ལྗོངས་རྒྱུའི་ཟིན་ཐོ།

ཤེས་རབ་བསྟན་དར།        2010-08-27

   ལྗོངས་རྒྱུའི་ཟིན་ཐོ།

ཚང་མའི་ངོས་འཛིན་ལ་ལྗོངས་རྒྱུ་ནི་སྤྲོ་གསེང་གི་ཆེད་དུ་ཡིན་ལ་མཇལ་སྐོར་བྱ་བའི་ཆེད་དུའང་ཡིན།  ཁོ་བོའི་བསམ་པར་དེ་ཙམ་དུ་མ་ཟད་ལྗོངས་རྒྱུ་ནི་ངེས་པར་དུ་གཞན་གྱི་དགེ་མཚན་ལེན་པའི་བྱེད་ཐབས་ཤིག་སྟེ་མདོར་ན་རང་གི་མཐོང་རྒྱ་བསྐྱེད་ཆེད་རེད།
གོང་རིམ་གྱིས་ནང་བསྟན་ཉམས་མྱོང་བརྗེ་རེས་དང་བསམ་བློ་བརྗེ་རེས་ཆེད་དུ་ང་རང་ནང་ལོགས་སུ་ནང་བསྟན་གསོ་སྐྱོང་འཛིན་གྲྭར་ཞུགས་དགོས་ཞེས་གོ་སྐབས་གནང་བ་བཞིན་ང་རང་དེར་སོང་ནས་རྒྱ་ནག་གི་ས་ཆའི་གནས་ཚུལ་ལ་རྒྱུས་ལོན་ཅུང་བྱ་སྙམ།
 ལ་ལས་ནང་ལོགས་སུ་སོང་དུས་ཁོ་ཚོའི་སྐྱོན་ཆ་མ་གཏོགས་མཐོང་གིན་མེད།  ཡིན་ནའང་།  ཁོ་ཚོའི་སྐྱོན་ཆ་ནི་ཁོ་ཚོའི་སྐྱོན་ཆ་ཡིན་པ་ལས་ང་ཚོའི་སྐྱོན་ཆ་ཡིན་པ་ལས་ང་ཚོའི་སྐྱོན་ཆ་མིན་པས་ཁ་ཡ་བྱེད་དོན་མེད།  ང་ཚོར་དགོས་པ་ནི་ཁོ་ཚོའི་ལེགས་ཆ་སྟེ། དེ་ཚུར་བླངས་ནས་ཇི་ལྟར་ང་རང་ཚོ་ཆ་ཚང་བར་བྱ་རྒྱུ་དེ་རེད།
ངས་དཔེ་ཆ་ཞིག་ལས་འདི་ལྟར་མཐོང་མྱོང་སྟེ།  ནུབ་ཕྱོགས་ཀྱི་ཀུང་སི་ཞིག་གིས་མི་ཞིག་མངགས་ནས་ཀྲུང་གོའི་བཟོ་གྲྭའི་གནས་ཚུལ་རྒྱུས་ལོན་བྱས།  ཁོ་ཕྱིར་སླེབས་པ་ནས་ཀྲུང་གོའི་བཟོ་གྲྭ་དག་གི་སྐྱོན་ཆའི་སྙན་ཞུ་ལྡེབ་བརྒྱ་ལྷག་བྲིས་ནས་ཕུལ་པས་ཁོ་ཀུང་སི་ལས་ཕྱིར་འཕུད།  རྒྱུ་མཚན་ནི་ཀྲུང་གོའི་བཟོ་གྲྭའི་སྐྱོན་ཆས་ཀུན་དེར་ཕན་པ་ཅི་ཡང་མི་འབྱུང་བས་ཁོ་མངགས་པའི་དགོས་པ་མ་གྲུབ་པ་རེད། འདིས་ང་ལ་བག་ཆགས་ཟབ་མོ་ཞིག་བཞག་འདུག  ཡིན་ནའང་ངས་ཀྱང་ད་རེས་རང་གི་ཁབ་མིག་ལས་མཐོང་ཐོས་དག་ཉིན་ཐོར་བྲིས་ནས་གྲོགས་པོ་དག་གི་སྤྱན་ལམ་དུ་དབུལ་འདོད་པ་ཡིན།
བདག་ཟི་ལིང་ལ་འབྱོར་རྗེས་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་བཙལ།  ང་རང་འགྲོ་ས་ནི་ཁྲུའུ་གཉིས་པ་ཡིན།  གཞུང་ལས་ཁང་དུ་ན་གཞོན་ཞིག་ཡོད་ཅིང་། ཁོས་ང་རང་མཚོ་ལྷོའི་ཀོས་ནན་གྱི་མི་ཡིན་པ་ཤེས་པས།  ཁྲུའུ་ཀྲང་གི་གཞུང་ལས་ཁང་དུ་ཁྲིད།
ཁྲུའུ་ཀྲང་བོད་རིགས་ཤིག་སྟེ་ལོ་ན་སུམ་ཅུའི་སྟོད་གྲངས་ལ་སླེབས་པ་འདྲ།  ཁོ་ང་ཚོའི་གཞི་རིམ་གྱི་ཞང་དཔོན་ལྟ་བུའི་ས་གནས་དཔོན་པོ་དག་གི་དཔོན་ཉམས་ཅི་ཡང་མེད།  ངས་དེའི་སྟེང་ནས་རིམ་པ་གོང་མའི་དཔོན་པོ་དག་གི་མཁྱེན་རྒྱ་ཤེས་ཐུབ།
ཁོས་ང་ལ་ཁྱོད་ཅུང་སྡོད།  དེ་ནས་འུ་གཉིས་མགྲོན་ཁང་དུ་འགྲོ་ཟེར་ནས་སྒོར་བུད་སོང་།  ང་ནང་དུ་ཁོམ་སོང་།  དཔེ་སྒམ་དུ་དཔེ་ཆ་གང་འདྲ་ཡོད་མེད་ལ་བལྟས་སོང་།  དཔེ་སྒམ་དུ་དཔེ་ཆ་གང་འདྲ་ཡོད་མེད་ལ་བལྟས།  <<ཀྲུང་གོའི་བོད་ཀྱི་ཤེས་རིག>>དང་<<བོད་ལྗོངས་ཞིབ་འཇུག>>སོགས་བོད་ཡིག་དཔེ་ཆ་མང་པོ་བསྟར་འདུག   ང་བོད་རིགས་ཀྱི་གཞུང་ལས་ཁང་མང་པོ་ཞིག་ཏུ་སོང་མྱོང་མོད་བོད་རིག་པར་ཞིབ་འཇུག་བྱེད་པའི་དཔེ་ཆ་འདི་རིགས་ཐོང་མ་མྱོང་བས་ཅུང་ཡ་མཚན་སྐྱེས། 
ཁོ་ཕྱིར་སླེབས་བྱུང་། ངེད་གཉིས་ཟི་ལིང་མགྲོན་ཁང་དུ་སོང་།   ལམ་ཁར་ངས་ཁོ་ལ་དཔེ་ཆ་དེ་དག་ལྟ་མཁན་ཁྱོད་ཡིན་ནམ་ཞེས་དྲིས་པར།  ཁོང་གིས་ཁྲུའུ་གཉིས་པར་ང་མ་གཏོགས་བོད་མེད།  ང་ཚོའི་མགོ་ཁྲིད་ནི་བོད་རིགས་ཤིག་ཡིན་ཟེར།
མགོ་ཁྲིད་བོད་ཡིན་ཀྱང་རུང་མིན་ཀྱང་རུང་གཙོ་བོ་བོད་ཀྱི་གནས་བབ་ལ་ཤ་ཚ་མཁན་ཞིག་ཡོད་ན་ཆོག  བོད་ཀྱི་ལས་བྱེད་པ་ལ་ལས་བོད་ཀྱི་རིག་གནས་ལ་དེ་འདྲ་དགའ་གི་མེད།  རང་གི་བྱིས་པར་རྒྱ་ཡིག་སྦྱོང་དུ་བཅུག    བྱིས་པ་དེ་དག་ནར་སོན་རྗེས་བོད་སྐད་མི་ཤེས་པ་དང་བོད་ཡིག་མི་ཤེས་པ་དེས་ཁོ་རྣམས་ལ་སྐྱོ་གདུང་ཟད་དུ་མེད་པ་ཞིག་འབྱུང་བཞིན་ཡོད་དེ།  ན་གཞོན་ཞིག་གིས་སྐྱོ་བའི་ངང་འདི་ནི་བདག་གི་སྐྱོན་ཆ་མིན་ཏེ་ཕ་མའི་སྐྱོན་ཆ་རེད།  གལ་ཏེ་ཕ་མས་བདག་བོད་ཡིག་སློབ་གྲྭར་སྐྱེལ་ཡོད་ན་ཚད་འདི་ལ་ལྷུང་དགོས་དོན་མེད་ཟེར། 
