁག་དྲུག་ཙམ་ཡོད་པ་སྟེ།གཅིག་ནི་དཔའ་བོ་གེ་སར་དམག་ནས་ལོག་ཏེ་སེང་ལྕམ་འབྲུག་མོ་གར་སོང་མེད་པ་མཐོང་སྐབས་བྲོ་བ་སྒྲིག་འཛུགས་ཀྱི་ས་རང་ངོ་མས་གླུ་ཚིག་བརྩམས་ནས་སེང་ལྕམ་འབྲུག་མོ་གང་སར་བཙལ་བའི་སྒྲུང་གཏམ་དང་།གཉིས་པ་ནི་བོད་རིགས་དམངས་ཁྲོད་ཀྱི་སྤྱང་གྲུང་ལྡན་པའི་མི་སྣ་ཨ་ཁུ་སྟོན་པས་བྲོ་འཁྲབ་ནས་བུ་ལོ་སྤྲད་པ་སྟེ།གྲོའི་ཚབ་ལ་བྲོ་སྤྲད་པའི་སྒྲུང་གཏམ་དང་།གསུམ་པ་ནི་བཀའ་བརྒྱུད་ཀྱི་བླ་ཆེན་ཐང་སྟོང་རྒྱལ་པོས་བྲོ་པ་གླུ་མ་སྒྲིག་འཛུགས་ཀྱིས་ས་ཕྱོགས་གང་སར་འཁྲབ་སྟོན་བྱས་ནས་བསོད་སྙོམས་ཞུས་ཏེ་ལྕགས་ཟམ་བཏབ་པའི་སྒྲུང་གཏམ་དང་།བཞི་པ་ནི་བཞིན་བཟང་མ་ཟླ་བ་སྒྲོལ་མའི་བྱས་རྗེས་སྟེ།ཤོད་རྒྱུན་དུ་ལྔ་པ་ཆེན་པོས་གུ་ཤྲི་ཧན་གྱི་དམག་ཤུགས་ལ་བརྟེན་ནས་བོད་གཅིག་གྱུར་བཟོས་ཏེ་དགའ་ལྡན་ཕོ་བྲང་སྲིད་དབང་བཙུགས་རྗེས།ས་ཆ་ཁག་ལ་ལས་ཁྲལ་བསྐུལ་ནས་ཕོ་བྲང་པོ་ཏ་ལ་རྒྱ་སྐྱེད་དང་།ཀླུ་དང་འཛུགས་སྐྲུན་བྱས།སྐབས་དེ་འཕྱོངས་རྒྱས་ཟླ་བ་སྒྲོལ་མ་ཡང་ལྷ་སར་ལས་ཁྲལ་བསྒྲུབ་པར་འགྲོ་དགོས་བྱུང་ཞིང་།ཞིབ་ཕྲའི་ལས་ཁ་ནི་ཀླུ་ཁང་ནང་གི་འདམ་རྩ་བརྔ་རྒྱུདེ་ཡིན།ལོ་ན་ཕྲ་བའི་ན་ཆུང་བུ་མོ་ཞིག་ཉིན་ཧྲིལ་པོ་འདམ་པའི་ནང་དུ་བཟོད་ཐབས་བྲལ་བའི་དཀའ་སྡུག་མྱངས་དགོས་བྱུང་བས་རང་གི་ཉམས་ཐག་འཚོ་བ་གླུ་རུ་དྲངས་ནས་སྐད་གསང་མཐོན་པོ་བླངས། དེའི་ཁྲོད་ནས་གླུ་གཅིག་གི་ཚིག་ནི་འདི་ལྟར་སྟེ། ང་ཚོ་འཕྱོངས་རྒྱས་ཞོལ་བའི་མི་ཡིན་ལ། ཏཱ་ལ་སྐུ་ཕྲེང་ལྔ་པའི་ཕ་ཡུལ་གྱི་མི་ཡིན། རྫ་གོག་ནང་སྒོག་པ་འདེབས་མཁན་མི་ཡིན། ལག་གཉིས་ལ་བརྟེན་ནས་འཚོ་གནས་བྱེད་མཁན་གྱི་མི་ཡིན། རྒྱ་མཐོངས་ལ་བརྟེན་ནས་ཉི་མ་བསྲོ་བའི་མི་ཡིན་ཟེར། ཡ་ང་བའི་གཞས་དེ་པོ་ཏ་ལར་བཞུགས་པའི་རྒྱལ་བ་ལྔ་པས་གསན་རྗེས་ཕ་ཡུལ་གཅིག་པའི་མི་རྣམས་ལ་གདུང་སེམས་ཆེན་པོ་སྐྱེས་ཁར་འཕྱོངས་རྒྱས་ཞོལ་གྲོང་གི་ཁྲལ་རྩ་ཆག་བཏང་།དམངས་གཙོའི་བཅོས་བསྒྱུར་མ་བཏང་བར་དུ་བོད་ས་གནས་སྲིད་གཞུང་གི་ཁྲལ་ཡིན་ཕྱིན།འཕྱོངས་རྒྱས་ཞོལ་གྲོང་ལ་ཁྲལ་སྒྲུབ་མི་དགོས་པའི་དབང་ཆ་ལྡན་ཡོད།ལྔ་པ་ནི་བྲོ་གཞས་རྒྱག་མཁན་གནས་ཡུལ་ས་ཆ་དེའི་ཡུལ་སྲོལ་དང་གྲགས་ཅན་གནས་ཀྱི་སྒྲུང་གཏམ་སོགས་ཡིན།དྲུག་པ་ནི་འཇུ་བྲོའི་ནང་དོན་མང་ཞིག་ནི་དུས་རབས་བརྒྱད་པའི་དུས་དཀྱིལ་དུ་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བསམ་ཡས་དགོན་པ་བཞེངས་བའི་སྐོར་གྱི་སྒྲུང་གཏམ་ཡིན།
  འཇུ་བྲོ་འཁྲབ་སྟོན་བྱེད་སྐབས་རུ་སྟར་ཕན་ཚུན་སྤེལ་བདེ་བའི་ཆེད་དུ་སྤྱིར་ན་འཁྲབ་མཁན་མི་གྲངས་དེ་ཆ་གྲངས་ཡིན་པ་དང་། འཁྲབ་ཚན་གོག་མར་འགོ་འཛུགས་སྐབས་བྲོ་དཔོན་གྱིས་ལུ་ལ་ལྤགས་ཚགས་ལྟེབ་གྱོན་བརྒྱབ་པ་ད་མགོ་བོའི་སྟེང་དུ་འབག་བཞག་ནས་དོན་པ་དང་།ལག་ཏུ་མདའ་དར་ཁྱེར་ནས་དབུས་སུ་ལངས་ཏེ་རུ་སྟར་དང་རྔ་རྡུང་རྒྱུར་བཀོད་འདོམས་ཁྱེར་བྱས་ཤིང་།ཐ་ན་སྐད་གདངས་ཆེན་པོས་གཅིག གསུམ། ལྔ། བདུན། དགུ་ཞེས་རྔ་བརྡུང་རྒྱུའི་གྲངས་དང་མཚམས་ཚིག་བཀོད་འདོམས་བྱེད་ཡོད། 
  འཇུ་བྲོ་ལ་བསྡོམས་པས་བྲོ་དུམ་བུ་བཅུ་གཉིས་ཡོད་པ་སྟེ། དུམ་བུ་དང་པོ་ནི་རྒྱལ་སྟོད་ཁྲོམ། ཁྲོམ་པའི་མི། གཟིགས་མོ་གཟིགས་ལ་ཕེབས་ཞེས་པ་དང་། དུམ་བུ་གཉིས་པ་ནི་ཕྱག་འཚལ་མཆོད་པ། མཆོད་པ་གནམ་ལ་ཕུལ། དུམ་བུ་གསུམ་པ་ནི་སློབ་དཔོན་པདྨས་བྲག་ལ་ཕུར་བ་བརྒྱབ། དུམ་བུ་བཞི་པ་ནི་ཕོ་རོག་རྡོ་རྗེའི་འགྲོས། བྲག་ལ་ཕུར་བ་བརྒྱབ། དུམ་བུ་ལྔ་པ་ནི་ལྕགས་སྟག་ལོ།ལོ་མགོ་འཁོར་བའི་བྲོ།དུམ་བུ་དྲུག་པ་ནི་རྒྱལ་སྨན་སྟེང་གི་བྲོ།དུམ་བུ་བདུན་པ་ནི་སློབ་དཔོན་པདྨས་བསམ་ཡས་ཟུར་བཞི་བཞེས། དུམ་བུ་བརྒྱད་པ་ནི་ཤྭ་བ་ཕོ་གཅིག ཤྭ་བ་མོ་གཉིས། དུམ་བུ་དགུ་པ་ནི་སློབ་དཔོན་པདྨས་ས་ཕྱགས་རྡོ་བརྟུལ། དུམ་བུ་བཅུ་པ་ནི་ཨ་བ་ནེ་ཙོ། ནེ་ཙོ་ཅན་གྱི་བྲོ། དུམ་བུ་བཅུ་གཅིག་པ་ནི་སེང་གེས་གྲགས་གངས་རིར་གཡུ་རལ་ངོམས་པའི་བྲོ། དུམ་བུ་བཅུ་གཉིས་པ་ནི་རྒྱལ་སྟོད་ཁྲོམ། ཁྲོམ་པའི་མི། གདན་ལ་ཞུགས་བཅས་སོ། །
