སྤྲོ་གླུ།

ཨ་འཇམ་དབྱངས་ཚུལ་ཁྲིམས།        2010-08-27

གངས་དཀར་རི་བོའི་འདབས་ཀྱི།།
མཐིང་སྨུག་སྦྲ་ཆུང་ནང་ནས།།
ཐོག་མའི་དབྱངས་རྟ་བཅས་ཏེ།།
ལུས་ཀྱི་མེ་ཏོག་འཛུམ་བྱུང་།།
ཨ་མའི་ནུ་ཞོ་འཐུང་བཞིན།།
ལོ་ཟླའི་ཕྲེང་བ་རིང་མོ།།
རྨི་ལམ་ཁྲོད་ནས་བཞད་དེ།།
ལང་ཚོའི་ཁོ་ལག་རྒྱས་བྱུང་།།
དྲིན་ལྡན་འཛུམ་གྱི་ཀློང་ནས།།
སྙིང་གཏམ་བདུད་རྩི་དྭངས་མོ།།
བུ་ཆུང་སྙིང་ལ་འགྲེམ་དུས།།
སྤྲོ་སྐྱིད་གནམ་གྱིས་མ་ཟིན།།
བཀའ་དྲིན་ཡིད་ཆེས་བཅངས་ནས།།
སློབ་གླིང་ཚལ་དུ་ཞུགས་ཏེ།།
ཤེས་རིག་བདུད་རྩི་སྨན་ལ།།
ཚིམ་མེད་གཞིབ་སྐལ་ཐོབ་བྱུང་།།
ཆུང་ཆུང་བྱིས་པའི་འདུན་པར།།
ཟས་གོས་ཁོ་ནར་དམིགས་ཀྱང་།།
ལས་སྐལ་ཕྲག་གི་རྡོག་ཁྲེས།།
འདོར་འདོད་ཡེ་ནས་མ་དྲན།།
དགེ་རྒན་བཟོད་པ་རྒྱ་མཚོས།།
ལྷག་བསམ་སོར་རྩེར་བཏེགས་ཏེ།།
ས་སྨྱུག་རྡུལ་དཀར་ཁྲོད་ནས།།
རིག་པའི་བགྲོད་ལམ་བསྟན་བྱུང་།།
གནག་འཛུམ་རང་མདངས་བྲལ་བའི།།
བརྩེ་ཞེན་གཅེས་སྐྱོང་འོག་ནས།།
ཤེས་རིག་མངར་ཁ་རོལ་ཏེ།།
ལང་ཚོ་མཐོ་རུ་ཟིན་བྱུང་།།
སློབ་གླིང་ར་བར་སླེབས་ཏེ།།
ལོ་ལྔའི་གྲུབ་འབྲས་འགྲན་དུས།།
སྟེས་དབང་བྱ་དགའ་དང་པོ།།
ཉམ་ཆུང་བདག་ལ་ཐོབ་སོང་།།
སྨྱུག་རྩེ་གློག་ལ་འདྲེས་པའི།།
བདག་གི་སྙིང་གྲོགས་དེ་ཡིས།།
གསོན་པོའི་ངག་སྒྲོས་འཁྱེར་ནས།།
ངག་རིག་དབྱངས་ལ་བཀུག་སོང་།།
  • ལེ་ཚན་སྔོན་མ།:མི་ཉག་ཡུལ་གྱི་གཉེན་སྟོན་སྐབས་འཁྲབ་པའི་འགྲོ་བྲོ།
  • ལེ་ཚན་རྗེས་མ།:ལ་གླུ་ཅོ་ཀའི་དྲུག་འགྱུར།