ཁམས་པའི་ཞབས་བྲོ།

ངག་དབང་ཚེ་རིང་།        2012-03-21

ཁམས་པའི་ཞབས་བྲོ།

ཞབས་བྲོ་ནི་ཁམས་ཕྱོགས་སུ་དར་ཁྱབ་ཆེ་བའི་སྒྱུ་རྩལ་རིགས་ཤིག་ཡིན་ཡུལ་ཁམས་སོ་སོར་ཞབས་བྲོའི་རྣམ་གྲངས་མང་པོ་དར་ཡོད་པ་མ་ཟད།དེ་ཚོ་རང་རང་གི་ཁྱད་ཆོས་དང་འཁྲབ་སྟངས་ཀྱི་སྒོ་ནས་རྣམ་གྲངས་དུ་མ་ཞིག་ཏུ་བྱེ་ཡོད་དེ།
དཔེར་ན།བྲོ་དང་གཞས།འབའ་གཞས།རས་པ།རས་གཞས།གོ་བ་བཅས་ལྟ་བུའོ།
བྲོའི་འཁྲབ་སྟངས་ནི་ཧ་ཅང་དལ་ཞིང་གདངས་ནི་ཤིན་ཏུ་རྔམ་བརྗིད་ཆེ་བས་བྲོའི་འཁྲབ་སྟངས་ནི་ཐང་དཀར་འཕུར་སྟངས་དང་འབབ་སྟངས་ལ་དཔེ་བལྟས་ནས་བརྩམས་པ་རེད་ཅེས་བཤད་སྲོལ་ཡོད།བྲོའི་ནང་གསེས་སུ་སྡེ་དགེའི་བྲོ་དང་ཆབ་མདོའི་བྲོ།ནང་ཆེན་བྲོ།ལབ་ཀྱི་བྲོ།གླུ་ཡུལ་བྲོ།སེང་ཟེའི་བྲོ་སོགས་ཡུལ་སྡེའི་མིང་སྦྱར་ནས་ཁག་འདྲ་མིན་མང་པོ་ན་གྱེས་ཡོད།བྲོ་དེ་དག་གི་ཁྱད་ཆོས་མི་འདྲ་སྟེ།དཔེར་ན་སེང་ཟེའི་བྲོ་ནི་མིང་དུ་གྲགས་པའི་རྒྱ་ནག་མ་ཎི་རྡོ་འབུམ་ཐོག་མར་རྨང་གཞི་བཞེངས་མཁན་ཁམས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་སྟེ་རྒྱ་ནག་སྐུ་ཕྲེང་དང་པོ་བྱང་ཆུབ་འཕགས་དབང་མཆོག་གིས་སྐུ་དངོས་སུ་རྩོམ་གནང་མཛད་པ་ཡིན།དེའི་ཁྱད་ཆོས་ནི་ཉམས་བརྗིད་ལྡན་ལ་ནང་དོན་ཟབ་པ་དང་བྲོ་ཚིག་རྒྱ་ནག་མ་ཎི་དང་འབྲེལ་ཡོད་པས་སྐྱེས་པ་ཁོ་ན་མ་གཏོགས་བུད་མེད་ཀྱིས་འཁྲབ་པའི་སྲོལ་མེད། གཞས་ནི་སྤྲོ་བའི་ཉམས་དང་ལྡན་པའི་སྐོར་བྲོ་ཞིག་ཡིན།དེའི་ཁྱད་ཆོས་ནི་སྐྱེས་ཕོ་མོ་མེད་པ་དང་རྒན་དར་གཞོན་མེད་པར་ཚང་མས་མཉམ་དུ་འཁྲབ་ཆོག