གོང་གསལ་དུམ་བུ་དེ་དག་ལས་དུམ་བུ་བཞི་པ་དང་བརྒྱད་པ།བཅུ་པ་བཅུ་གཅིག་སོགས་ནི་སྲོག་ཆགས་ཀྱི་སྟངས་སྟབས་ལ་ལད་ཟློས་བྱས་ནས་བཟོས་པ་ཞིག་ཡིན།གཞན་ཡང་འཇུ་བྲོ་ནི་བོད་ཀྱི་ས་ཆ་གཞན་གྱི་བྲོ་དང་མི་འདྲ་བར་དུམ་བུ་སོ་སོར་ནང་དོན་མི་འདྲ་བ་རེ་ལྡན་ཡོད་པ་དེའི་ཐོག་ནས་མི་ཚོས་ཐད་ཀར་ཡར་ཀླུང་བུ་ཕྲུག་གི་སྤྲོ་སེམས་འཁོལ་པོ་དང་ལག་གཤོག་ཆེན་པོ། འཚོ་བར་དགའ་ཞེན་བཅས་ཀྱི་སྲོལ་བཟང་མཐོང་ཐུབ་ནས་ང་ལ་སྒྱུ་རྩལ་གྱི་འབྱུང་ཁུངས་ནི་འཚོ་བ་ཡིན་མོད་འཚོ་བ་ལས་སྔར་བས་ཕུན་སུམ་ཚོགས་པའི་མྱོང་ཚོར་བསྐྱར་མ་ཞིག་བྱུང་ངོ་། །
འཇུ་བྲོའི་སྐྲ་གཡུག་སྟངས་དང་རྔ་རྡུང་སྟངས་མི་འདྲ་བ་ཁག་གཅིག་ཡོད་པ་སྟེ།གཅིགསྐྲ་གཡུག་སྟངས་ཀྱི་ཁ་ཕྱོགས་གཞན་དང་མི་འདྲ་བ་ཡོད་པ་སྟེ།སྤྱིར་ན་རྔ་པའི་སྐྲ་གཡུག་པའི་ཁ་ཕྱོགས་ནི་མདུན་རྒྱབ་གཡོན་གཡས་ཀྱི་གོ་རིམ་ལྟར་ཡིན་ཞིང་།སྣེ་གདོང་དང་གྲ་ནང་།གོང་དཀར་སོགས་ཀྱི་བྲོ་པས་གཙོ་བོ་གཟུགས་ལྟར་སྐྲ་གཡུག་གཡུག་གཏོང་མོད།ཡིན་ནའང་འཇུ་བྲོ་པས་གཡས་གཡོན་ཀྱི་མདུན་ངོས་སུ་བསྟུད་མར་ལན་གསུམ་གཡུག་པ་དེ་གཙོ་བོ་ཡིན། གཉིས། རྔ་དབྱུག་བེད་སྤྱོད་བྱེད་སྟངས་མི་འདྲ་བ་སྟེ། ཡུལ་གཞན་གྱི་བྲོ་པས་གཡས་སུ་མཆོངས་ནས་བསྐོར་བ་ཕྱིར་བསྐོར་བ་ཕྱིར་བསྐོར་རྗེས་ལག་པ་གཡས་གཡོན་གཡས་ཀྱི་གོ་རིམ་ལྟར་རྔ་རྡུང་མོད།འཇུའི་རྔ་པ་གཡས་སུ་མཆོངས་ནས་བསྐོར་བ་ཕྱིར་བསྐོར་སྐབས་སུ་ལག་གཡོན་མས་བསྟུད་མར་རྔ་ལན་གསུམ་བརྡུངས་པ་དང་། མཛུམ་མོས་རྔ་དབྱུག་གཡས་སྐོར་ལན་གསུམ་རྒྱག་ཡོད། གསུམ་ཐོག་མའི་རྔ་བརྡུང་སྟངས་མི་འདྲ་བ་བ་ཡོད་པ་སྟེ། འཇུའི་རྔ་པས་ཐོག་མར་རྔ་བརྡུངས་སྐབས་རྐང་པ་གཡས་པ་དེ་གཡས་ངོས་ཀྱི་རྒྱབ་ཏུ་སྤོ་བ་དང་ལག་པ་གཡས་པས་རྔ་དབྱུག་གཡས་ངོས་སུ་བསྐོར་བ་ལན་གསུམ་རྒྱག་པ་དང་སྦྲགས། ལག་གཡོན་མས་རྔ་ལ་བསྟུན་ནས་མར་ལན་གསུམ་རྒྱག་པ་དང་སྦྲགས། ལག་གཡོན་མས་རྔ་ལ་བསྟུན་མར་ལན་གསུམ་གཞུ་བ་ཡིན།རྔ་པས་གཡས་སུ་མཆོངས་ནས་ཕྱི་བསྐོར་རྒྱག་པའི་རྨང་གཞིའི་འཁྲབ་སྐབས་ཟང་ཟིང་དུ་འགྱུར་བའི་སྐྲ་དང་ལྟེབ་ཁ་མང་པའི་སྨད་གཡོགས། དེ་བཞིན་ལྷབ་ལྷུབ་ཏུ་གཡོ་བའི་དར་ལྕེ། བསྐོར་བ་རྒྱག་པའི་རྔ་དབྱུག   