  ཕྱི་ཉིན་སྔ་མོ་ཆུ་ཚོད་ལྔ་པའི་སྟེང་མེ་འཁོར་དུ་བསྡད་ནས་ལམ་ལ་ཆས་པ་ཡིན། ཉིན་གུང་གི་ཆུ་ཚོད་བཅུ་གཅིག་ཙམ་ལ་སླེབས་རྗེས་ལན་གྲུར་སླེབས། དེ་གར་ཀན་སུའུའི་འཐབ་ཕྱོགས་གཅིག་གྱུར་པུའུའི་བསུ་མ་སླེབས་ཏེ་ཟ་ཁང་ཞིག་ཏུ་ཁྲིད།  དུས་ཚོད་བཅུ་གཉིས་དང་ཕྱེད་ཀའི་སྟེང་མེ་འཁོར་དུ་བསྡད་ནས་སླར་ཡང་ལམ་ལ་ཆས་པ་ཡིན། མེ་འཁོར་གྱི་སྒེའུ་ཁུང་ལས་བལྟས་ན་རི་ཀླུང་ཐམས་ཅད་སྔོ་ལྗང་ངེར་གྱུར་འདུག་ལ་ལོ་ཏོག་རྣམས་ཀྱང་སྙེ་མ་ཐོགས་ལ་ཉེ་བ་སྟེ་འགྲོ་རོགས་དབྱར་ཁར་ཐོན་འདུག    ང་ཚོ་ཁྲིན་ཏུའུ་སླེབས་རྗེས་སི་ཁྲོན་གྱི་མི་སྣས་བསུ་སར་སླེབས་ཤིང་མགྲོན་ཁང་དང་སྡོད་ཁང་སོགས་བཀོད་སྒྲིག་བྱས།   ཁྲེན་ཏུའུ་ནས་ང་ཚོ་ཚང་མས་རེ་བ་བྱ་ས་འཇམ་དབྱངས་གླིང་རེད།  འཇམ་དབྱངས་གླིང་ཞེས་ཀྲུང་གོའི་ནང་བསྟན་སྒོམ་སྒྲུབ་པའི་དགོན་སྡེ་བཞིའི་ནང་གི་གཅིག་སྟེ་ལོ་ཆིག་སྟོང་ལྷག་རིང་གི་ལོ་རྒྱུས་ཡོད།  ཐང་གི་དུས་རབས་སུ་འཇམ་དབྱངས་ཀྱི་སྐུ་ཞིག་སར་བབས་པ་ལས་འཇམ་དབྱངས་གླིང་ཞེས་ཟེར།  ད་བར་དུ་ལོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ཡོད་པའོ།།  རིག་གསར་གྱི་མེ་ལྕེ་དེས་བོད་ཀྱི་དགོན་སྡེ་དག་རྔམ་ཟ་བགྱིད་ནའང་འདི་ཀྲུའུ་ཙོང་ལིས་དམག་མངགས་ཏེ་སྲུང་སྐྱོབ་བྱས་པས་དགོན་འདི་ལ་གནོད་པ་ཅི་ཡང་མ་བྱུང་ཟེར།   ཡིན་ནའང་ང་ཚོའི་གངས་ལྗོངས་ལ་ཅི་ཞིག་བྱུང་ངམ།   ང་ཚོ་སྲང་ལམ་ཞིག་ནས་ནང་དུ་འཛུལ་རྗེས་དགོན་པའི་རྣམ་པ་མིག་ཏུ་ཤར་ཞིང་ང་ཚོའི་སྐྱོ་ངལ་ཡང་སེལ་སོང་།  དགོན་པའི་གྲྭ་པ་ཞིག་གིས་ང་ཚོ་མགྲོན་ཁང་དུ་བསུས་ཏེ་ཇ་དྲངས་ཤིང་དགོན་པའི་དགེ་བཤེས་ཤིག་གིས་སྤྱིར་བཏང་གི་དགོན་པའི་གནས་ཚུལ་ངོ་སྤྲོད་བྱས།  
དགོན་འདིར་གྲྭ་པ་བརྒྱ་ལྷག་ཡོད་ལ་སྔ་མོ་དུས་ཚོད་ལྔ་དང་ཕྱེད་ཀ་ནས་བདུན་དང་ཕྱེད་ཀའི་བར་ཞོགས་ཚོགས་ཡིན་ལ།  དེ་ནས་རང་རང་གི་ལས་ཀ་སྟེ་སྒོ་བྱང་འཚོང་བ་སོགས་ཀྱི་རང་ཁ་རང་གསོའི་ལས་ཀ་བྱེད།  ཉིན་རེའི་ཡོང་སྒོ་ཞིབ་ཕྲའི་ཁྲ་མར་བྱེད་ཅིང་ལས་རིགས་སུམ་ཅུ་ལྷག་ཡོད།  ཉིན་གཅིག་རེའི་སྤྱིར་བཏང་གི་ཡོང་སྒོ་སྒོར་སུམ་ཁྲི་ཡིན་ལ་རྒྱའི་ལོ་སར་སྐབས་ཉིན་རེར་སྒོར་ཁྲི་བརྒྱ་ལྷག་ཡོད།
དགོན་པ་འདི་རང་རེའི་དགོན་པ་དང་མི་འདྲ་བ་ནི་ཆེད་དུ་མགྲོན་པོ་རྣམས་སྐྱེད་ཚལ་བཀོད་སྒྲིག་བྱས་འདུག  དེར་མགྲོན་པོ་རྣམས་ཀྱིས་སོས་དལ་བག་ཡངས་ཀྱིས་ཇ་འཐུང་བཞིན་མི་ཚེའི་ལམ་ཁར་སྐད་ཅིག་མའི་ངལ་གསོ་རེ་བྱས་ཆོག   མི་ཚེའི་བྲེལ་ཟིང་གི་ལམ་ཁར་ཅུང་ཟད་བག་ཕབ་རེ་ནི་ཇི་འདྲའི་མཁོ་ཨང་།  དགོན་པ་འདིར་མཚོན་བྱེད་གལ་ཆེན་ནི་ཆི་ལེན་ཏེ་བོད་མིའི་ཤ་ར་བྷར་ངོས་བཟུང་ཆོག་སྙམ།  དེ་ནི་རང་རེས་འཆད་བཞིན་པའི་མེ་ཏོག་ཨུ་དུམ་ཝ་ར་བཞིན་སངས་རྒྱས་འཁྲུངས་དུས་སུ་སྐྱེས་པར་བཤད་ཅིང་གཙུག་ལག་ཁང་གི་མདུན་དུ་འཇོག་པའི་རྒྱུ་མཚན་ནི་མེ་དགྲ་ཞི་ཆེད་དུ་ཡིན་ཟེར།  
ངའི་མིག་ནི་འདི་འདྲའི་བཟོ་བཀོད་སྟེང་དུ་འཆོར་ལ་འདི་དག་ལ་རྒྱའི་བཟོ་བཀོད་ཀྱི་ཁྱད་ཆོས་ནི་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་མཐོ། དེས་སྔ་མ་ནང་བའི་ལུང་རྟོགས་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་བརྗིད་པ་མཚོན་ཟེར་ཞིང་བཟོ་བཀོད་རེ་རེར་ཁྱད་ཆོས་རེ་ལྡན། ལྷག་པར་རྒྱབ་ཀྱི་འཇམ་དབྱངས་ལྷ་ཁང་ནི་ཆེས་ངོ་མཚར་བ་ཞིག་སྟེ།  སུམ་ཐོག་ཡིན་ལ་དེ་ཡིས་དཀོན་མཆོག་གསུམ་མཚོན་ཟེར།  ངའི་མཐོང་ལམ་དུ་འདི་ནི་གནའ་དེང་ཟུང་འབྲེལ་གྱི་སྒྱུ་རྩལ་གྱི་ལམ་ནས་བཞེངས་པ་ཞིག་སྟེ་བཤད་པ་ལྟར་ན་འདིའི་དྲ་མིག་ལ་དཔེ་བླངས་ནས་བཞེངས་པས་འདྲ་བ་གཅིག་ཀྱང་མེད་ལ།  ཐོག་ཁང་དུ་འཇམ་དབྱངས་ཕྱག་བཞི་བའི་བླ་མ་ཆེན་པོ་གསུམ་ཡོད་པ་ཏུན་ཧོང་གི་ལྡེབས་རིས་ལ་དཔེར་བལྟས་ནས་བཞེངས་འདུག  
  འགྲུལ་བཞུད་ནི་འགྲུལ་བཞུད་དེ་སྐད་ཅིག་མ་ཙམ་རེད། སྐད་ཅིག་མ་འདིར་རོལ་རྗེས་ང་ཚོ་རླངས་འཁོར་ལ་བསྡད་ནས་ཕྱིར་མགྲོན་ཁང་དུ་བསྙེགས།  མདུན་དུ་བསྙེགས་པ་ནི་ངལ་གསོ་ཞིག་དང་ཞག་གཅིག་གི་གནས་མལ་གྱི་ཆེད་དུ་རེད།
 
  • ལེ་ཚན་སྔོན་མ།: ལྗོངས་རྒྱུའི་ཟིན་ཐོ།
  • ལེ་ཚན་རྗེས་མ།:ལྷ་སའི་བར་སྐོར་ལམ་གྱི་མཐོང་ཐོས།
  • དོ་སྣང་ཆེ་བའི་རྩོམ།