འཁྲབ་ཁར་སྐྱེས་པ་ཕྲེང་གཅིག་ཏུ་བསྒྲིགས་པ་དང་བུད་མེད་ཕྲེང་གཅིག་ཏུ་བསྒྲིགས་ནས་གཞས་དཔོན་གྱི་ངག་ལ་འཁྲིས་ནས་ཚང་མས་ངག་ལེན་ཞིང་འཁྲབ་པའོ།གཞས་ལ་འགོ་རྔ་ཆ་ཚང་ཡོད།འགོ་རྩོམ་སྐབས་ཆང་མཆོད་དང་ཁ་བཏགས་འབུལ་བ་སོགས་ཡོད།གཞས་ཀྱི་གཞུང་ལ་གངས་ལྗོངས་ཡུལ་གྱི་རང་ཉིད་ཀྱི་གནས་མཆོག་དང་རང་ཉིད་ཀྱི་ཕ་ཡུལ།བདེ་སྐྱིད་ཀྱི་འཚོ་བ་ལ་སོགས་པར་བསྟོད་པ་འབུལ་བའི་ནང་དོན་ཕུན་སུམ་ཚོགས་པ་ཡོད།མཇུག་རྫོགས་སྐབས་བཀྲ་ཤིས་འཇོག་ཅིང་།རྒྱལ་ཁམས་རྒྱས་པར་ཡོང་བ་དང་ལོ་ལེགས་བྱུང་བ་མི་ཕྱུགས་ཀུན་ལ་བར་ཆད་མི་ཡོང་བའི་ཕྱྭ་གཡང་འབོད་པ་སོགས་ཀྱི་ནང་དོན་ཡོད།མཇུག་རྫོགས་པར་ཉེ་ཚེ།གཞས་གདངས་ཇེ་མགྱོགས་དང་འགྱུར་སྟངས་ཇེ་མང་འཁྲབ་སྟངས་ཇེ་དཀའ།རྐང་ལག་ཇེ་མྱུར་དུ་འགྲོ་སྲིད་ཅིང་ལྟད་མོ་བ་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག
རས་པ་ནི་ཆབ་མདོ་དང་ནང་ཆེན་ས་ཆར་དར་ཁྱབ་ཆེ་བའི་ཞབས་བྲོ་ཞིག་དང་།དེ་ནི་རྔ་སྒྲ་དང་བསྒྲིགས་ནས་འཁྲབ་པ་ཡིན།རས་པ་ལ་གཏན་ཁེལ་གྱི་འཁྲབ་ཆས་སྟེ་རྔ་དང་གཤང་།ཚོས་དམར་པོས་བཙོས་པའི་རྔ་མ།གཡག་རྩིད་དཀར་ནག་གིས་ཁྲ་སྡེབས་ནས་སླས་པའི་ལན་བུ་ཅན་གྱི་སྐེད་རགས་བཅས་ཡོད་སྐྱེས་པ་རྣམས་ཀྱིས་ལུས་ལ་རྒྱན་ཆ་སྤུད་ཅིང་སྐེད་ལ་སྐེ་རགས་དེ་རིགས་བཅིངས་པ་དང་ལག་གཡས་གཡོན་དུ་གཤང་དང་།རྔ་མ་དམར་པོ་ཆུན་བུ་རེ་བཟུང་ནས་འཁྲབ་སྐྱེས་མ་རྣམས་ཀྱིས་ལག་རྔ་བརྡུངས།གར་སྟབས་སྒེག་ཅིང་མྱུར་བ་དང་།སྤྲོ་སྣང་གི་རྣམ་པས་ཁེངས་པས་ལྟད་མོ་བ་རྣམས་ཀྱིས་དགའ་བསུ་བྱེད་ཅིང་བསྔགས་པའི་དྲིལ་དཀྲོལ།
རས་གཞས་ནི་འགྲོ་བ་མི་ཡི་རྒྱུན་ལྡན་འཚོ་བ་དང་ཐོན་སྐྱེད་ལ་ལད་མོ་བྱེད་པའི་ཞབས་བྲོ་ཞིག་དང་།དེའི་ཁྱད་ཆོས་ནི་རོལ་དབྱངས་སྙན་ཞིང་གར་སྟབས་འགའ་ཤས་ནི་དགོད་བྲོ་བ་ཞིག་ཡིན།རྒྱུན་པར་རས་པ་དང་བསྡེབས་ནས་འཁྲབ་པའོ།།