དེ་བཞིན་ཤིག་ཤིག་ཤིག་ཅེས་གྲགས་པའི་གཡེར་ཁ་བཅས་མཉམ་དུ་འབུར་གཟུགས་ཅན་གྱི་ཞབས་བྲོའི་སྟངས་སྟབས་ཤིག་མངོན་པས་སྐྱེ་བོ་ཀུན་གྱིས་གནའ་ཉམས་ལྡན་ལ་རྔམ་བརྗིད་ཀྱིས་ཁེངས་པའི་སྒྱུ་རྩལ་གྱི་མཛེས་རྩལ་གྱི་མཛེས་ཆོས་ལོངས་སྤྱོད་བྱེད་ཐུབ། བཞི། ཨ་ར་བའི་འཁྲབ་གཞུང་མི་འདྲ་བ་ཡོད་པ་སྟེ།བྲོ་པ་མང་ཆེ་བའི་ཨ་ར་བས་ཐིག་རལ་བརགས་ཡོད་སྟབས་སྤྱེར་བཏང་གཡོན་ནས་གཡས་སུ་བསྐོར་བ་རྒྱག་པ་གཙོ་བོ་ཡིན་མོད།འཕྱོངས་རྒྱས་འཇུ་བྲོ་ཨ་ར་བས་གནའ་བོའི་དམངས་ཁྲོད་ཞབས་བྲོ་སྒོར་གཞད་དང་གཞས་ཆེན་སོགས་འཁྲབ་སྐབས་གོང་འཁོད་བསྐོར་བ་དེ་རྒྱག་གི་མེད་པས་ཐིག་རལ་འདོགས་སྲོལ་མེད།
བྲོ་པའི་གྱོན་ཆས་བབ་ཆགས་ཤིང་ལྷབ་ལྷུབ་ཏུ་གཡོ་བདེ་བའི་ཁྱད་ཆོས་ལྡན།
སྤྱིར་ན་རྔ་པས་ཞྭ་སྒོར་གྱོན་ཞིང་སྐྲ་ལ་ལྕང་ལོ་གཅིག་རང་བསླས་པ་དང་།ཕུ་ཐུང་རིང་བའི་སྟོད་ཐུང་ནང་འཇམ་གཅིག་དང་ཕུ་མེད་གཅིག་སྨད་གཡོགས་ལ་ལྟེབ་ཁ་མང་པོ་སྨད་གཡོག ལུས་རྒྱབ་ཏུ་དར་ཚོན་སྣ་ལྔའི་ཁ་བཏགས་སམ་ཡང་ན་གྲུའུ་ཙེ་ལྷེབ་མ། སྐེད་པར་གཡེར་ཁ་བསྐོར་བ་གཅིག་དང་གཡོན་ངོས་སུ་རྔ་ལེབ།ལག་ཏུ་རྒོད་པོའི་སྤུ་གྲོ་ཅན་གྱི་རྔ་དབྱུག་བཅས་ཡོད།ཨ་ར་བའི་གྱོན་ཆས་ནི་སྤྱིར་ན་མགོ་བོར་ར་ལུག་གི་པགས་པ་ལས་བཟོས་པའི་འབག་དཀར་པོ་དང་སྟོད་ལ་ནང་འཇམ་ཕུ་རིང་དང་ཕུ་མེད་ཚོས་གཞི་ནག་པོ།སྨད་གཡོག་ལ་དོར་མ་ལྷབ་ལྷུབ་རྟ་ལྷུག་ཅེས་པ།སྐེད་པར་སྤུ་དཀར་ནག་ལས་བསླས་པའི་ཐིག་རལ།ལག་གཡོན་མར་སྤྱིར་ན་ཁྲུ་གསུམ་ཙམ་ཡོད་པའི་བྲོ་དབྱུགལག་གཡས་པར་དར་ཚོན་སྣ་ལྔས་བརྒྱན་པའི་མདའ་དར།ལག་གཡས་པའི་མཐེ་བོང་ལ་ཤ་ཀྲད།ལྷམ་གར་ལྷམ་བཅས་དང་།གྲ་ནང་སོགས་ཀྱི་བྲོ་པའི་ཨ་ར་བས་ད་དུང་འབྲལ་སྤང་སྐུ་གཅིག་ནས་གསུམ་བར་འཁུར་བ་དང་སྐེད་པར་རིང་ཐུང་ཁྲུ་གང་ཙམ་ཡོད་པའི་གྲི་འདོགས་སྲོལ་ཡོད་ཁར། ལ་ལས་ད་དུང་སྒལ་པར་དར་ཚོན་སྣ་ལྔ་དང་སྐེད་པར་གཡེར་ཁ་འདོགས་སྲོལ་ཡོད།