འབའ་གཞས་ནི་འབའ་ཐང་དང་དཀར་མཛེས་ས་ཆར་དར་ཁྱབ་ཆེ་བའི་ཞབས་བྲོ་ཞིག་རེད།དེའི་ཁྱད་ཆོས་ནི་སྐྱེས་པ་མང་པོས་མཉམ་དུ་སྒྲ་སྙན་དཀྲོལ་ནས་འཁྲབ་པ་དང་ཡང་ན་སྐྱེས་པ་གཅིག་གིས་སྒྲ་སྙན་དཀྲོལ་ནས་འཁྲབ།འཁྲབ་སྟངས་ཡང་ཧ་ཅང་དལ་མོ་ཡིན།སྐྱེས་པ་དང་སྐྱེས་མས་མཉམ་དུ་འཁྲབ་དུས་འཁྲབ་མཁན་ཚང་མ་ལག་གདང་སྦྲེལ་ནས་སྒྲ་སྙན་གྱི་སྐད་དང་བསྒྲིགས་ཏེ་འཁྲབ་སྲོལ་ཡོད།
གོ་བ་ནི་སྒ་སྐྱེ་རྒུ་མདོར་དར་བའི་ཞབས་བྲོ་ཞིག་ཡིན།དེའི་ཁྱད་ཆོས་ནི་གཞས་དང་བྲོ།རས་པ་སོགས་དང་ཡེ་ནས་མི་འདྲ་འཁྲབ་སྟངས་གཟབ་ཅིང་ནན་པ་དང་གནའ་བོའི་དམག་གི་བག་ཆགས་རང་བཞིན་མཚོན།གོ་བ་འཁྲབ་མཁན་རྣམས་ཀྱིས་ལུས་ལ་གཟབ་མཆོར་སྤྲས་ཤིང་མགུལ་ལ་རིན་པོ་ཆེའི་རྒྱན་ཆ་བཏགས་པ་དང་མགོ་ལ་གྱ་ལ་མནབས་པ།ལག་གཡས་གཡོན་དུ་རལ་གྲི་དང་གཞུ་བཟུང་ཞིང་རུ་བསྒྲིགས་ནས་འཆམ་རའི་ནང་དུ་སླེབས།གོ་དཔོན་གྱིས་སྐྱེས་ལྷ་གཞི་བདག་དང་ཕ་ཡུལ་གྱི་རུ་ཀླུང་ལ་བསྟོད་ར་བྱེད་པའི་གོ་གླུ་བླངས་ཚར་རྗེས།རྒྱ་གླིང་གི་རོལ་དབྱངས་དང་སྦུབ་ཆལ་གྱི་སྒྲ་དང་བལ་གྱི་བརྗིད་ཉམས་ལྡན་པའི་སྒོ་ནས་གོར་བྱས་ཏེ་དལ་གྱིས་འཁྲབ་པ་རེད།འཁྲབ་ཚན་གཅིག་འཁྲབ་རྗེས་འཁྲབ་མཁན་རྣམས་སྔར་བཞིན་ཀྲོང་ངེར་འགྱིང་པའི་ཚུལ་ནི་གཡུལ་ལས་རྣམ་པར་རྒྱལ་བའི་དཔའ་བོའི་བརྗིད་ཉམས་བསྟན་པ་ཡིན་ནོ།།
 དཀོན་རྡོར་གྱིས་པར་བླངས།
  • ལེ་ཚན་སྔོན་མ།:གུ་གེའི་ལྡེབས་རིས་ལས་མངོན་པའི་ནང་མའི་ཞབས་བྲོ།
  • ལེ་ཚན་རྗེས་མ།:མི་ཉག་ས་ཁུལ་གྱི་བྲོ་ཚིག་འགའ།