འཇུ་བྲོ་པའི་གྱོན་ཆས་ཐད་དམིགས་བསལ་ཁྱད་ཆོས་ཁག་ལྔ་ཡོད།གཅིག་ནི་སྐྲ་ལ་ལྕང་ལོ་མི་རྒྱག་པ་སྟེ།སྐྲ་རྣམས་ལྕང་ལོ་མ་རྒྱབ་པར་ཟང་ཟིང་ངང་རྒྱབ་ངོས་སུ་དཔྱང་བ་དེ་ནི་བསམ་ཡས་དགོན་པའི་སྔ་མོའི་ལྡེབས་རིས་སུ་གསལ་བ་དང་ཡོངས་སུ་མཚུངས། གཉིས་ནི་ལྟེབ་སུལ་མང་བའི་སྨད་གཡོག་གཞན་དང་མི་འདྲ་བ་སྟེ།སྨད་གཡོག་དེ་རིགས་རྔ་པས་ཀྱང་གྱོན་ཡོད་མོད།འཕྱོངས་རྒྱས་འཇུ་བྲོ་རྔ་པའི་སྨད་གཡོག་དེ་ཤིན་ཏུ་ཚད་དང་ལྡན་པ་ཞིག་ཡིན་ཞིང་།གནའ་སྔ་མོ་ཡར་ཀླུང་ཚོ་པའི་བཙན་པོ་རིམ་བྱུང་གི་སྨད་གཡོག་དང་འདྲ་བ་དེ་བསམ་ཡས་དགོན་པའི་ལྡེབས་རིས་ལས་ར་སྤྲོད་བྱ་ཐུབ། གསུམ་ནི་སྟོད་གོས་དང་འབྲལ་སྤང་སྐུ་གཞན་དང་མི་འདྲ་བ་སྟེ། སྤྱིར་ན་རྔ་པའི་ལུས་ཐོག་ཏུ་འབྲལ་སྤང་སྐུ་འཁུར་སྲོལ་མེད།སྟོད་གོས་སྣེ་གཉིས་ལས་མེད་པ་སྟེ།གཅིག་ནི་སྟོད་ཐུང་ནང་འཇམ་ཕུ་རིང་དང་ཁ་གོན་ཕུ་མེད་གྱོན་པ་དེ་ཡིན་ཞིང་གྱོན་པ་དེ་རིགས་གྱོན་མཁན་ནི་རྒྱ་ཚ་དང་ཆུ་གསུམ།སྣ་དཀར་རྩེ་བཅས་ཡིན།གཉིས་པ་ནི་ནང་འཇམ་ཕུ་མེད་དང་སྟོད་གོས་ཕུ་ཡོད་གྱོན་སྲོལ་ཡོད་མཁན་ནི་སྣེ་གདོང་དང་ཟངས་རི།གོང་དཀར་སོགས་རྫོང་ཡིན།འཇུ་བྲོ་པའི་ལུས་ཐོག་ཏུ་འབྲལ་སྤང་སྐུ་གཟུགས་དབྱིབས་སྣ་ཚོགས་འཁུར་ཞིང་།མང་ཤོས་ཀྱིས་འབྲལ་སྤང་སྐུ་དགུ་འཁུར་ཡོད།གཞན་ཡང་བྲོ་པ་མི་རེས་སྟོད་གོས་སྣེ་གསུམ་གྱོན་ཡོད།ནང་འཇམ་ཕུ་རིང་དང་ཁ་གོན་ཕུ་མེད་ཀྱི་རྨང་གཞིའི་ཐོག་སྟོད་གོས་ཕུ་མེད་ཅིག་བསྣན་པ་མ་ཟད། ལག་གཡས་པའི་ཕུ་ཐུང་ཕུད་པ་དང་།བཞི་པ་ནི་དར་མཚོན་མི་འདྲ་བ་ཡོད་པ་སྟེ།འཇུ་བྲོའི་རྔ་པས་དར་མཚོན་གྱི་ལྷེབ་མ་བཅུ་གཉིས་ལྷེབ་མ་གཅིག་གི་སྟེང་དུ་ཕྲེད་དུ་བསྡམས་ནས་སྨད་གཡོགས་ཀྱི་སྐེད་པ་དང་སྙོམས་པར་དཔྱངས་པའི་ཁར།དེའི་སྟེང་དུ་འབྲལ་སྤང་སྐུ་འཁུར་ཡོད།འཇུ་བྲོའི་རྔ་པས་བཏགས་པའི་དར་མཚོན་ནི་ཆེ་ལ་བརྗིད་ཉམས་དང་ལྡན་པས་ལྷབ་ལྷུབ་ཏུ་གཡོ་བདེ་མོ་ཡོད།ལྔ་པ་ནི་གཡེར་ཁ་མི་འདྲ་བ་སྟེ།འཇུ་བྲོའི་རྔ་པས་གཡེར་ཁ་འདོགས་སྲོལ་ཐད་སྒྱུ་རྩལ་པ་རྒན་གྲས་ཉི་མ་ལགས་ཀྱིས་བརྗོད་པ་ལྟར་ན་ཆ་རྐྱེན་ཡོད་ཚེ་གཡེར་ཁ་བསྐོར་བ་གཉིས་འདོགས་པ་དེས་སྒྲ་གདངས་ཤིག་ཤིག་ཤིག་ཤིག་ཤིག་ཤིག་ཅེས་གྲགས་རེད་ཟེར།
           བྲོ་པས་བཤད་པའི་གཏམ་རྒྱུད།
 དགུང་ལོ༨༡སོན་པའི་སྒྱུ་རྩལ་པ་རྒན་གྲས་བློ་བཟང་གིས་ང་རང་ལོ་བཅུ་གསུམ་ལ་སླེབས་སྐབས་འཇུ་བྲོ་པའི་ནང་ཞུགས་པ་ཡིན། ལོ་ཉི་ཤུར་སླེབས་སྐབས་བྲོ་པའི་དགེ་རྒན་ཡིན་པའི་ངའི་ཨ་ཁུ་དབང་འདུས་གློ་བུར་དུ་གྲོངས་པ་དེས་བྲོའི་དགེ་རྒན་མེད་པར་འགྱུར། རི་བོ་བདེ་ཆེན་དགོན་པར་ངེས་པར་དུ་བྲོ་ཁྲལ་འཇལ་དགོས་པའི་འཇུ་བྲོ་ལ་དགེ་རྒན་མེད་པས་དོན་དེ་རི་བོ་བདེ་ཆེན་དགོན་པར་སྙན་སེང་ཞུས་པ་མ་ཟད།རི་བོ་བདེ་ཆེན་དགོན་པར་ལོ་གསུམ་རེར་དབུ་མཛད་དམ་སྡེ་པ་ཞེས་པ་གསར་འདེམས་བྱུང་བའི་མཛད་སྒོར་བྲོ་ཁྲལ་འཇལ་ཐུབ་མིན་ཐུག་ནས་དགོངས་ཞུ་དང་སྦྲགས་གསལ་བཤད་ཞུས།ཡིན་ནའང་རི་བོ་བདེ་ཆེན་དགོན་ནས་དགོངས་འཁྲོལ་མ་བྱུང་བར་བྲོ་པའི་དགེ་རྒན་གསར་པའི་འོས་མི་དགོསཟེར་།གནས་ཚུལ་དེ་འདྲའི་འོག་བྲོ་པ་དམངས་ཀྱིས་སྐབས་དེར་ལོ་ཉི་ཤུ་ཟིན་པའི་ང་རང་བྲོ་པའི་དགེ་རྒན་འོས་མིར་འདེམས་པ་མ་ཟད།རི་བོ་བདེ་ཆེན་དགོན་པར་སྙན་འབུལ་ཞུས།དེ་ལྟར་ང་རང་སྤྱི་ལོ་༡༩༨༧བར་དུ་བྲོ་པའི་དགེ་རྒན་བྱས་པ་ཡིན།ཞེས་ཟེར།༡༩༧༨ལོར་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས་ལྷོ་ཁ་ས་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གི་བཀོད་སྒྲིག་ལྟར་སྒྱུ་རྩལ་པ་རྒན་གྲས་བློ་བཟང་ལགས་ནས་གཞོན་སྐྱེས་བྲོ་པ་རྣམས་ལ་མྱུར་སྐྱོབ་ཀྱི་དོན་སྙིང་དང་ལྡན་པའི་འཇུ་བྲོ་སློབ་ཁྲིད་གནང་འདུག
ལོ་ངོ༣༡ལ་་སོན་པའི་བསྟན་འཛིན་ནི་གཞོན་སྐྱེས་བྲོ་པ་ཞིག་ཡིན་ཞིང་།འཇུ་བྲོ་མི་ཉམས་རྒྱུན་འཛིན་བྱེད་ཆེད་ཁོང་གིས་དགེ་ཕྲུག་ཁ་ཤས་ཉར་བ་མ་ཟད།ང་རིང་ཞིབ་ཚགས་ངང་ནས་མཛུབ་ཁྲིད་ད་རང་གི་བྲོའི་སྒྱུ་རྩལ་ཤེས་བྱ་རྣམས་བུམ་པ་གང་བྱོའི་ཚུལ་བཞིན་དགེ་ཕྲུག་ལ་ཁྲིད་ཡོད། ཁོང་གིས་མྱོང་ཚོར་ཟབ་མོ་ཡོད་པའི་སྒོ་ནས་འཇུ་བྲོ་སློབ་སྦྱོང་བྱེད་པར་ངང་རྒྱུད་རིང་པོ་ཡོད་དགོས། དེང་དུས་ཀྱི་གཞོན་སྐྱེས་རྣམས་ལས་དཀར་སྡུག་ཁྱད་བསད་ཀྱིས་དམངས་ཁྲོད་སྒྱུ་རྩལ་སློབ་སྦྱོང་བྱེད་མཁན་ཉུང་ཉུང་རེད།ངའི་རེ་འདུན་ཆེ་ཤོས་ནི་རྒྱུད་པ་སྟོངས་ཉེར་ཡོད་པའི་འཇུ་བྲོ་དེ་རྒྱུན་འཛིན་བྱས་ནས་མི་ཉམས་གོང་འཕེལ་བྱུང་ན་བསམ་ཅེས་ཟེར་།ད་ལམ་འཇུ་བྲོ་གཞས་འཁྲབ་མཁན་ནང་དགུང་ལོ༨༡སོན་པའི་རྒས་པོ་བློ་བཟང་དང་དགུང་ལོ༦༨སོན་པའི་རྒས་པོ་ཉི་མ་དབང་ཕྱུག་ཚུད་པའི་མི༢༠ཡོད།
  འཇུ་བྲོ་དེ༢༠༡༡ལོའི་ཀྲུང་དབྱངས་བརྙན་འཕྲིན་ལས་ཁུངས་ཀྱི་ལོ་གསར་ཚེས་བཅོ་ལྔའི་མཚན་ཚོགས་ནང་ཚུད།
བྲོའི་སྒྱུ་རྩལ་པ་རྣམས་ཀྱིས་བཤད་པ་ལྟར་ན།ཉེ་ལམ་ལོ་ཤས་ནང་འཕྱོངས་རྒྱས་རྫོང་གིས་འཇུ་བྲོ་ལ་སོགས་པའི་གཟུགས་མེད་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་གནང་ནས་མི་རྒྱུ་ནོར་སོགས་གང་ཅིའི་ཐད་ནས་རོགས་སྐྱོར་ཆེན་པོ་གནང་ཡོད་ཅིང་།སྔ་རྟིང་དུ་འཇུ་བྲོ་ཚུན་པའི་གཟུགས་མེད་རིག་གནས་ཤུལ་བཞག་སྔོགས་འདོན་ལེགས་སྒྲིག་བྱ་རྒྱུར་མ་དངུལ་སྒོར་ཁྲི༢༠ལྷག་ཙམ་བཏང་ནས་ཤོག་ཐོག་དང་གློག་རྡུལ་གྱི་ཡིག་ཚགས་བཟོས་པ་མ་ཟད། རིགས་དང་ཁུངས་སྣེ། སྒྱུ་རྩལ་པ། དེ་བཞིན་རྣམ་པ་སོགས་རྨང་གཞིར་འགྱུར་བའི་རྒྱུ་རྐྱེན་འཐུས་སྒོ་ཇེ་ཚང་དུ་བཏང་ཡོད།གཞན་ཡང་ས་ཁུལ་རིག་གནས་ཅུས་དང་ས་ཁུལ་མང་ཚོགས་སྒྱུ་རྩལ་ཁང་རིགས་གཅིག་མཁས་པ་གདན་དྲངས་ནས་འཇུ་བྲོ་པ་དང་སྤུན་བདུན་གྱི་དཀར་མོའི་ལྷ་མོ་ཚོགས་པའི་ལྷ་མོ་བ་སྦྱོང་བརྡར་བྱས་སྒྱུ་རྩལ་གྱི་རྟོགས་པ་མཐོ་བའི་དམངས་ཁྲོད་སྒྱུ་རྩལ་པ་ཁག་གཅིག་གསོ་སྐྱོང་བྱེད་ཐུབ་ཡོད། ཕྱོགས་སྣ་ཚོགས་ཀྱི་བྱ་ཐབས་རབ་དང་རིམ་པ་སྤྱད་པ་བརྒྱུད་འཇུ་བྲོ་སོགས་དམངས་ཁྲོད་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ་ཡག་པོ་བྱུང་ཡོད།
  ༢༠༠༨ལོའི་ཟླ༢པར་འཇུ་བྲོ་དེ་རང་སྐྱོང་ལྗོངས་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ཁོངས་སུ་བཅུག་པ་དང་། ༢༠༠༩ལོར་འཇུ་བྲོ་པས་བྱང་ཆུང་པའི་འཁྲབ་སྟོན་སྒྱུ་རྩལ་ལ་བརྟེན་ནས་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་གཉེར་བའི་བོད་ཀྱི་ལོ་གསར་གྱི་རིག་རྩལ་མཚན་ཚོགས་སུ་ཞུགས།ལོ་དེའི་ཟླ་བ༦པར་པེ་ཅིང་དུ་གཉེར་བའི་ཀྲུང་གོའི་མི་རིགས་དང་དམངས་ཁྲོད་ཀྱི་རྒྱུན་སྲོལ་རོལ་མོ་དང་ཞབས་བྲོའི་སྐོང་འཁྲབ་བྱེད་སྒོའི་ནང་དུ་འཇུ་བྲོ་ལ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཞབས་བྲོ་འགྲན་བསྡུར་ཆེན་མོའི་དམངས་ཁྲོད་ཞབས་བྲོའི་དངུལ་གྱི་རྟགས་མ་ཐོབ།ལོ་དེའི་ཟླ་བ་བཅུ་གཅིག་པར།རིག་གནས་པུའུ་ཡིས་ཐའེ་དབན་དུ་གཉེན་བའི་སེམས་ཁམས་ཀྱི་ཁྱིམ་གཞིས་ལ་ལྟ་བ་ཞེས་པའི་གཟུགས་མེད་རིག་གནས་ཤུལ་བཞག་ཟླ་བའི་བྱེད་སྒོ་དང་པོའི་ནང་ཞུགས། ༢༠༡༡ལོར་འཇུ་བྲོ༼བཀྲ་ཤིས་པའི་རྔ་ཉམས༽ཞེས་པ་དེ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ལོ་གསར་ཚེས་བཅོ་ལྔའི་མཚན་ཚོགས་ནང་ཞུགས་ཡོད།དེ་ནི་ཧྲང་ཧའེ་རུ་འཛམ་གླིང་དངོས་མང་འགྲེམ་སྟོན་གྱི་བོད་ཀྱི་གཟའ་འཁོར་བྱེད་སྒོའི་ནང་འཇུ་བྲོ༼ཡར་ཀླུང་གི་དཔྱིད་ཉམས༽ཞེས་པ་འཁྲབ་སྟོན་བྱས་པའི་རྗེས་རྒྱལ་ཡོངས་སུ་སླར་ཡང་འཁྲབ་སྟོན་བྱས་པ་ཞིག་ཡིན།འཇུ་བྲོ ༼ བཀྲ་ཤིས་པའི་རྔ་ཉམས ༽ཞེས་པ་དེ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ལོ་གསར་ཚེས་བཅོ་ལྔའི་མཚན་ཚོགས་ནང་ཞུགས་ཐུབ་པ་དེ་ནི་ལྷོ་ཁའི་རིག་རྩལ་ལས་རིགས་ཀྱི་བཀྲ་ཤིས་པའི་དོན་ཆེན་ཞིག་རེད་ལ། བོད་ཀྱི་རིག་གནས་བྱ་གཞག་གི་དགའ་འོས་པའི་བྱ་བ་ཞིག་ཀྱང་ཡིན། །
  ༼ རྩོམ་སྒྲིག་འགན་ཁུར་བ་ཨོ་རྒྱན་དོན་གྲུབ། ༽
 
  • ལེ་ཚན་སྔོན་མ།:མི་ཉག་ས་ཁུལ་གྱི་བྲོ་ཚིག་འགའ།
  • ལེ་ཚན་རྗེས་མ།:གནའ་བོའི་གླུ་གཞས།